མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ཞི་ཅིན་ཕིང་གིས་སྐབས་བཅུ་དགུ་པའི་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ལས་ཨུ་ཡོན་
དང་ལྷན་དུ་ཀྲུང་ཕྱིའི་གསར་འགོད་པར་ཐུག་འཕྲད་གནང་བ། 

གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 10ཚེས་26ཉིན། 15:16】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

༄༅།།ཞི་ཅིན་ཕིང་གིས་སྐབས་བཅུ་དགུ་པའི་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ལས་ཨུ་ཡོན་
དང་ལྷན་དུ་ཀྲུང་ཕྱིའི་གསར་འགོད་པར་ཐུག་འཕྲད་གནང་བ།

          མི་དམངས་དྲ་བའི་འཕྲིན། འཛམ་གླིང་གི་མིག་དབང་སླར་ཡང་ཀྲུང་གོར་ཕྱོགས་ཡོད། ཟླ་10ཚེས་25ཉིན་གྱི་ཉིན་གུང་། ཀྲུང་གོ་གུང་ཁྲན་ཏང་སྐབས་བཅུ་དགུ་པའི་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་གི་ཚང་འཛོམས་གྲོས་ཚོགས་ཐེངས་དང་པོའི་ཐོག་བདམས་ཐོན་བྱུང་མ་ཐག་པའི་ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུ་ལི་ཁེ་ཆང་དང་། ལི་ཀྲན་ཧྲུའུ། དབང་དབྱང་། ཝང་ཧུའུ་ཉིང་། ཀྲའོ་ལེ་ཅི། ཧན་ཀྲེང་བཅས་དང་ལྷན་དུ་མི་དམངས་ཚོགས་ཁང་ཆེ་མོར་ཀྲུང་གུང་ཚོགས་ཆེན་བཅུ་དགུ་པར་བཅར་འདྲིར་ཡོང་བའི་ཀྲུང་ཕྱིའི་གསར་འགོད་པར་བྱམས་བརྩེའི་ངང་ཐུག་འཕྲད་གནང་བ་རེད།
           མི་དམངས་ཚོགས་ཁང་ཆེ་མོའི་ཚོམས་ཆེན་ཤར་མར་གློག་སྒྲོན་རབ་ཏུ་འཚེར་བ་དང་རྣམ་པ་འཁྲུག་ཆ་དོད་པོ་ཡོད་ཅིང་། ཀྲུང་ཕྱིའི་གསར་འགོད་པ་500ལྷག་ཙམ་གྱིས་དེ་གར་བརྙན་ལེན་འཕྲུལ་ཆས་དང་པར་ཆས་བསྒྲིགས་པ་དང་གློག་ཀླད་དང་སྒྲ་འཇུག་སྨྱུ་གུ་ཁ་ཕྱེ་ནས་འཕྲལ་མ་ཉིད་དུ་གོ་ལ་ཧྲིལ་པོར་སྐབས་གསར་པའི་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུའི་མཉམ་སྡེབ་ཐུག་འཕྲད་གནང་ཐེངས་དང་པོའི་གནས་ཚུལ་གཏོང་སྤེལ་གྱི་གྲ་སྒྲིག་བྱེད་བཞིན་ཡོད་པ་རེད།
