མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།སྐབས་བཅོ་བརྒྱད་པའི་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་གི་སྙན་སྒྲོན་སྐོར་གྱི་ཀྲུང་གོ་གུང་ཁྲན་ཏང་
རྒྱལ་ཡོངས་འཐུས་མི་ཚོགས་ཆེན་ཐེངས་བཅུ་དགུ་པའི་གྲོས་ཆོད།

གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 10ཚེས་25ཉིན། 13:50】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

           (2017ལོའི་ཟླ་10ཚེས་24ཉིན་ཀྲུང་གོ་གུང་ཁྲན་ཏང་རྒྱལ་ཡོངས་འཐུས་མི་ཚོགས་ཆེན་ཐེངས་བཅུ་དགུ་པའི་ཐོག་གྲོས་འཆམ་བྱུང་བ།) 
          ཀྲུང་གོ་གུང་ཁྲན་ཏང་རྒྱལ་ཡོངས་འཐུས་མི་ཚོགས་ཆེན་ཐེངས་བཅུ་དགུ་པའི་ཐོག་བློ་མཐུན་ཞི་ཅིན་ཕིང་གིས་སྐབས་བཅོ་བརྒྱད་པའི་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་གི་ཚབ་ཞུས་ནས་གནང་བའི་སྙན་སྒྲོན་ལ་ཆོག་མཆན་སྤྲད་ཅིང་། ཚོགས་ཆེན་ཐོག་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་རླབས་ཆེན་དར་ཆ་མཐོན་པོར་སྒྲེང་བ་དང་། མར་ཁེ་སི་ལེ་ཉིང་རིང་ལུགས་དང་། མའོ་ཙེ་ཏུང་དགོངས་པ། ཏེང་ཞའོ་ཕིང་གི་རིགས་པའི་གཞུང་ལུགས། “མཚོན་བྱེད་གསུམ”གྱི་དགོངས་པ་གལ་ཆེན། ཚན་རིག་དང་མཐུན་པའི་གོང་འཕེལ་ལྟ་བ། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་བཅས་མཛུབ་ཁྲིད་དུ་བྱས་ཏེ་རྒྱལ་སྤྱི་རྒྱལ་ནང་གི་དུས་བབ་འཕེལ་རྒྱས་དང་འཕོ་འགྱུར་ལ་དབྱེ་ཞིབ་དང་། འདས་ཟིན་པའི་ལོ་ལྔའི་ལས་དོན་དང་ལོ་རྒྱུས་རང་བཞིན་གྱི་འཕོ་འགྱུར་ལ་ཕྱིར་ལྟ་དང་ཕྱོགས་སྡོམ། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དུས་རབས་གསར་པར་སླེབས་པ་དང་རང་རྒྱལ་སྤྱི་ཚོགས་ཀྱི་འགལ་ཟླ་གཙོ་བོ་མི་དམངས་ཀྱི་ཉིན་བཞིན་ཆེ་རུ་འགྲོ་བའི་མཛེས་སྡུག་ལྡན་པའི་འཚོ་བའི་དགོས་མཁོ་དང་དོ་མི་སྙོམས་པ་དང་འཐུས་སྒོ་མི་ཚང་བའི་འཕེལ་རྒྱས་དབར་གྱི་འགལ་བར་འགྱུར་བ་སོགས་ཆབ་སྲིད་ཀྱི་ཆོད་གཏམ་གལ་ཆེན་གནང་བ། དུས་རབས་གསར་པའི་ཀྲུང་གོ་གུང་ཁྲན་ཏང་གི་ལོ་རྒྱུས་ཀྱི་ལས་འགན་ལ་རྒྱས་བཤད་གཏིང་ཟབ་གནང་བ། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པའི་ལོ་རྒྱུས་གནས་བབ་གཏན་འཁེལ་གནང་བ། དུས་རབས་གསར་པར་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་མཐའ་འཁྱོངས་དང་གོང་འཕེལ་གྱི་གཞི་རྩའི་མཛད་ཇུས་བཏོན་གནང་བ། ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་པའི་རྒྱལ་ཁ་ཕུ་ཐག་གཅོད་པ་དང་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཕྱོགས་ཡོངས་ནས་བསྐྲུན་རྒྱུའི་རྒྱང་སྐྱོད་གསར་པ་འགོ་བཙུགས་པའི་དམིགས་ཚད་གཏན་འཁེལ་གནང་བ། དུས་རབས་གསར་པར་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་རླབས་ཆེན་བྱ་གཞག་དང་ཏང་འཛུགས་སྐྱོང་གི་རླབས་ཆེན་འདུ་འགོད་གསར་པར་སྐུལ་མ་གཏོང་བ་བཅས་ལ་ཕྱོགས་ཡོངས་ནས་བཀོད་སྒྲིག་གནང་ཡོད། ཚོགས་ཆེན་ཐོག་གྲོས་འཆམ་བྱུང་བའི་སྐབས་བཅོ་བརྒྱད་པའི་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་གི་སྙན་སྒྲོན་ནང་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་པའི་རྒྱལ་ཁ་ཕུ་ཐག་གཅོད་པ་དང་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་རླབས་ཆེན་གྱི་རྒྱལ་ཁ་ལེན་པའི་བརྗིད་ཆེའི་དམིགས་ཚད་བཀོད་དེ་ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་སྔར་བས་འཕེལ་རྒྱས་གཏོང་བར་མདུན་སྐྱོད་ཁ་ཕྱོགས་གསལ་སྟོན་བྱས་ཡོད་པས་དེ་ནི་ཏང་ཡོངས་དང་རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ཀྱི་བློ་གྲོས་ཀྱི་ཉིང་བཅུད་དང་། རང་རེའི་ཏང་གིས་རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ལ་མཐུན་སྒྲིལ་དང་སྣེ་ཁྲིད་དེ་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་མཐའ་འཁྱོངས་དང་གོང་འཕེལ་གཏོང་བའི་ཆབ་སྲིད་ཀྱི་བསྒྲགས་གཏམ་དང་བྱ་སྤྱོད་ཀྱི་རྩ་འཛིན། མར་ཁེ་སི་རིང་ལུགས་ཀྱི་རྩ་འཛིན་རང་བཞིན་གྱི་ཚད་ལྡན་ཡིག་ཆ་བཅས་རེད། 
