མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ཚོགས་ཆེན་བཅུ་དགུ་པའི་གསར་འགྱུར་ལྟེ་གནས་ཀྱིས་ཆེད་དོན་གསར་འགྱུར་ཡོངས་བསྒྲགས་
ཚོགས་འདུ་འཚོགས་པ། 

གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 10ཚེས་30ཉིན། 09:15】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

         མི་དམངས་དྲ་བའི་འཕྲིན། ཟླ་10ཚེས་26ཉིན་གྱི་ཕྱི་དྲོར། ཚོགས་ཆེན་བཅུ་དགུ་པའི་གསར་འགྱུར་ལྟེ་གནས་ཀྱིས་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུ་འཚོགས་ཤིང་། ཀྲུང་དབྱང་སྒྲིག་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་ཤའོ་ཕེ་དང་། ཀྲུང་དབྱང་སྲིད་ཇུས་ཞིབ་འཇུག་ཁང་གི་རྒྱུན་ལས་ཀྲུའུ་རེན་གཞོན་པ་ཀྲུང་དབྱང་དྲིལ་བསྒྲགས་པུའི་པུའུ་ཀྲང་གཞོན་པ་ཝང་ཞའོ་ཧུའེ། ཀྲུང་དབྱང་ཚད་ལྡན་ཡིག་ཆ་ཞིབ་འཇུག་ཁང་གི་ཀྲུའུ་རེན་ལེང་རུང་། རྒྱལ་སྲིད་སྤྱི་ཁྱབ་ཁང་ཁྲིམས་ལུགས་གཞུང་ལས་ཁང་གི་ཏང་ཙུའི་ཧྲུའུ་ཅི་ཀྲུའུ་རེན་གཞོན་པ་ཡོན་ཧྲུའུ་ཧུང་། ཀྲུང་དབྱང་ནོར་དཔལ་འགོ་ཁྲིད་ཚོགས་ཆུང་གཞུང་ལས་ཁང་གི་ཀྲུའུ་རེན་གཞོན་པ་དབྱང་ཝུའེ་མིན། གཞུང་རྒྱུ་ཨུ་ལྷན་དུ་བཅའ་བཞུགས་ཀྲུང་དབྱང་སྒྲིག་ཨུད་ཀྱི་སྒྲིག་བཤེར་ཚོགས་ཆུང་གི་ཙུའུ་ཀྲང་གཞུང་རྒྱུ་ཨུ་ལྷན་ཏང་ཨུད་ཀྱི་ཨུ་ཡོན་ཅང་ཅིན་ཆོན་བཅས་ཀྱིས་ཚོགས་ཆེན་བཅུ་དགུ་པའི་སྙན་སྒྲོན་སྐོར་གསལ་འགྲེལ་གནང་བ་དང་འབྲེལ་གསར་འགོད་པའི་དྲི་བར་ལན་ཡང་བསྐྱོན་པ་རེད། གསར་འགྱུར་ཡོངས་བསྒྲགས་ཚོགས་འདུ་ཚོགས་ཆེན་བཅུ་དགུ་པའི་གསར་འགྱུར་མགྲིན་ཚབ་པ་ཀྲུང་དབྱང་དྲིལ་བསྒྲགས་པུའི་པུའུ་ཀྲང་གཞོན་པ་ཐུའོ་ཀྲེན་གྱིས་གཙོ་སྐྱོང་གནང་བ་རེད།
         ལོ་ལྔའི་གྲུབ་འབྲས་ནི་ཕྱོགས་ཐམས་ཅད་ནས་ཡིན་པ་དང་གསར་གཏོད་རང་བཞིན་ལྡན་པ་དང་འཕོ་འགྱུར་ནི་གཏིང་ཟབ་ཅིང་རྩ་བའི་རང་བཞིན་དང་ལྡན་པ་ཞིག་ཡིན་པ།