          ཆུ་ཚོད་11དང་སྐར་མ་54ཡི་ཐོག་སྤྲོ་སེམས་འཁོལ་བའི་ཐལ་མོའི་རྡེབ་སྒྲའི་ཁྲོད་ཞི་ཅིན་ཕིང་སོགས་ཚོམས་ཆེན་དུ་ཕེབས་སྐབས་སྙིང་སྟོབས་ཀྱིས་ཁེངས་པ་དང་དགའ་སྤྲོའི་འཛུམ་མདངས་འཕྱུར་བཞིན་དེ་གར་ཡོད་པའི་ཀྲུང་ཕྱིའི་གསར་འགོད་པར་འཚམས་འདྲི་ཞུས་པ་རེད།
          ཀྲུང་གུང་ཚོགས་ཆེན་བཅུ་དགུ་པའི་གསར་འགྱུར་མགྲིན་ཚབ་པ་ཐུའོ་ཀྲེན་གྱིས་ངོ་སྤྲོད་མདོར་བསྡུས་གནང་རྗེས་ཞི་ཅིན་ཕིང་གིས་གསུང་བཤད་གལ་ཆེན་གནང་ཞིང་། ཁོང་གིས་དང་ཐོག་ཟླ་10ཚེས་24ཉིན་ཀྲུང་གོ་གུང་ཁྲན་ཏང་རྒྱལ་ཡོངས་འཐུས་མི་ཚོགས་ཆེན་ཐེངས་བཅུ་དགུ་པ་གྲོལ་བ་རེད། ད་ཐེངས་གྲོགས་པོ་གསར་འགོད་པ་ཧ་ཅང་མང་པོ་ཕེབས་ཡོད་པ་དང་ཐག་རིང་ནས་ཕེབས་པའང་མང་པོ་ཡོད། ཚང་མས་ཚོགས་འདུའི་གནས་ཚུལ་གཏོང་སྤེལ་གང་ལེགས་གནང་ཡོད་པས་འཛམ་གླིང་ཡོངས་ཀྱིས་དོ་ཁུར་རྒྱ་ཁྱབ་ཐོབ་ཡོད། ཁྱེད་ཚོ་སྐུ་ལས་ཁག་སོང་། ངས་ཁྱེད་ཚོར་སྙིང་དབུས་ནས་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན་ཞེས་གསུངས་པ་རེད།
         ཞི་ཅིན་ཕིང་གིས་མཛུབ་སྟོན་གནང་དོན། འཚོགས་མ་ཐག་པའི་ཀྲུང་གུང་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་དང་པོའི་ཐོག་སྐབས་གསར་པའི་ཀྲུང་གུང་ཀྲུང་དབྱང་གི་འགོ་ཁྲིད་ལས་ཁུངས་འདེམས་ཐོན་བྱུང་ཡོད། ཚང་འཛོམས་གྲོས་ཚོགས་ཐོག་ང་རང་ཀྲུང་གུང་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་གི་སྤྱི་ཁྱབ་ཧྲུའུ་ཅིར་མུ་མཐུད་བསྐོ་གཞག་བྱས་ཡོད། དེ་ནི་ང་རང་ལ་ཁས་ལེན་བྱས་པ་ཞིག་ཡིན་ལ་སྐུལ་ལྕག་དང་ཡར་སྐུལ་བྱས་པ་ཞིག་དེ་བས་ཡིན།
         ཞི་ཅིན་ཕིང་གིས་ཚང་མར་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཁོངས་མི་གཞན་དག་ངོ་སྤྲོད་གནང་རྗེས་སྐབས་གསར་པའི་ཀྲུང་གུང་ཀྲུང་དབྱང་འགོ་ཁྲིད་ཁོངས་མིའི་ཚབ་ཞུས་ནས་ཏང་ཡོངས་ཀྱི་བློ་མཐུན་གྱིས་ཡིད་ཆེས་གནང་བར་སྙིང་དབུས་ནས་ཐུགས་རྗེ་ཆེ་ཞུས་པ་དང་འབྲེལ་ངེས་པར་དུ་ལས་འགན་གཙང་སྒྲུབ་དང་། ལས་དོན་ཧུར་ཐག་སྒྲུབ་པ། འགན་འཁྲིར་ངོ་མི་གནོང་བ། མངགས་བཅོལ་ཟབ་མོ་ཆུད་ཟོས་སུ་མི་གཏོང་བ་བཅས་བྱེད་རྒྱུ་ཡིན་ཞེས་གསུངས་པ་རེད།