            ཚོགས་ཆེན་ཐོག་ངོས་འཛིན་བྱས་དོན། སྙན་སྒྲོན་ནང་རྒྱས་བཤད་གནང་བའི་ཚོགས་ཆེན་གྱི་བརྗོད་བྱ་གཙོ་བོར་རང་རེའི་ཏང་གིས་མི་དམངས་ཀྱི་སྣེ་ཁྲིད་དེ་ཤུགས་སྐྱེད་སྟོབས་སྤེལ་དང་གསར་འབྱེད་མདུན་སྐྱོད་བྱེད་པའི་ཐད་དོན་སྙིང་གལ་ཆེན་ལྡན་ཡོད། ཏང་ཡོངས་ཀྱིས་ཐོག་མའི་བསམ་འདུན་མ་བརྗེད་པར་འགན་འཁྲི་བློ་ལ་བརྟན་པོར་ངེས་ནས་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་རླབས་ཆེན་དར་ཆ་མཐོན་པོར་སྒྲེང་བ་དང་། ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་པའི་རྒྱལ་ཁ་ཕུ་ཐག་གཅོད་པ་དང་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་རླབས་ཆེན་གྱི་རྒྱལ་ཁ་བླངས་ནས་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་འགྲུབ་ཆེད་འབད་འཐབ་ལྷོད་མེད་བྱེད་དགོས།
          ཚོགས་ཆེན་ཐོག་སྐབས་བཅོ་བརྒྱད་པའི་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་གི་ལས་དོན་ལ་ཚད་མཐོའི་གདེང་འཇོག་བྱས་ཤིང་། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན་གྱི་ལོ་ལྔ་ནི་ཏང་དང་རྒྱལ་ཁབ་ཀྱི་འཕེལ་རྒྱས་བརྒྱུད་རིམ་ཁྲོད་ཀྱི་སྤྱིར་བཏང་གཏན་ནས་མིན་པའི་ལོ་ལྔ་ཡིན་པས་སྒྱུར་བཅོས་སྒོ་འབྱེད་དང་སྤྱི་ཚོགས་རིང་ལུགས་ཀྱི་དེང་རབས་ཅན་འཛུགས་སྐྲུན་ལ་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་ཐོབ་ཡོད། ལོ་ལྔའི་རིང་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་ཆབ་སྲིད་ཀྱི་བློ་སྟོབས་ཧ་ཅང་ཆེན་པོ་དང་འགན་འཁྲི་ཆེན་པོ་འཁུར་ཕོད་པའི་རྣམ་འགྱུར་གྱིས་འདུ་ཤེས་གསར་པ་དང་། དགོངས་པ་གསར་པ། འཐབ་ཇུས་གསར་པ་བཅས་རབ་དང་རིམ་པ་བཏོན་པ་དང་། བྱེད་ཕྱོགས་དང་སྲིད་ཇུས་གལ་ཆེན་རབ་དང་རིམ་པ་བཏོན་པ། བྱ་ཐབས་གལ་ཆེན་རབ་དང་རིམ་པ་བཏོན་པ། ལས་དོན་གལ་ཆེན་རབ་དང་རིམ་པར་སྐུལ་འདེད་བཏང་སྟེ་ཡུན་རིང་ཐག་གཅོད་བྱེད་དགོས་བསམས་ཀྱང་ཐག་གཅོད་མ་བྱུང་བའི་དཀའ་གནད་མང་པོ་ཞིག་ཐག་གཅོད་བྱུང་བ་དང་། དེ་སྔ་སྒྲུབ་དགོས་བསམས་ཀྱང་སྒྲུབ་ཐུབ་མེད་པའི་དོན་ཆེན་མང་པོ་ཞིག་བསྒྲུབས་ཏེ་ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་ལ་ལོ་རྒྱུས་རང་བཞིན་གྱི་འཕོ་འགྱུར་ཡོང་ཆེད་སྐུལ་མ་བཏང་ཡོད།
           བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་ཏང་ལ་ཕྲད་པའི་ཉེན་ཁ་དང་ཚོད་བགམ་ཆེན་པོ་དང་ཏང་ནང་ཁུལ་དུ་གནས་པའི་གནད་དོན་མངོན་གསལ་དོད་པོར་གདོང་ལེན་བྱེད་ཕོད་པ་དང་། ཞུམ་པ་མེད་པའི་སྙིང་སྟོབས་དང་གཤིས་རྒྱུད་ལ་བརྟེན་ནས་སྤྱོད་བཟང་སྒྲིག་ནན་དང་། རུལ་སུངས་ལ་ངོ་རྒོལ། ངན་པ་ཚར་གཅོད་བཅས་བྱས་པ། ཏང་དང་རྒྱལ་ཁབ་ཀྱི་ནང་ཁུལ་དུ་གནས་པའི་མངོན་མེད་རྐྱེན་ངན་ཚབས་ཆེན་མེད་པར་བཟོས་པ། ཏང་ནང་ཁུལ་གྱི་ཆབ་སྲིད་འཚོ་བའི་རྣམ་པ་དེ་བས་གསར་པ་བཏོད་པ། ཏང་ནང་ཁུལ་གྱི་ཆབ་སྲིད་སྣོད་བཅུད་མངོན་གསལ་དོད་པོས་ལེགས་སུ་བཏང་བ། ཏང་གི་གསར་གཏོད་ནུས་པ་དང་། གོང་བུ་སྒྲིལ་ཤུགས། འཐབ་ནུས་བཅས་མངོན་གསལ་དོད་པོས་ཆེ་རུ་ཕྱིན་པ། ཏང་གི་མཐུན་སྒྲིལ་དང་གཅིག་གྱུར་སྔར་བས་སྲ་བརྟན་བྱུང་བ། ཏང་དང་མང་ཚོགས་དབར་གྱི་འབྲེལ་བ་མངོན་གསལ་དོད་པོས་ལེགས་སུ་ཕྱིན་པ། གསར་བརྗེའི་སྦྱོང་བརྡར་ཁྲོད་ཏང་སྔར་བས་སྟོབས་ཆེར་གྱུར་པ། སྐྱེ་སྟོབས་ཀྱི་གསོན་ཤུགས་གསར་པ་ཧ་ཅང་ཆེན་པོ་མངོན་པ་བཅས་ལས་ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་འཕེལ་རྒྱས་ལ་ཆབ་སྲིད་ཀྱི་འགན་ལེན་བརྟན་པོ་བྱུང་ཡོད། ལོ་ལྔའི་རིང་གི་གྲུབ་འབྲས་ནི་ཕྱོགས་ཡོངས་དང་གསར་གཏོད་རང་བཞིན་ལྡན་པ་དང་། ལོ་ལྔའི་རིང་གི་འཕོ་འགྱུར་ནི་རིམ་པ་མང་བ་དང་གཞི་རྩའི་རང་བཞིན་ལྡན་པ་ཞིག་རེད།