        “ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན་གྱི་ལོ་ལྔ་ནི་ཏང་དང་རྒྱལ་ཁབ་འཕེལ་རྒྱས་བྱུང་བའི་བརྒྱུད་རིམ་ནང་སྤྱིར་བཏང་གཏན་ནས་མིན་པའི་ལོ་ལྔ་ཡིན”ཡོན་ཧྲུའུ་ཧུང་གིས“སྤྱིར་བཏང་གཏན་ནས་མིན་པ”ཞེས་པའི་ཡིག་འབྲུ་དྲུག་པོའི་ཐོག་ནས་ཏང་ཡོངས་ཀྱི་ཏང་ཡོན་ཁྲི་8900ལྷག་ཙམ་དང་རྒྱལ་ཡོངས་ཀྱི་མི་དམངས་དུང་ཕྱུར་13ལྷག་ཙམ་ལ་ཤེས་ཚོར་གཏིང་ཟབ་དང་སྤོབས་པ་ཚད་མེད་བྱུང་བ་མཚོན་གྱི་ཡོད་ཅེས་གསུངས་པ་རེད།
        “ལོ་ལྔའི་གྲུབ་འབྲས་ནི་ཕྱོགས་ཐམས་ཅད་ནས་ཡིན་པ་དང་གསར་གཏོད་རང་བཞིན་ལྡན་པ་དང་ལོ་ལྔའི་འཕོ་འགྱུར་ནི་གཏིང་ཟབ་ཅིང་རྩ་བའི་རང་བཞིན་ལྡན་པ་ཞིག་ཡིན”ཡོན་ཧྲུའུ་ཧུང་གིས་ཚིག་དུམ་དེ་གཉིས་གནད་ལ་འཁེལ་ཞིང་དོན་བསྡུས་པ་དང་། སྒྲ་གདངས་གསལ་ལ་ཤུགས་དང་ལྡན་པ། དོན་དངོས་དང་མཐུན་ལ་ཡང་དག་པ་བཅས་ཡོད། ལོ་ལྔའི་རིང་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་བློ་གྲོས་ཆེན་པོ་དང་། གཟིགས་རྒྱང་རིང་པོ། ཆགས་སྟངས་ཆེན་པོ་བཅས་ཀྱི་ཐོག་ནས་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་བྱ་གཞག་གི“ཕྱོགས་ལྔ་གཞི་གཅིག”གི་སྤྱིའི་བཀོད་སྒྲིག་དང“ཕྱོགས་ཡོངས་བཞིའི”འཐབ་ཇུས་བཀོད་ཇུས་གཏན་འཁེལ་གནང་ཞིང་། ཕྱོཌ་ཡོངས་ནས་སྒྱུར་བཅོས་གཏིང་ཟབ་བྱས་པར་ཚད་བརྒལ་ཆེན་པོ་བྱུང་བ་དང་། ཕྱོགས་ཡོངས་ནས་ཁྲིམས་བཞིན་རྒྱལ་ཁབ་བསྐྱངས་པར་སྐུལ་འདེད་གཏིང་ཟབ་ཐེབས་པ། ཕྱོགས་ཡོངས་ནས་ཏང་ནན་པོས་བསྐྱངས་པར་ཕན་འབྲས་མངོན་གསལ་དོད་པོ་ཐོན་པ། ཡུན་རིང་ཐག་གཅོད་བྱེད་དགོས་བསམས་ཀྱང་ཐག་གཅོད་མ་བྱུང་བའི་དཀའ་གནད་མང་པོ་ཞིག་ཐག་གཅོད་བྱུང་བ་དང་། དེ་སྔ་སྒྲུབ་དགོས་བསམས་ཀྱང་སྒྲུབ་ཐུབ་མེད་པའི་དོན་ཆེན་མང་པོ་ཞིག་གྲུབ་པའི་ངོས་འཛིན་གནང་བ་རེད།
       ཡོན་ཧྲུའུ་ཧུང་གིས་ལོ་ལྔའི་རིང་རང་རེའི་ཏང་གིས་ལོ་རྒྱུས་རང་བཞིན་གྱི་འཕོ་འགྱུར་ཆེན་པོར་སྐུལ་འདེད་གཏོང་ཐུབ་པ་དང་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་ཆེན་པོ་ཐོབ་དོན་གཙོ་བོ་ནི་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་ཡོད་པ་དང་། བློ་མཐུན་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པའི་ཚན་རིག་དང་མཐུན་པའི་མཛུབ་ཁྲིད་ཡོད་པ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཏང་གི་སྲོག་ཤིང་དང་། མི་དམངས་ཀྱི་གཙོ་འཛིན། དམག་དཔུང་གི་དམག་སྤྱི་བཅས་གནང་བ་ལས་བྱུང་བ་རེད་ཅེས་གསུངས་པ་རེད།
