མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།"མི་གཤིས་དབང་ཆ"སྲུང་སྐྱོང་བྱ་རྒྱུ་སྙན་སྒྲོན་ནང་བཀོད་པ་ལས་མི་དམངས་གོང་བཀུར་གྱི་
སྲིད་འཛིན་འདུ་ཤེས་མངོན་པ། 

གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 10ཚེས་24ཉིན། 11:00】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

           མི་དམངས་དྲ་བའི་འཕྲིན། ཚོགས་ཆེན་བཅུ་དགུ་པའི་སྙན་སྒྲོན་ནང“མི་དམངས་ཀྱི་མི་ལུས་དབང་ཆ་དང་། རྒྱུ་ནོར་དབང་ཆ། མི་གཤིས་དབང་ཆ་བཅས་ལ་སྲུང་སྐྱོང་བྱེད་རྒྱུ”བཏོན་པར་འཐུས་མི་ཚོས་དེ་ནི་ཏང་གིས་མི་དམངས་ཀྱི་དབང་ཆར་ཚད་མཐོའི་མཐོང་ཆེན་གནང་བ་མཚོན་པའི་ངོས་འཛིན་གནང་བ་རེད།
          ཚོགས་ཆེན་བཅུ་དགུ་པའི་སྙན་སྒྲོན་ནང་། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དུས་རབས་གསར་པར་སླེབས་པ་དང་རང་རྒྱལ་གྱི་སྤྱི་ཚོགས་ཀྱི་འགལ་བ་གཙོ་བོ་དེ་མི་དམངས་ཉིན་རེ་བཞིན་ཆེ་རུ་འགྲོ་བའི་མཛེས་སྡུག་ལྡན་པའི་འཚོ་བར་རེ་སྨོན་བྱེད་པའི་དགོས་མཁོ་དང་དོ་སྙོམས་པོ་མེད་པ་དང་ཆ་ཚང་པོ་མེད་པའི་འཕེལ་རྒྱས་དབར་གྱི་འགལ་བར་འགྱུར་བ་བཏོན་ཡོད་པ་རེད།
          “‘མི་དམངས་ཀྱི་མི་ལུས་དབང་ཆ་དང་། རྒྱུ་ནོར་དབང་ཆ། མི་གཤིས་དབང་ཆ་བཅས་ལ་སྲུང་སྐྱོང་བྱེད་རྒྱུ’བཏོན་པ་ནི་རང་རྒྱལ་སྤྱི་ཚོགས་ཀྱི་འགལ་བ་གཙོ་བོའི་འགྱུར་ལྡོག་དང་འཚམ་པ་ཞིག་རེད”ཅེས་ཚོགས་ཆེན་བཅུ་དགུ་པའི་འཐུས་མི་ཁྲིམས་རིག་པའི་མཁས་དབང་ཞུའེ་ཅི་མིང་གིས་དེ་ལྟར་གསུངས་པ་དང་ཁོང་གིས་མི་རྣམས་ཀྱི་གཞི་རྩའི་དངོས་པོའི་འཚོ་བར་འགན་སྲུང་ཐུབ་རྗེས་མི་གཤིས་དང་ལ་རྒྱའི་དགོས་མཁོའང་སྔར་ལས་ཆེ་རུ་སོང་ཡོད། ཚོགས་ཆེན་བཅུ་དགུ་པའི་སྙན་སྒྲོན་ནང“མི་གཤིས་དབང་ཆ”སྲུང་སྐྱོང་བྱ་རྒྱུ་བཀོད་པ་དེ་ལས་རྒྱལ་ཁབ་ཀྱིས་མི་དམངས་ཀྱི་ཁྲིམས་མཐུན་ཁེ་ཕན་ཁག་ལ་ཕྱོགས་ཡོངས་ནས་སྲུང་སྐྱོང་དང་། མི་དམངས་ཀྱི་རེ་སྒུག་གསར་པ་དང་འདུན་པ་གསར་པ་བསྐངས་བ་མངོན་ཡོད་ཅེས་གསུངས་པ་རེད།
          དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཕྱིན་པ་དང་བསྟུན་ནས་ཉེ་བའི་ལོ་ཤས་རིང་། མི་ལུས་དབང་ཆ་དང་། རྒྱུ་ནོར་དབང་ཆ། མི་གཤིས་དབང་ཆ་བཅས་སྲུང་སྐྱོང་དང་འབྲེལ་བ་ཡོད་པའི་གྱོད་གཞི་ཟམ་མི་ཆད་པར་མང་དུ་ཕྱིན་པ་དང་ལྷག་པར་དུ་དྲ་སྦྲེལ་ཁོར་ཡུག་གིས་མི་སྒེར་གྱི་ཆ་འཕྲིན་བདེ་འཇགས་དང་། སྒེར་གྱི་གསང་བའི་དབང་ཆ་སྲུང་སྐྱོང་། མི་གཤིས་དབང་ཆ་ཚོང་ལས་ཅན་གྱི་བེད་སྤྱོད་སོགས་ལ་འགྲན་སློང་ཧ་ཅང་དྲག་པོ་འཕྲད་ཡོད་པ་རེད།
          “སྙན་སྒྲོན་ནང་མི་དམངས་ཀྱི་མི་ལུས་དབང་ཆ་དང་། རྒྱུ་ནོར་དབང་ཆ། མི་གཤིས་དབང་ཆ་བཅས་ལ་སྲུང་སྐྱོང་བྱེད་རྒྱུར་ཤུགས་སྣོན་རྒྱག་དགོས་པ་ཁ་གསལ་བཏོན་ཡོད་པ་དང་། གོམ་སྟབས་རྗེས་མར་ཁྲིམས་འཛུགས་དང་། ཁྲིམས་ལག་བསྟར། ཁྲིམས་འཛིན་སོགས་ཁྱབ་ཁོངས་ཀྱི་ལེ་ལག་ཚང་བའི་བྱ་ཐབས་མུ་མཐུད་འདོན་རྒྱུ་རེད”ཅེས་ཚོགས་ཆེན་བཅུ་དགུ་པའི་འཐུས་མི་ཅང་སུའུ་ཅིན་ཅང་གྲོང་ཁྱེར་མི་དམངས་ཁྲིམས་ཁང་གི་ཡོན་ཀྲང་གཞོན་པ་ཁྲེང་ཡན་ཕིང་གིས་དེ་ལྟར་གསུངས་པ་རེད།