           ཚོགས་ཆེན་ཐོག་ནན་བཤད་བྱས་དོན། ཡུན་རིང་འབད་བརྩོན་བྱས་པ་བརྒྱུད་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དུས་རབས་གསར་པར་སླེབས་པ་དེ་ནི་རང་རྒྱལ་འཕེལ་རྒྱས་ཀྱི་ལོ་རྒྱུས་ཁ་ཕྱོགས་གསར་པ་རེད། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དུས་རབས་གསར་པར་སླེབས་པ་དང་རང་རྒྱལ་སྤྱི་ཚོགས་ཀྱི་འགལ་ཟླ་གཙོ་བོ་མི་དམངས་ཀྱི་ཉིན་བཞིན་ཆེ་རུ་འགྲོ་བའི་མཛེས་སྡུག་ལྡན་པའི་འཚོ་བའི་དགོས་མཁོ་དང་དོ་མི་སྙོམས་པ་དང་འཐུས་སྒོ་མི་ཚང་བའི་འཕེལ་རྒྱས་དབར་གྱི་འགལ་བར་གྱུར་ཡོད། རང་རྒྱལ་སྤྱི་ཚོགས་ཀྱི་འགལ་ཟླ་གཙོ་བོར་འགྱུར་ལྡོག་བྱུང་བ་ནི་སྤྱི་ཡོངས་དང་འབྲེལ་བའི་ལོ་རྒྱུས་རང་བཞིན་གྱི་འགྱུར་ལྡོག་ཅིག་ཡིན་པས་ཏང་དང་རྒྱལ་ཁབ་ཀྱི་ལས་དོན་ལ་བླང་བྱ་གསར་པ་མང་པོ་བཏོན་ཡོད། ང་ཚོས་འཕེལ་རྒྱས་ལ་མུ་མཐུད་སྐུལ་མ་གཏོང་བའི་རྨང་གཞིའི་ཐོག་འཕེལ་རྒྱས་དོ་མི་སྙོམས་པ་དང་འཐུས་སྒོ་མི་ཚང་བའི་གནད་དོན་ཐག་གཅོད་ཧུར་ཐག་བྱས་ནས་འཕེལ་རྒྱས་ཀྱི་སྤུས་ཚད་དང་ཕན་ནུས་ཆེ་རུ་ཤུགས་ཆེན་བཏང་སྟེ་དཔལ་འབྱོར་དང་། ཆབ་སྲིད། རིག་གནས། སྤྱི་ཚོགས། སྣོད་བཅུད་སོགས་ཀྱི་ཐད་མི་དམངས་ཀྱི་ཉིན་བཞིན་ཆེ་རུ་འགྲོ་བའི་དགོས་མཁོ་སྔར་བས་ཡག་པོ་སྐོང་བ་དང་མི་ཕྱོགས་ཡོངས་ནས་འཕེལ་རྒྱས་དང་ཕྱོགས་ཡོངས་ནས་སྤྱི་ཚོགས་ཡར་རྒྱས་ཡོང་བར་སྐུལ་འདེད་དེ་བས་ཡག་པོ་གཏོང་དགོས།
          ཚོགས་ཆེན་ཐོག་ནན་བཤད་བྱས་དོན། དུས་རབས་གསར་པར་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་གང་འདྲ་ཞིག་མཐའ་འཁྱོངས་དང་འཕེལ་རྒྱས་གཏོང་དགོས་པ་དང་། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་མཐའ་འཁྱོངས་དང་འཕེལ་རྒྱས་ཇི་ལྟར་གཏོང་དགོས་པའི་དུས་རབས་ཀྱི་ཞིབ་འཇུག་བྱ་གཞི་གལ་ཆེན་དེར་དམིགས་ཏེ་ལན་བསྐྱོན་ཅིང་། རང་རེའི་ཏང་གིས་མིག་རྒྱང་གསར་རྐྱང་ལ་བརྟེན་ནས་གུང་ཁྲན་ཏང་གི་སྲིད་སྐྱོང་ཆོས་ཉིད་དང་། སྤྱི་ཚོགས་རིང་ལུགས་འཛུགས་སྐྲུན་གྱི་ཆོས་ཉིད། མིའི་རིགས་སྤྱི་ཚོགས་འཕེལ་རྒྱས་ཀྱི་ཆོས་ཉིད་བཅས་ལ་ངོས་འཛིན་གཏིང་ཟབ་བྱས་ནས་དཀའ་ཚེགས་ཆེན་པོས་རིགས་པའི་གཞུང་ལུགས་འཚོལ་ཞིབ་བྱས་པར་བརྟེན་རིགས་པའི་གཞུང་ལུགས་གསར་གཏོད་ལ་གྲུབ་འབྲས་གལ་ཆེན་ཐོབ་སྟེ་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་བཏོད་ཡོད། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་ནི་མར་ཁེ་སི་ལེ་ཉིང་རིང་ལུགས་དང་། མའོ་ཙེ་ཏུང་དགོངས་པ། ཏེང་ཞའོ་ཕིང་གི་རིགས་པའི་གཞུང་ལུགས། “མཚོན་བྱེད་གསུམ”གྱི་དགོངས་པ་གལ་ཆེན། ཚན་རིག་དང་མཐུན་པའི་གོང་འཕེལ་ལྟ་བ་བཅས་རྒྱུན་འཛིན་དང་འཕེལ་རྒྱས་བཏང་བ་ཞིག་དང་། མར་ཁེ་སི་རིང་ལུགས་ཀྲུང་གོ་ཅན་གྱི་གྲུབ་འབྲས་གསར་ཤོས་ཤིག ཏང་དང་མི་དམངས་ཀྱི་ལག་ལེན་གྱི་ཉམས་མྱོང་དང་མཉམ་སྡེབ་བློ་གྲོས་ཀྱི་ཉིང་བཅུད་ཅིག ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་རིགས་པའི་གཞུང་ལུགས་མ་ལག་གི་གྲུབ་ཆ་གལ་ཆེན་ཞིག ཏང་ཡོངས་དང་རྒྱལ་ཡོངས་མི་དམངས་ཀྱིས་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་མངོན་འགྱུར་བྱ་ཆེད་འབད་འཐབ་བྱེད་པའི་བྱ་སྤྱོད་ཀྱི་ཕྱོགས་སྟོན་ཞིག་བཅས་ཡིན་པས། ངེས་པར་དུ་ཡུན་རིང་མཐའ་འཁྱོངས་བྱེད་དགོས་ལ་རྒྱུན་ཆད་མེད་པར་འཕེལ་རྒྱས་ཀྱང་གཏོང་དགོས།