        ཞི་ཅིན་ཕིང་གིས་ནན་བཤད་གནང་དོན། 2018ལོར་ང་ཚོར་སྒྱུར་བཅོས་སྒོ་དབྱེ་བྱས་ནས་ལོ་40འཁོར་བའི་ལོ་འཆར་རྒྱུ་རེད། སྒྱུར་བཅོས་སྒོ་དབྱེ་ནི་དེང་རབས་ཀྲུང་གོའི་ལས་དབང་གཏན་འཁེལ་བྱེད་པའི་འགག་རྩའི་ཐབས་མཆོག་ཅིག་རེད། ལོ་40ཡི་སྒྱུར་བཅོས་སྒོ་དབྱེ་བྱས་པ་བརྒྱུད་ཀྲུང་གོ་མི་དམངས་ཀྱི་འཚོ་བ་འབྱོར་འབྲིང་མངོན་འགྱུར་ཐུབ་ནས་རིམ་བཞིན་ཕྱུག་པོ་ཆགས་ཡོད། ང་ཚོས་ཉམས་མྱོང་ཕྱོགས་སྡོམ་དང་དུས་བསྟུན་མདུན་སྐྱོད་ཀྱིས་རྒྱལ་ཁབ་ཀྱི་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་འཇོན་ཐང་དེང་རབས་ཅན་དུ་འགྱུར་རྒྱུར་མུ་མཐུད་སྐུལ་འདེད་བཏང་ནས་བློ་བརྟན་འགྱུར་མེད་ངང་ཕྱོགས་ཁག་གི་སྒྱུར་བཅོས་གཏིང་ཟབ་ཏུ་གཏོང་བ་དང་། བློ་བརྟན་འགྱུར་མེད་ངང་སྒྱུར་བཅོས་སྒོ་དབྱེ་བྱེད་རྒྱ་ཆེ་རུ་བཏང་ནས་སྒྱུར་བཅོས་དང་སྒོ་དབྱེ་ཕན་ཚུན་སྐུལ་འདེད་དང་གཞོགས་འདེགས་དམ་ཟབ་ཐུབ་པ་བྱེད་རྒྱུ་ཡིན། སྒྱུར་བཅོས་སྒོ་དབྱེའི་འཕེལ་རིམ་ནང་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་མངོན་འགྱུར་ཐུབ་ངེས་ཡིན་པ་ང་ལ་ཡིད་ཆེས་ཡོད།
        ཞི་ཅིན་ཕིང་གིས་མཛུབ་སྟོན་གནང་དོན། 2019ལོར་ང་ཚོར་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་ནས་ལོ་70འཁོར་བའི་ལོ་འཆར་རྒྱུ་རེད། ང་ཚོས་འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ལག་ལེན་བསྟར་ནས་ཀྲུང་གོའི་དཔལ་འབྱོར་རྒྱུན་མཐུད་དང་སྐྱོན་བྲལ་ངང་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་བཏང་སྟེ་ཀྲུང་གོ་མི་དམངས་དང་རྒྱལ་ཁབ་ཁག་གི་མི་དམངས་ལ་ཕན་པ་སྐྲུན་རྒྱུ་ཡིན། 