          ཚོགས་ཆེན་ཐོག་ནན་བཤད་བྱས་དོན། ཏང་གིས་ལས་དོན་མཐའ་དག་ལ་འགོ་ཁྲིད་བྱ་རྒྱུ་མཐའ་འཁྱོངས་དང་། མི་དམངས་ལྟེ་བར་འཛིན་རྒྱུ་མཐའ་འཁྱོངས། ཕྱོགས་ཡོངས་ནས་སྒྱུར་བཅོས་གཏིང་ཟབ་ཏུ་གཏོང་རྒྱུ་མཐའ་འཁྱོངས། འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་མཐའ་འཁྱོངས། མི་དམངས་ཀྱི་རང་ཐག་རང་གཅོད་མཐའ་འཁྱོངས། ཕྱོགས་ཡོངས་ནས་ཁྲིམས་ལྟར་རྒྱལ་ཁབ་སྐྱོང་རྒྱུ་མཐའ་འཁྱོངས། སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་མ་ལག་མཐའ་འཁྱོངས། འཕེལ་རྒྱས་ཁྲོད་དམངས་འཚོ་འགན་ལེན་དང་ལེགས་བཅོས་མཐའ་འཁྱོངས། མི་དང་རང་བྱུང་ཁམས་ཞི་མཐུན་མཉམ་གནས་མཐའ་འཁྱོངས། སྤྱི་ཡོངས་ཀྱི་རྒྱལ་ཁབ་བདེ་འཇགས་ལྟ་བ་མཐའ་འཁྱོངས། ཏང་གིས་མི་དམངས་དམག་དཔུང་ལ་འགོ་ཁྲིད་གཙང་བཙན་བྱ་རྒྱུ་མཐའ་འཁྱོངས། “རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས”དང་མེས་རྒྱལ་གཅིག་གྱུར་ལ་སྐུལ་འདེད་གཏོང་རྒྱུ་མཐའ་འཁྱོངས། མིའི་རིགས་ཀྱི་ལས་དབང་གཅིག་མཐུན་འདུས་གྲུབ་བསྐྲུན་རྒྱུར་སྐུལ་འདེད་གཏོང་རྒྱུ་མཐའ་འཁྱོངས། ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་རྒྱུ་མཐའ་འཁྱོངས་བཅས་དོན་ཚན་བཅུ་བཞི་ལས་དུས་རབས་གསར་པར་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་མཐའ་འཁྱོངས་དང་གོང་འཕེལ་གཏོང་བའི་གཞི་རྩའི་མཛད་ཇུས་གྲུབ་ཡོད། ཏང་ཡོངས་ཀྱི་བློ་མཐུན་ཚོས་ངེས་པར་དུ་ཕྱོགས་ཡོངས་ནས་ཏང་གི་གཞི་རྩའི་རིགས་པའི་གཞུང་ལུགས་དང་། གཞི་རྩའི་ལམ་ཕྱོགས། གཞི་རྩའི་མཛད་ཇུས་བཅས་ལག་བསྟར་བྱས་ཏེ་ཏང་དང་མི་དམངས་ཀྱི་བྱ་གཞག་འཕེལ་རྒྱས་ལ་དེ་བས་ལེགས་པའི་སྒོ་ནས་སྣེ་ཁྲིད་བྱེད་དགོས།
          ཚོགས་ཆེན་ཐོག་བཏོན་དོན། ད་ལྟ་ནས་2020ལོ་བར་ནི་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་པའི་རྒྱལ་ཁ་ཕུ་ཐག་གཅོད་པའི་དུས་མཚམས་ཡིན་པས་ཚོགས་ཆེན་བཅུ་དྲུག་པ་དང་། བཅུ་བདུན་པ། བཅོ་བརྒྱད་པ་བཅས་སུ་བཏོན་པའི་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་པའི་བླང་བྱ་ཁག་གཞིར་བཟུང་། མངོན་གསལ་དོད་པོས་གཙོ་གནད་ལ་དམ་འཛིན་དང་། ཞན་ཆ་གསབ་པ། ཉམས་ཞན་སྟོབས་ཆེར་གཏོང་བ་བཅས་དང་ལྷག་དོན་དུ་ཉེན་ཁ་ཚབས་ཆེན་དོགས་ཟོན་དང་སེལ་བ་དང་། གནད་སྨིན་དབུལ་སྒྲོལ། སྦགས་བཙོག་འགོག་བཅོས་བཅས་ཀྱི་འགག་སྒྲོལ་དམག་འཐབ་ཡག་པོ་མཐའ་གཅིག་ཏུ་བརྒྱབ་སྟེ་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་པའི་ཐད་མི་དམངས་ཀྱི་ཁས་ལེན་ཐོབ་པ་དང་ལོ་རྒྱུས་ཀྱི་ཞིབ་བཤེར་ཐུབ་པ་བྱེད་དགོས།
          ཚོགས་ཆེན་གྱིས་ངོས་འཛིན་བྱས་དོན། ཚོགས་ཆེན་བཅུ་དགུ་པ་ནས་ཚོགས་ཆེན་ཉི་ཤུ་པའི་བར་ནི“ལོ་བརྒྱ་གཉིས”ཀྱི་འབད་འཐབ་དམིགས་ཚད་ཀྱི་ལོ་རྒྱུས་སྦྲེལ་མཐུད་ཀྱི་དུས་མཚམས་ཤིག་རེད། ང་ཚོས་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་པ་དང་ལོ་བརྒྱ་དང་པོའི་འབད་འཐབ་དམིགས་ཚད་མངོན་འགྱུར་བྱེད་དགོས་ལ། དུས་བསྟུན་མདུན་སྐྱོད་ཀྱིས་ཕྱོགས་ཡོངས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་སྐྲུན་པའི་རྒྱང་སྐྱོད་ལམ་བུ་གསར་པ་བཏོད་དེ་ལོ་བརྒྱ་གཉིས་པའི་འབད་འཐབ་དམིགས་ཚད་ཀྱི་ཕྱོགས་སུ་སྐྱོད་དགོས། རྒྱལ་སྤྱི་རྒྱལ་ནང་གི་དུས་བབ་དང་རང་རྒྱལ་གྱི་འཕེལ་རྒྱས་ཆ་རྐྱེན་ལ་ཕྱོགས་བསྡུས་དབྱེ་ཞིབ་བྱས་ཏེ་2020ལོ་ནས་དུས་རབས་འདིའི་དུས་དཀྱིལ་བར་དུས་མཚམས་གཉིས་ལ་ཕྱེ་ནས་བཀོད་སྒྲིག་བྱེད་ཆོག་པ་སྟེ། དུས་མཚམས་དང་པོ་ནི་2020ལོ་ནས་2035ལོ་བར་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་པའི་རྨང་གཞིའི་ཐོག་སླར་ཡང་འབད་འཐབ་ལོ་བཅོ་ལྔ་བྱས་ནས་གཞི་རྩའི་ཆར་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་མངོན་འགྱུར་བྱེད་དགོས་པ་དང་། དུས་མཚམས་གཉིས་པ་ནི་2035ལོ་ནས་དུས་རབས་འདིའི་དུས་དཀྱིལ་བར་གཞི་རྩའི་ཆར་དེང་རབས་ཅན་མངོན་འགྱུར་བྱེད་པའི་རྨང་གཞིའི་ཐོག་སླར་ཡང་འབད་འཐབ་ལོ་བཅོ་ལྔ་བྱས་ཏེ་རང་རྒྱལ་འབྱོར་ཕྱུག་དང་། དམངས་གཙོ། ཤེས་དཔལ། ཞི་མཐུན། མཛེས་སྡུག་བཅས་ཀྱི་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་སྟོབས་ཆེན་ཞིག་ཏུ་སྐྲུན་དགོས།
          ཚོགས་ཆེན་ཐོག་སྙན་སྒྲོན་ནང་གི་རང་རྒྱལ་སྤྱི་ཚོགས་རིང་ལུགས་ཀྱི་དཔལ་འབྱོར་འཛུགས་སྐྲུན་དང་། ཆབ་སྲིད་འཛུགས་སྐྱོང་། རིག་གནས་འཛུགས་སྐྱོང་། སྤྱི་ཚོགས་འཛུགས་སྐྲུན། སྣོད་བཅུད་ཤེས་དཔལ་འཛུགས་སྐྱོང་བཅས་སྐོར་གྱི་བཀོད་སྒྲིག་ལ་མོས་མཐུན་བྱས་ཤིང་། ཚོགས་ཆེན་ཐོག་ནན་བཤད་བྱས་དོན། འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ལག་བསྟར་གྱིས་དེང་རབས་ཅན་གྱི་དཔལ་འབྱོར་མ་ལག་བསྐྲུན་པ་དང་། སྤུས་ཚད་ཨང་དང་པོར་འཇོག་པ་དང་ཕན་འབྲས་སྔོན་ལ་ཐོན་པ་བྱ་རྒྱུ་མཐའ་འཁྱོངས་ཀྱིས་མཁོ་སྤྲོད་ཕྱོགས་ཀྱི་གྲུབ་ཆའི་རང་བཞིན་གྱི་སྒྱུར་བཅོས་གཙོ་རྐང་དུ་བྱས་ཏེ་དཔལ་འབྱོར་འཕེལ་རྒྱས་ཀྱི་སྤུས་ཚད་ཀྱི་འཕོ་འགྱུར་དང་། ལས་ཕྱོད་ཀྱི་འཕོ་འགྱུར། སྒུལ་ཤུགས་ཀྱི་འཕོ་འགྱུར་བཅས་ལ་སྐུལ་མ་བཏང་ནས་དངོས་ཚན་དཔལ་འབྱོར་དང་། ཚན་རྩལ་གསར་གཏོད། དེང་རབས་ཀྱི་དངུལ་རྩ། མི་ཤུགས་ཐོན་ཁུངས་བཅས་མཐུན་སྦྱོར་འཕེལ་རྒྱས་གཏོང་བའི་ཐོན་ལས་མ་ལག་མགྱོགས་མྱུར་བསྐྲུན་པ་དང་ཁྲོམ་རའི་ལམ་སྲོལ་ནུས་པ་ལྡན་པ་དང་། བྱེ་བྲག་གི་བྱེད་པོར་གསོན་ཤུགས་ལྡན་པ། སྤྱི་ཁོག་སྟངས་འཛིན་སྙོམས་སྒྲིག་ཚད་དང་ལྡན་པ་བཅས་ཀྱི་དཔལ་འབྱོར་སྒྲིག་གཞི་ཧུར་ཐག་བསྐྲུན་ནས་རང་རྒྱལ་གྱི་དཔལ་འབྱོར་གསར་གཏོད་ཀྱི་འཇོན་ཐང་དང་འགྲན་ནུས་ཟམ་མི་ཆད་པར་ཆེ་རུ་གཏོང་དགོས། མཁོ་སྤྲོད་ཕྱོགས་ཀྱི་གྲུབ་ཆའི་རང་བཞིན་གྱི་སྒྱུར་བཅོས་བྱེད་ཟབ་ཏུ་བཏང་ནས་གསར་གཏོད་རྣམ་པའི་རྒྱལ་ཁབ་སྐྲུན་མགྱོགས་སུ་གཏོང་བ་དང་། གྲོང་གསེབ་ཀྱི་དར་རྒྱས་ཀྱི་འཐབ་ཇུས་ལག་བསྟར་བྱེད་པ། ས་ཁོངས་མཐུན་སྦྱོར་འཕེལ་རྒྱས་ཀྱི་འཐབ་ཇུས་ལག་བསྟར་བྱེད་པ། སྤྱི་ཚོགས་རིང་ལུགས་ཀྱི་ཁྲོམ་རའི་དཔལ་འབྱོར་གྱི་སྒྲིག་གཞི་མགྱོགས་མྱུར་འཐུས་སྒོ་ཚང་དུ་གཏོང་བ། ཕྱོགས་ཡོངས་ནས་སྒོ་འབྱེད་ཀྱི་རྣམ་པ་གསར་པ་ཆགས་རྒྱུར་སྐུལ་མ་གཏོང་བ་བཅས་བྱས་ནས་སྤུས་ཚད་དེ་བས་མཐོ་བ་དང་། ལས་ཕྱོད་དེ་བས་ཆེ་བ། དེ་བས་གཞུང་དྲང། དེ་བས་རྒྱུན་མཐུད་ཆོག་པ་བཅས་ཀྱི་འཕེལ་རྒྱས་ཧུར་ཐག་ཡོང་བར་བྱེད་དགོས། མི་དམངས་ཀྱི་རང་ཐག་རང་གཅོད་ལམ་ལུགས་མ་ལག་འཐུས་སྒོ་ཚང་དུ་གཏོང་བ་དང་སྤྱི་ཚོགས་རིང་ལུགས་ཀྱི་དམངས་གཙོ་ཆབ་སྲིད་འཕེལ་རྒྱས་བཏང་ནས་ཏང་གི་འགོ་ཁྲིད་དང་། མི་དམངས་ཀྱི་རང་ཐག་རང་གཅོད། ཁྲིམས་ལྟར་རྒྱལ་སྐྱོང་བཅས་གཅིག་གྱུར་ནུས་ལྡན་མཐའ་འཁྱོངས་བྱེད་པ་དང་། མི་དམངས་ཀྱི་རང་ཐག་རང་གཅོད་ཀྱི་ལམ་ལུགས་འགན་ལེན་བྱེད་ཤུགས་ཆེ་རུ་གཏོང་བ། སྤྱི་ཚོགས་རིང་ལུགས་ཀྱི་གྲོས་མོལ་དམངས་གཙོའི་ནུས་པ་གལ་ཆེན་འདོན་སྤེལ་བྱེད་པ། ཁྲིམས་ལྟར་རྒྱལ་སྐྱོང་གི་ལག་ལེན་གཏིང་ཟབ་ཏུ་གཏོང་བ། ལས་ཁུངས་དང་སྲིད་འཛིན་སྒྲིག་གཞི་སྒྱུར་བཅོས་གཏིང་ཟབ་ཏུ་གཏོང་བ། རྒྱལ་གཅེས་འཐབ་ཕྱོགས་གཅིག་གྱུར་སྲ་བརྟན་དང་འཕེལ་རྒྱས་གཏོང་བ། གསོན་ཉམས་དོད་ལ་བརྟན་ལྷིང་མཐུན་སྒྲིལ་གྱི་ཆབ་སྲིད་རྣམ་པ་སྲ་བརྟན་དང་འཕེལ་རྒྱས་གཏོང་དགོས། རིག་གནས་ཀྱི་གདེང་ཚོད་བརྟན་པོ་ཡོང་བར་བྱེད་པ་དང་སྤྱི་ཚོགས་རིང་ལུགས་ཀྱི་རིག་གནས་དར་རྒྱས་ཡོང་བར་སྐུལ་འདེད་བཏང་སྟེ་འདུ་ཤེས་འཛིན་སྟངས་ཁྱབ་ཁོངས་ཀྱི་ལས་ཀའི་འགོ་ཁྲིད་དབང་ཆ་སྟངས་འཛིན་ནན་པོ་བྱེད་པ་དང་། སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བ་སྐྱེད་སྲིང་དང་ལག་བསྟར་བྱེད་པ། བསམ་བློ་ཀུན་སྤྱོད་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པ། སྤྱི་ཚོགས་རིང་ལུགས་ཀྱི་རིག་རྩལ་དར་རྒྱས་གོང་འཕེལ་གཏོང་བ། རིག་གནས་བྱ་གཞག་དང་རིག་གནས་ཐོན་ལས་འཕེལ་རྒྱས་ལ་སྐུལ་མ་གཏོང་བ། མི་རིགས་ཡོངས་ཀྱི་རིག་གནས་གསར་གཏོད་ཀྱི་གསར་གཏོད་གསོན་ཤུགས་འཕེལ་བ་བཅས་བྱེད་དགོས། དམངས་འཚོ་འགན་ལེན་དང་ལེགས་སུ་གཏོང་བའི་ཆུ་ཚད་མཐོ་རུ་གཏོང་བ་དང་སྤྱི་ཚོགས་བཅོས་སྐྱོང་ལ་ཤུགས་སྣོན་དང་གསར་གཏོད་བྱས་ནས་མི་དམངས་ཀྱིས་དོ་སྣང་ཆེ་ཤོས་བྱེད་པ་དང་། མང་ཚོགས་དང་ཐད་ཀར་འབྲེལ་བ་ཆེ་ཤོས་ཡོད་པ། མང་ཚོགས་ལ་འཕྲལ་མཁོ་ཆེ་ཤོས་ཡིན་པ་བཅས་ཀྱི་ཁེ་ཕན་གྱི་གནད་དོན་དམ་འཛིན་བྱེད་པ་དང་། སློབ་གསོའི་བྱ་གཞག་སྔོན་ལ་འཕེལ་རྒྱས་གཏོང་བ། ལས་ཞུགས་ཀྱི་སྤུས་ཚད་དང་མི་དམངས་ཀྱི་ཡོང་འབབ་ཚད་གཞི་མཐོ་རུ་གཏོང་བ། སྤྱི་ཚོགས་འགན་ལེན་མ་ལག་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པ། དབུལ་སྒྲོལ་འགག་སྒྲོལ་དམག་འཐབ་ལ་རྒྱལ་ཁ་མཐའ་གཅིག་ཏུ་ལེན་པ། བདེ་ཐང་གི་ཀྲུང་གོའི་འཐབ་ཇུས་ལག་བསྟར་བྱེད་པ། མཉམ་སྐྲུན་དང་། མཉམ་བཅོས། མཉམ་སྤྱོད་བཅས་ཀྱི་སྤྱི་ཚོགས་བཅོས་སྐྱོང་རྣམ་པ་གཏོད་པ། རྒྱལ་ཁབ་ཀྱི་བདེ་འཇགས་ལ་སྲུང་སྐྱོང་ནུས་ལྡན་ཐུབ་པ་བཅས་བྱས་ཏེ་མི་དམངས་ཀྱི་ཐོབ་ཚོར་དང་། བདེ་སྐྱིད་ཚོར་སེམས། བདེ་འཇགས་ཚོར་སེམས་བཅས་དེ་བས་འཐུས་སྒོ་ཚང་བ་དང་། དེ་བས་འགན་ལེན་ཡོད་པ། དེ་བས་རྒྱུན་མཐུད་ཐུབ་པ་བཅས་བྱེད་དགོས། སྣོད་བཅུད་ཤེས་དཔལ་གྱི་སྒྲིག་གཞི་སྒྱུར་བཅོས་དང་མཛེས་སྡུག་གི་ཀྲུང་གོ་འཛུགས་སྐྲུན་མགྱོགས་སུ་གཏོང་བ་དང་ལྗང་མདོག་འཕེལ་རྒྱས་ལ་སྐུལ་མ་བཏང་ནས་མངོན་གསལ་དོད་པའི་ཁོར་ཡུག་གི་གནད་དོན་ཐག་གཅོད་ཧུར་ཐག་བྱེད་པ་དང་། སྣོད་བཅུད་མ་ལག་སྲུང་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་བ། སྣོད་བཅུད་ཁོར་ཡུག་གི་ལྟ་སྐུལ་དོ་དམ་སྒྲིག་གཞི་སྒྱུར་བཅོས་བྱེད་པ་བཅས་ཀྱི་སྒོ་ནས་མི་དང་རང་བྱུང་ཁམས་ཞི་མཐུན་འཕེལ་རྒྱས་ཀྱི་དེང་རབས་ཅན་འཛུགས་སྐྲུན་གྱི་རྣམ་པ་གསར་པ་ཆགས་རྒྱུར་སྐུལ་མ་གཏོང་དགོས།
         ཚོགས་འདུའི་ཐོག་ནན་བཤད་བྱས་དོན། རྒྱལ་ཁབ་ཀྱི་བདེ་འཇགས་ཁོར་ཡུག་འགྱུར་ལྡོག་ཤུགས་ཆེན་དང་རྒྱལ་ཁབ་སྟོབས་ཆེན་དང་དམག་དཔུང་སྟོབས་ཆེན་གྱི་དུས་རབས་ཀྱི་བླང་བྱའི་མདུན་དུ་ངེས་པར་དུ་ཀྲུང་གོའི་ཁྱད་ཆོས་ཀྱི་དམག་དཔུང་སྟོབས་ཆེར་གཏོང་བའི་ལམ་དུ་བསྐྱོད་རྒྱུ་མཐའ་འཁྱོངས་བྱེད་པ་དང་། ཞི་ཅིན་ཕིང་གི་དམག་དཔུང་སྟོབས་ཆེར་གཏོང་བའི་དགོངས་པ་ཕྱོགས་ཡོངས་ནས་ལག་བསྟར་བྱེད་པ། དུས་བབ་གསར་པའི་འོག་གི་དམག་དོན་གྱི་འཐབ་ཇུས་མཛད་ཕྱོགས་ལག་བསྟར་བྱེད་པ། དེང་རབས་ཅན་གྱི་སྐམ་དམག་དང་། མཚོ་དམག མཁའ་དམག མེ་ཤུགས་འཕུར་མདའི་དམག འཐབ་ཇུས་རོགས་སྐྱོར་གྱི་དཔུང་སྡེ་བཅས་སྟོབས་ཆེན་བསྐྲུན་པ། སྟོབས་ལྡན་ནུས་ཆེའི་འཐབ་ཁུལ་མཉམ་འབྲེལ་དམག་འཐབ་ཀྱི་བཀོད་འདོམས་སྒྲིག་གཞི་འཛུགས་པ། ཀྲུང་གོའི་ཁྱད་ཆོས་ཀྱི་དེང་རབས་ཀྱི་དམག་འཐབ་མ་ལག་བཙུགས་ནས་རྒྱལ་སྲུང་དང་དཔུང་སྡེ་དེང་རབས་ཅན་དུ་འགྱུར་རྒྱུར་ཕྱོགས་ཡོངས་ནས་སྐུལ་འདེད་བཏང་ཐོག་མི་དམངས་ཀྱི་དམག་དཔུང་འཛམ་གླིང་གི་དམག་དཔུང་རྩེ་གྲ་ཞིག་ཏུ་བསྐྲུན་ཐུབ་པར་བྱེད་དགོས།