        ཞི་ཅིན་ཕིང་གིས་ནན་བཤད་གནང་དོན། 2020ལོར་ང་ཚོས་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་རྒྱུ་ཡིན། ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་པར་མི་གཅིག་ཀྱང་མི་ཆད་པ་བྱེད་རྒྱུ་ཡིན། ཐུན་མོང་ཕྱུག་འགྱུར་གྱི་ལམ་བུའི་ཐོག་མི་གཅིག་ཀྱང་རྗེས་སུ་མི་ལུས་པ་བྱེད་རྒྱུ་ཡིན། ང་ཚོས་ཏང་ཡོངས་དང་རྒྱལ་ཡོངས་ཀྱི་སྟོབས་ཤུགས་ལ་བརྟེན་ནས་དབུལ་སྒྲོལ་འགག་སྒྲོལ་གྱི་ལས་འགན་ལེགས་སྒྲུབ་མཐར་ཕྱིན་པ་བྱས་ཏེ་ང་ཚོའི་ཁས་ལེན་དོན་ཐོག་ཏུ་འཁྱོལ་བའི་འགན་ལེན་བྱེད་རྒྱུ་ཡིན། ང་ཚོས་མཛེས་སྡུག་ལྡན་པའི་འཚོ་བར་བཅངས་པའི་མི་དམངས་ཀྱི་རེ་འདོད་བསྒྲུབ་རྒྱུ་ང་ཚོའི་འབད་འཐབ་ཀྱི་དམིགས་ཚད་ཡིན་པ་བློ་ལ་བརྟན་པོར་བཅངས་ནས་མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་བསམ་བློ་མཐའ་འཁྱོངས་དང་། དམངས་འཚོ་འགན་ལེན་དང་ལེགས་བཅོས་ཀྱི་ལས་དོན་ཁག་ལ་འབད་བརྩོན་ཆེན་པོས་དམ་འཛིན་ཡག་པོ་བྱས་ཏེ་མི་དམངས་ཀྱི་ཐོབ་ཚོར་དང་། བདེ་སྐྱིད་ཚོར་སེམས། བདེ་འཇགས་ཚོར་སེམས་བཅས་ཆེ་རུ་བཏང་སྟེ་མི་དམངས་ཡོངས་ཐུན་མོང་ཐོག་ཕྱུག་པོ་ཆགས་རྒྱུར་རྒྱུན་ཆད་མེད་པར་སྐུལ་འདེད་གཏོང་རྒྱུ་ཡིན་པས། ཀྲུང་གོའི་མི་དམངས་ཀྱི་འཚོ་བ་ལོ་རེ་བཞིན་ལེགས་སུ་འགྲོ་ངེས་ཡིན་པ་ང་ལ་ཡིད་ཆེས་བརྟན་པོ་ཡོད།
        ཞི་ཅིན་ཕིང་གིས་མཛུབ་སྟོན་གནང་དོན། 2021ལོར་ང་ཚོར་ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་100འཁོར་བའི་ལོ་འཆར་རྒྱུ་རེད། ཀྲུང་གོ་གུང་ཁྲན་ཏང་གིས་ཀྲུང་ཧྭ་མི་རིགས་ཀྱི་དུས་གཏན་གྱི་རླབས་ཆེན་བྱ་གཞག་ཆེན་པོ་བསྒྲུབ་རྒྱུར་གཞོལ་བས་ལོ་བརྒྱ་དེ་ནི་བརྗིད་ཉམས་དང་འཇོན་ཐང་ངོམ་པའི་དུས་རེད། ཀྲུང་གོ་གུང་ཁྲན་ཏང་ནི་འཛམ་གླིང་ཐོག་གི་སྲིད་ཏང་ཆེ་ཤོས་ཤིག་རེད། “ཆེན་པོ་ཡིན་ཚེ་ཆེན་པོའི་ཉམས་འགྱུར་ལྡན་དགོས” ཀྲུང་གོ་གུང་ཁྲན་ཏང་གིས་མི་དམངས་ཀྱི་སྣེ་ཁྲིད་ནས་རླབས་ཆེན་གྱི་སྤྱི་ཚོགས་གསར་བརྗེ་བྱེད་ཐུབ་ལ་རླབས་ཆེན་གྱི་རང་ངོས་གསར་བརྗེའང་བྱེད་ཐུབ་པ་ལག་ལེན་ལས་ར་འཕྲོད་བྱུང་ཡོད། ང་ཚོས་ནམ་ཡང་སྐྱེ་སྟོབས་ཀྱི་དཔལ་འབར་བའི་ཐོག་ནས་ནམ་ཡང་མི་དམངས་ཀྱི་གཞུང་ཞབས་དང་། དུས་རབས་ཀྱི་གདོང་ལེན། མི་རིགས་ཀྱི་ཀ་རྟེན་བཅས་བྱེད་དགོས། ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བར་ཚར་དུས་མེད་པས་ལྷོད་གཡེང་སྤུ་ཙམ་དང་སྒྱིད་ལུག་ཏོག་ཙམ་ཡང་བྱེད་པའི་བསམ་པ་འཆང་མི་རུང་། ང་ཚོས་མུ་མཐུད་ཏང་གི་སྒྲིག་གཞིར་གནོད་པའི་ནད་དུག་མཐའ་དག་གཙང་མ་བཟོས་ནས་སྤྱོད་གཙང་གཞུང་དྲང་གི་ཆབ་སྲིད་ཀྱི་ཁོར་ཡུག་ཤུགས་ཆེན་བཏོད་དེ་ཏང་གི་ཤུགས་ཆེའི་དྲང་ནུས་ལ་བརྟེན་ནས་སྤྱི་ཚོགས་ཡོངས་སུ་ཀྲུང་གོའི་འཕེལ་རྒྱས་ཡར་ཐོན་ལ་སྐུལ་འདེད་གཏོང་བའི་སྟོབས་ཤུགས་ཆེན་པོ་གཅིག་སྒྲིལ་བྱེད་དགོས།
         ཞི་ཅིན་ཕིང་གིས་མཛུབ་སྟོན་གནང་དོན། ལོ་རྒྱུས་ནི་མི་དམངས་ཀྱིས་བཏོད་པ་ཞིག་ཡིན་པས་གྲུབ་འབྲས་མཐའ་དག་མི་དམངས་ལ་དབང་ཡོད། ང་ཚོས་མི་དམངས་ཁྲོད་རྩ་བ་བརྟན་པོ་ཚུགས་པ་དང་མི་དམངས་ལ་དམ་པོར་བརྟེན་ཚེ་སྟོབས་ཤུགས་ཟད་མཐའ་མེད་པ་ཐོབ་ནས་ཆར་རླུང་ཁྲོད་དུ་དཔའ་ངར་ཆེན་པོས་མདུན་སྐྱོད་བྱེད་ཐུབ།
        མཇུག་ཏུ་ཞི་ཅིན་ཕིང་གིས་ཐོས་པ་བརྒྱ་ལས་མཐོང་བ་གཅིག་དགའ་ཞེས་པའི་ཤོད་རྒྱུན་ལྟར་ང་ཚོས་གྲོགས་པོ་གསར་འགོད་པ་ཀྲུང་གོའི་ས་ཕྱོགས་ཁག་ཏུ་མང་ཙམ་བསྐྱོད་པ་དང་མང་ཙམ་བལྟས་ཏེ་ཀྲུང་གུང་ཚོགས་ཆེན་བཅུ་དགུ་པའི་རྗེས་ཀྱི་ཀྲུང་གོའི་འཕེལ་རྒྱས་འགྱུར་ལྡོག་ལ་མུ་མཐུད་དོ་ཁུར་བྱས་ཏེ་དེ་བས་ཕྱོགས་ཡོངས་ནས་ཀྲུང་གོ་ཤེས་རྟོགས་དང་ཀྲུང་གོའི་གནས་ཚུལ་འགོད་སྤེལ་བྱེད་རོགས་ཞུ་རྒྱུ་ཡིན། ང་ཚོར་བསྟོད་ར་ཆེ་བརྗོད་ཀྱི་ཚིག་ཐལ་ཆེ་བ་དེ་བས་མང་པོ་དགོས་ཀྱི་མེད། དོན་དངོས་དང་མཐུན་པའི་ངོ་སྤྲོད་དང་ཕན་འབྲས་ལྡན་པའི་གྲོས་འགོ་འདོན་རྒྱུར་ང་ཚོས་སྔ་ཕྱི་བར་གསུམ་དུ་དགའ་བསུ་ཞུ་གི་ཡོད། འདི་ནི“ཚོན་མདོག་བཀྲ་ཞེས་བསྔགས་པ་བརྗོད་མི་འཚལ། སྤྱོད་བཟང་འཇིག་རྟེན་ཀུན་ལ་ཁྱབ་པར་མོས”ཞེས་པ་ལྟར་རེད་ཅེས་གསུངས།