          ཚོགས་འདུའི་ཐོག་ནན་བཤད་བྱས་དོན། ཤང་ཀང་དང་ཨའོ་མོན་ཡུན་རིང་དར་རྒྱས་བརྟན་ལྷིང་རྒྱུན་འཁྱོངས་བྱེད་པར་ངེས་པར་དུ“རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས”དང་། “ཤང་ཀང་བས་ཤང་ཀང་སྐྱོང་བ”“ཨའོ་མོན་བས་ཨའོ་མོན་སྐྱོང་བ”ཚད་མཐོའི་རང་སྐྱོང་བཅས་ཀྱི་མཛད་ཕྱོགས་ཁྱོན་ཡོངས་དང་གནད་ལ་འཁེལ་བའི་སྒོ་ནས་ལག་བསྟར་དང་། རྩ་ཁྲིམས་དང་གཞི་རྩའི་བཅའ་ཁྲིམས་ལ་ནན་པོར་གཞིགས་ཏེ་ལས་དོན་བསྒྲུབས་ནས་སྤུན་ཟླ་ཤང་ཀང་བ་དང་ཨའོ་མོན་བས་མེས་རྒྱལ་གྱི་མི་དམངས་དང་མཉམ་དུ་མི་རིགས་བསྐྱར་དར་གྱི་ལོ་རྒྱུས་ཀྱི་འགན་འཁྲི་འཁུར་བ་དང་མེས་རྒྱལ་གྲ་རྒྱས་སྟོབས་འབྱོར་མངའ་ཐང་རྒྱས་པའི་རླབས་ཆེན་གྱི་གཟི་བརྗིད་མཉམ་སྤྱོད་ཐུབ་པ་བྱེད་དགོས་པ་དང་། ངེས་པར་དུ“ཞི་བའི་གཅིག་གྱུར་དང་རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས”ཀྱི་མཛད་ཕྱོགས་མུ་མཐུད་མཐའ་འཁྱོངས་བྱས་ནས་ངོགས་གཉིས་ཀྱི་དཔལ་འབྱོར་རིག་གནས་སྤེལ་རེས་མཉམ་ལས་རྒྱ་ཆེར་གཏོང་བ་དང་། ངོགས་གཉིས་ཀྱི་སྤུན་ཟླས་ཐུན་མོང་ཐོག་ཀྲུང་ཧྭའི་རིག་གནས་དར་སྤེལ་གཏོང་རྒྱུར་སྐུལ་མ་གཏོང་བ། ངོགས་གཉིས་ཀྱི་འབྲེལ་བ་ཞི་བའི་འཕེལ་རྒྱས་ལ་སྐུལ་མ་གཏོང་བ། མེས་རྒྱལ་ཞི་བའི་གཅིག་གྱུར་གྱི་འཕེལ་རིམ་ལ་སྐུལ་འདེད་གཏོང་བ་བཅས་བྱས་ཏེ་མི་སུ་འདྲ་ཞིག་དང་། རྩ་འཛུགས་གང་རུང་ཞིག སྲིད་ཏང་གང་རུང་ཞིག་བཅས་ཀྱིས་དུས་གང་རུང་དང་བྱེད་སྟབས་གང་རུང་ཞིག་གིས་ཀྲུང་གོའི་མངའ་ཁོངས་ས་ཆ་གང་རུང་ཞིག་ཀྲུང་གོ་ནས་ཁ་འབྲལ་དུ་རྩ་བ་ནས་འཇུག་མི་རུང་།
          ཚོགས་ཆེན་ཐོག་སྙན་སྒྲོན་ནང་རྒྱལ་སྤྱིའི་དུས་བབ་ལ་དབྱེ་ཞིབ་དང་བཏོན་པའི་ཕྱི་ཕྱོགས་ལས་དོན་གྱི་མཛད་ཕྱོགས་ལ་མོས་མཐུན་གནང་བ་མ་ཟད། ཀྲུང་གོས་ཞི་བའི་འཕེལ་རྒྱས་ཀྱི་འགྲོ་ལམ་མཐའ་འཁྱོངས་བྱས་ཏེ་ཞི་བདེ་དང་། འཕེལ་རྒྱས། མཉམ་ལས། གཉིས་ཕན་བཅས་ཀྱི་དར་ཆ་མཐོན་པོར་སྒྲེང་བ་དང་། འཛམ་གླིང་ཞི་བདེ་སྲུང་སྐྱོང་དང་ཐུན་མོང་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ཕྱི་འབྲེལ་སྲིད་ཇུས་ཀྱི་དགོངས་དོན་ལ་བརྩི་སྲུང་ནན་པོ་ཞུ་བ། བློ་བརྟན་འགྱུར་མེད་ངང་ཞི་བདེ་མཉམ་གནས་ཀྱི་རྩ་དོན་ཁག་ལྔའི་རྨང་གཞིའི་ཐོག་རྒྱལ་ཁབ་ཁག་དང་མཛའ་མཐུན་མཉམ་ལས་གོང་འཕེལ་གཏོང་བ། “རྒྱུད་གཅིག་ལམ་གཅིག”གི་རྒྱལ་སྤྱིའི་མཉམ་ལས་ལ་སྐུལ་འདེད་ཧུར་ཐག་བཏང་ནས་གོ་ལ་ཧྲིལ་པོའི་བཅོས་སྐྱོང་མ་ལག་སྒྱུར་བཅོས་དང་འཛུགས་སྐྲུན་ལ་མུ་མཐུད་ཧུར་ཐག་ཞུགས་པ་དང་། ཕན་ཚུན་བརྩི་འཇོག་དང་། གཞུང་དྲང་དྲང་བདེན། མཉམ་ལས་གཉིས་ཁེ་བཅས་ཀྱི་རྒྱལ་སྤྱིའི་འབྲེལ་བ་གསར་པ་འཛུགས་རྒྱུར་སྐུལ་འདེད་གཏོང་བ། མིའི་རིགས་ཀྱི་ལས་དབང་གཅིག་མཐུན་འདུས་གྲུབ་བསྐྲུན་རྒྱུར་སྐུལ་འདེད་གཏོང་བ་བཅས་བྱས་ཏེ། འཛམ་གླིང་རྒྱལ་ཁབ་ཁག་གི་མི་དམངས་དང་མཉམ་དུ་རྒྱུན་མཐུད་ཞི་བདེ་དང་། ཡོངས་ཁྱབ་བདེ་འཇགས། ཐུན་མོང་གྲ་རྒྱས། སྒོ་འབྱེད་བསྟུན་མཁས། དྭངས་གཙང་མཛེས་སྡུག་བཅས་ཀྱི་འཛམ་གླིང་ཞིག་སྐྲུན་དགོས་པའི་ནན་བཤད་བྱས་པ་རེད།
          ཚོགས་ཆེན་ཐོག་ནན་བཤད་བྱས་དོན། ལྕགས་རྡུང་བར་ཐོ་བ་མཁྲེགས་དགོས། ཏང་གིས་མི་དམངས་ལ་མཐུན་སྒྲིལ་དང་སྣེ་ཁྲིད་དེ་རླབས་ཆེན་གྱི་འཐབ་རྩོད་བྱེད་པ་དང་། རླབས་ཆེན་གྱི་བྱ་གཞག་ལ་སྐུལ་མ་གཏོང་བ། རླབས་ཆེན་གྱི་ཕུགས་འདུན་འགྲུབ་པ་བཅས་བྱེད་པར་ངེས་པར་དུ་ཏང་གི་འགོ་ཁྲིད་ལ་གཡོ་འགུལ་སྤུ་ཙམ་ཡང་མི་གཏོང་བར་མཐའ་འཁྱོངས་དང་འཐུས་སྒོ་ཚང་དུ་གཏོང་བ་དང་། ཏང་འཛུགས་སྐྱོང་ལ་གཡོ་འགུལ་སྤུ་ཙམ་ཡང་མི་གཏོང་བར་སྔར་བས་འགྱུར་མེད་སྟོབས་ལྡན་ཡོང་བར་བྱེད་དགོས། དུས་རབས་གསར་པའི་ཏང་འཛུགས་སྐྱོང་གི་སྤྱིའི་བླང་བྱ་ནི། ཏང་གི་ཕྱོགས་ཡོངས་ཀྱི་འགོ་ཁྲིད་མཐའ་འཁྱོངས་དང་ཤུགས་སྣོན་དང་། ཏང་གིས་ཏང་ལ་དོ་དམ་དང་ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་རྒྱུ་མཐའ་འཁྱོངས་བྱེད་པ། ཏང་གི་དུས་ཡུན་རིང་པོའི་སྲིད་སྐྱོང་ནུས་པ་འཛུགས་སྐྱོང་དང་སྔོན་ཐོན་རང་བཞིན་དང་དྭངས་གཙང་རང་བཞིན་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་རྒྱུ་གཙོ་རྐང་དུ་བྱེད་པ། ཏང་གི་ཆབ་སྲིད་འཛུགས་སྐྱོང་གིས་སྤྱི་འདོམས་བྱེད་པ། ཕུགས་བསམ་དད་སེམས་ཀྱི་དམིགས་ཡུལ་བརྟན་དུ་གཏོང་རྒྱུ་རྩ་བར་བྱེད་པ། ཏང་ཡོངས་ཀྱི་ཧུར་བརྩོན་རང་བཞིན་དང་། རང་འགུལ་རང་བཞིན། གསར་གཏོད་རང་བཞིན་བཅས་སྐོང་འཐེན་བྱ་རྒྱུ་ཤུགས་རྒྱག་སར་བྱེད་པ་བཅས་ཀྱི་སྒོ་ནས་ཏང་གི་ཆབ་སྲིད་འཛུགས་སྐྱོང་དང་། བསམ་བློ་འཛུགས་སྐྱོང་། རྩ་འཛུགས་འཛུགས་སྐྱོང་། སྤྱོད་ཚུལ་འཛུགས་སྐྱོང་། སྒྲིག་ལམ་འཛུགས་སྐྱོང་བཅས་ལ་ཕྱོགས་ཡོངས་ནས་སྐུལ་མ་གཏོང་བ་དང་། ལམ་ལུགས་འཛུགས་སྐྱོང་དེའི་ནང་ཁྱབ་པར་བྱས་ཏེ་རུལ་རྒོལ་འཐབ་རྩོད་ལ་སྐུལ་མ་གཏིང་ཟབ་གཏོང་བ། ཏང་འཛུགས་སྐྱོང་གི་སྤུས་ཚད་ཟམ་མི་ཆད་པར་ལེགས་སུ་གཏོང་བ་བཅས་བྱས་ཏེ། ཏང་ཐོག་མཐའ་བར་གསུམ་དུ་དུས་རབས་ཀྱི་མདུན་གྲལ་དུ་སྐྱོད་པ་དང་། མི་དམངས་ཀྱི་སྙིང་དབུས་ཀྱི་བརྩི་བཀུར་ཐོབ་པ། རང་ངོས་གསར་བརྗེས་བྱེད་ཕོད་པ། དཀའ་སྡུག་སྣ་ཚོགས་ཀྱི་ཉམས་སད་ཐེག་ཐུབ་པ། སྐྱེ་སྟོབས་ཀྱི་དཔལ་འབར་བ་བཅས་ཀྱི་མར་ཁེ་སི་རིང་ལུགས་ཀྱི་སྲིད་སྐྱོང་ཏང་ཞིག་ཏུ་འཛུགས་སྐྱོང་བྱེད་དགོས།
           ཚོགས་ཆེན་ཐོག་ནན་བཤད་བྱས་དོན། ཏང་གི་ཆབ་སྲིད་འཛུགས་སྐྱོང་གནས་བབ་ཨང་དང་པོར་འཇོག་དགོས། ཏང་ཡོངས་ཀྱིས་ངེས་པར་དུ་ཆབ་སྲིད་ཀྱི་འདུ་ཤེས་དང་། སྤྱི་ཡོངས་ཀྱི་འདུ་ཤེས། སྲོག་ཤིང་གི་འདུ་ཤེས། མིག་ལྟོས་ཀྱི་འདུ་ཤེས་བཅས་ཟབ་ཏུ་བཏང་སྟེ། ཏང་ཀྲུང་དབྱང་གི་དབང་གྲགས་དང་གཅིག་སྡུད་གཅིག་གྱུར་གྱི་འགོ་ཁྲིད་མཐའ་འཁྱོངས་བྱེད་པ་དང་། ཏང་གི་ཆབ་སྲིད་ལམ་ཕྱོགས་བློ་བརྟན་འགྱུར་མེད་ངང་ལག་བསྟར་བྱེད་པ། ཆབ་སྲིད་ཀྱི་སྒྲིག་ཁྲིམས་དང་ཆབ་སྲིད་ཀྱི་སྒྲིག་ལམ་ལ་བརྩི་སྲུང་ནན་པོ་ཞུ་བ་བཅས་བྱས་ཏེ་ཆབ་སྲིད་ཀྱི་ལངས་ཕྱོགས་དང་། ཆབ་སྲིད་ཀྱི་ཁ་ཕྱོགས། ཆབ་སྲིད་ཀྱི་རྩ་དོན། ཆབ་སྲིད་ཀྱི་འགྲོ་ལམ་བཅས་ཏང་ཀྲུང་དབྱང་དང་ཚད་མཐོའི་གཅིག་གྱུར་རྒྱུན་འཁྱོངས་བྱེད་དགོས།
          ཚོགས་ཆེན་ཐོག་འབོད་སྐུལ་བྱས་དོན། ཏང་ཡོངས་དང་རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ཚོས་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་མཐུན་སྒྲིལ་དམ་ཟབ་དང་། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་རླབས་ཆེན་དར་ཆ་མཐོན་པོར་སྒྲེང་བ། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་སློབ་སྦྱོང་ལག་བསྟར་ནན་ཏན་བྱེད་པ། བློ་རྩ་བརྟན་པོས་ཡར་རྒྱས་བརྩོན་ལེན་དང་དཀའ་སྤྱད་སྡུག་རུས་བྱེད་པ་བཅས་ཀྱི་སྒོ་ནས་དེང་རབས་ཅན་འཛུགས་སྐྲུན་ལ་སྐུལ་མ་གཏོང་བ་དང་། མེས་རྒྱལ་གཅིག་གྱུར་ལེགས་གྲུབ་ཡོང་བར་བྱེད་པ། འཛམ་གླིང་ཞི་བདེ་སྲུང་སྐྱོང་དང་ཐུན་མོང་འཕེལ་རྒྱས་ལ་སྐུལ་མ་གཏོང་བ་བཅས་ཀྱི་ལོ་རྒྱུས་ཀྱི་ལས་འགན་ཆེན་པོ་གསུམ་མངོན་འགྱུར་ཡོང་ཆེད་དང་། ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་པར་རྒྱལ་ཁ་ཕུ་ཐག་གཅོད་པ་དང་། དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་རླབས་ཆེན་གྱི་རྒྱལ་ཁ་ལེན་པ། ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་འགྲུབ་པ། མཛེས་སྡུག་ལྡན་པའི་འཚོ་བར་བཅངས་པའི་མི་དམངས་ཀྱི་རེ་འདོད་མངོན་འགྱུར་བཅས་ཡོང་ཆེད་མུ་མཐུད་འབད་བརྩོན་བྱེད་དགོས།