        “གོམ་སྟབས་གཉིས་སུ་ཕྱེ་ནས་བསྐྱོད་རྒྱུའི”འཐབ་ཇུས་ལས་རང་རྒྱལ་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་འཛུགས་སྐྲུན་གྱི་དུས་ཚོད་རེའུ་མིག་དང་ལམ་ཐིག་དཔེ་རིས་ཆ་ཚང་པོ་བཀོད་པ།
      “འབད་བརྩོན་ཡུན་རིང་བྱས་པ་བརྒྱུད་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དུས་རབས་གསར་པར་སླེབས་ཡོད། དེ་ནི་རང་རྒྱལ་འཕེལ་རྒྱས་ཀྱི་ལོ་རྒྱུས་ཁ་ཕྱོགས་ཤིག་ཡིན”ལེང་རུང་གིས་ཆབ་སྲིད་ཀྱི་ཆོད་གཏམ་གལ་ཆེན་དེ་ནི་སྙན་སྒྲོན་ནང་གི་བཀྲག་མདངས་འཚེར་ས་ཆེན་པོ་ཞིག་རེད། ཏང་གི་ཚོགས་ཆེན་བཅུ་དགུ་པས་དུས་རབས་གསར་པའི་མཛུབ་ཁྲིད་བསམ་བློ་དང་རྩ་བའི་མཛད་ཇུས་གཏན་འཁེལ་དང་། དུས་རབས་གསར་པའི་ཏང་གི་ལོ་རྒྱུས་ལས་འགན་གསལ་འདོན། དུས་རབས་གསར་པའི་བརྗིད་ཆེའི་འཆར་གཞི་ལེགས་འགོད། དུས་རབས་གསར་པའི་ཏང་གི་འཐབ་ཇུས་བཀོད་སྒྲིག དུས་རབས་གསར་པའི་ཏང་འཛུགས་སྐྱོང་གི་བླང་བྱ་གསར་པ་གསལ་བཟོ་བཅས་གནང་ཡོད་ཅེས་གསུངས་པ་རེད།
        ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དུས་རབས་གསར་པར་སླེབས་ཡོད་ལ་རང་རྒྱལ་སྤྱི་ཚོགས་ཀྱི་འགལ་ཟླ་གཙོ་བོར་ཡང་འགྱུར་ལྡོག་བྱུང་བ་སྟེ། “མི་དམངས་ཀྱི་ཉིན་བཞིན་ཆེ་རུ་འགྲོ་བའི་མཛེས་སྡུག་ལྡན་པའི་འཚོ་བའི་དགོས་མཁོ་དང་དོ་མི་སྙོམས་པ་དང་འཐུས་སྒོ་མི་ཚང་བའི་འཕེལ་རྒྱས་དབར་གྱི་འགལ་བར་གྱུར་ཡོད”ལེང་རུང་གིས་དེ་སྔོན་བརྗོད་པའི“དངོས་པོའི་རིག་གནས་ཀྱི་དགོས་མཁོ”ནས“མཛེས་སྡུག་ལྡན་པའི་འཚོ་བའི་དགོས་མཁོའི”བར་དང“རྗེས་ལུས་ཀྱི་སྤྱི་ཚོགས་ཐོན་སྐྱེད”ཀྱི་གནད་དོན་ཐག་གཅོད་བྱ་རྒྱུ་ནས“དོ་མི་སྙོམས་པ་དང་འཐུས་སྒོ་མི་ཚང་བའི་འཕེལ་རྒྱས”ཀྱི་གནད་དོན་ཐག་གཅོད་བྱ་རྒྱུའི་བར་གྱི་ཐོག་ནས་རང་རྒྱལ་སྤྱི་ཚོགས་ལ་བྱུང་བའི་འཕེལ་རྒྱས་རླབས་པོ་ཆེ་དང་། འཕེལ་རྒྱས་ཀྱི་དུས་མཚམས་རང་བཞིན་གྱི་བླང་བྱ། ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་འཕེལ་རྒྱས་ཀྱི་བླང་བྱ་གཙོ་བོ་བཅས་མཚོན་གྱི་ཡོད། དཔལ་འབྱོར་འཛུགས་སྐྲུན་ནི་སྔར་མུས་བཞིན་ལས་དོན་གཙོ་བོ་ཡིན་མོད། འོན་ཀྱང་དུས་རབས་གསར་པར་ཕྱོགས་ཡོངས་ནས་འཕེལ་རྒྱས་ལ་དམ་འཛིན་བྱ་རྒྱུར་དེ་བས་ཀྱང་སྣང་ཆེན་བྱེད་དགོས་པའི་ངོས་འཛིན་གནང་བ་རེད།
       ཏང་གི་ཚོགས་ཆེན་བཅུ་དགུ་པ་ནས་ཚོགས་ཆེན་ཉི་ཤུ་པ་བར་ནི“ལོ་བརྒྱ་གཉིས”ཀྱི་འབད་འཐབ་དམིགས་ཚད་ཀྱི་ལོ་རྒྱུས་ཀྱི་འབྲེལ་མཚམས་ཤིག་ཡིན་ཞིང་། ཚོགས་ཆེན་བཅུ་དགུ་པས་ལོ་བརྒྱ་དང་པོའི་དམིགས་ཚད་མངོན་འགྱུར་བྱེད་པའི་གཙོ་གནད་ཁ་གསལ་བཟོ་དགོས་ཀྱི་ཡོད་ལ་ལོ་བརྒྱ་གཉིས་པའི་དམིགས་ཚད་མངོན་འགྱུར་བྱ་རྒྱུའི་འཐབ་ཇུས་ཀྱང་འདིང་དགོས་ཀྱི་ཡོད། དབྱང་ཝུའེ་མིན་གྱིས་ལོ་གསུམ་སོང་རྗེས་ང་ཚོས་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་ཐུབ་རྒྱུ་རེད། ལོ་གསུམ་དེ་ནི་རྒྱལ་ཁ་ཕུ་ཐག་གཅོད་པའི་ལོ་གསུམ་དང་འགག་སྒྲོལ་གྱི་ལོ་གསུམ་ཡིན་པས་ཉེན་ཁ་ཆེན་པོ་འགོག་སེལ་དང་། གནད་སྨིན་དབུལ་སྒྲོལ། སྦགས་བཙོག་འགོག་བཅོས་བཅས་ཀྱི“འགག་སྒྲོལ་དམག་འཐབ་ཆེན་པོ་གསུམ”དམིགས་སུ་བཀར་ནས་ཡག་པོ་རྒྱག་དགོས། དེ་ནི་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་པའི་མཐའ་ཚད་ཅིག་རེད། ཚོགས་ཆེན་བཅུ་དགུ་པའི་སྙན་སྒྲོན་ནང“འགག་སྒྲོལ་དམག་འཐབ་ཆེན་པོ་གསུམ”ཞེས་པ་ཁ་གསལ་བཏོན་པ་དེ་ཕྱོགས་ཁག་ལ་ཁྲིད་སྟོན་གྱིས་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་པའི་དཀའ་གནད་དང་། གཙོ་གནད། གཙོ་རྒོལ་ཁ་ཕྱོགས་བཅས་ཕྱོགས་ཡོངས་ནས་ཁོང་དུ་ཡང་དག་ཆུད་རྒྱུར་ཕན་པ་ཡོད་པ་ཞིག་རེད་ཅེས་གསུངས་པ་རེད།
       ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་རྒྱུ་ནམ་ཡང་ཚར་དུས་མེད་པས་ཡིད་ཚིམ་པ་དང་ངལ་གསོ་བའི་བསམ་བློ་རྩ་བ་ནས་ཡོད་མི་རུང་བ།
      “ལོ་ལྔའི་རིང་ཕྱོགས་ཡོངས་ནས་ཏང་ནན་པོས་བསྐྱངས་པར་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་ཡོད། རང་རེའི་ཏང་གིས་ཏང་ལ་འཕྲད་པའི་ཉེན་ཁ་ཆེན་པོ་དང་། ཚོད་བགམ་ཆེན་པོ། ཏང་ནང་ཁུལ་དུ་ལྷག་པའི་གནད་དོན་མངོན་གསལ་དོད་རིགས་བཅས་ལ་ཁ་གཏད་གཅོག་ཕོད་པ་དང་། དཔའ་ངར་ཆེར་སྐྱེད་རང་བཞིན་ཐོག་ནས་སྤྱོད་ལམ་གཙང་མ་དང་སྒྲིག་ཁྲིམས་ནན་དུ་བཏང་བ་དང་། རུལ་སུངས་ལ་ངོ་རྒོལ་དང་ངན་པར་ཆད་པ་བཅད་པ། ཏང་དང་རྒྱལ་ཁབ་ནང་ཁུལ་དུ་གནས་པའི་མངོན་མེད་རྐྱེན་ངན་ཚབས་ཆེན་བསལ་བ་བཅས་ལ་བརྟེན་ནས་ཏང་ནང་ཁུལ་གྱི་ཆབ་སྲིད་འཚོ་བའི་རྣམ་པ་དེ་བས་གསར་དུ་དང་ཏང་ནང་ཁུལ་གྱི་ཆབ་སྲིད་ཁོར་ཡུག་མངོན་གསལ་དོད་པོས་ལེགས་སུ་ཕྱིན་པ། ཏང་གི་གསར་གཏོད་བྱེད་ནུས་དང་། གོང་བུ་འགྲིལ་ནུས། དམག་འཐབ་བྱེད་ནུས་བཅས་མངོན་གསལ་དོད་པོས་ཆེ་རུ་སོང་ཡོད”ཅང་ཅིན་ཆོན་གྱིས་སྙན་སྒྲོན་ཐོག་ནས“ཆབ་སྲིད་ཀྱི་སྙན་སྒྲོན”གྱི་ཁྱད་ཆོས་གང་ལེགས་མངོན་ཞིང་། མངོན་གསལ་དོད་ཤོས་ཤིག་ནི་ཏང་གི་འགོ་ཁྲིད་བྱེད་ཤུགས་ཆེ་རུ་གཏོང་རྒྱུ་དང་ཏང་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་རྒྱུ་དེ་སྙན་སྒྲོན་གྱི་འགོ་ནས་མཇུག་བར་ཁྱབ་ནས་སྙན་སྒྲོན་ཧྲིལ་པོའི“རྩ་བ”དང“བླ་སྲོག”ལྟ་བུར་གྱུར་ཡོད་ཅེས་གསུངས་པ་རེད།
      ཅང་ཅིན་ཆོན་གྱིས་སྙན་སྒྲོན་གྱི་ཏང་གི་ཆབ་སྲིད་འཛུགས་སྐྱོང་དེ་ཏང་འཛུགས་སྐྱོང་གི་སྤྱིའི་བཀོད་ཇུས་ནང་ཐེངས་དང་པོ་བཅུག་སྟེ་ཏང་གི་ཆབ་སྲིད་འཛུགས་སྐྱོང་སྤྱི་འདོམས་སུ་བྱ་རྒྱུའི་ནན་བཤད་བྱས་ཡོད། དེ་ནི་མར་ཁེ་སི་རིང་ལུགས་ཀྱི་ཏང་འཛུགས་སྐྱོང་གི་རིགས་པའི་གཞུང་ལུགས་གསར་གཏོད་ཆེན་པོ་བྱས་པ་ཞིག་རེད། ཏང་འཛུགས་སྐྱོང་གི་སྤྱིའི་བཀོད་ཇུས་གསར་པའི་ཁྲོད་ཏང་གི་ཆབ་སྲིད་འཛུགས་སྐྱོང་ནི་གལ་ཆེ་ཤོས་དང་། སྤྱི་འདོམས། སྲོག་ཤིང་བཅས་རེད། དེས་ཏང་འཛུགས་སྐྱོང་གི་ཁ་ཕྱོགས་དང་ཕན་འབྲས་གཏན་འཁེལ་བྱེད་ཀྱི་ཡོད་ཅེས་གསུངས་པ་རེད།
      སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་རྒྱུ་ནམ་ཡང་ཚར་དུས་མེད་པས་ཡིད་ཚིམ་པ་དང་ངལ་གསོ་བའི་བསམ་བློ་རྩ་བ་ནས་ཡོད་མི་རུང་། ང་ཚོས་མུ་མཐུད་ཏང་སྐྱོན་བྲལ་ངང་འཕེལ་རྒྱས་འགྲོ་རྒྱུར་གནོད་པའི་ཆ་ཐམས་ཅད་རྩ་མེད་བཟོས་ཏེ་སྤྱོད་གཙང་གཞུང་དྲང་གི་ཆབ་སྲིད་ཁོར་ཡུག་ནུས་ཤུགས་ཡོད་རྒུས་གཏོད་དགོས་ཞེས་ནན་བཤད་གནང་ཡོད། ཤའོ་ཕེ་ཡིས་འདས་ཟིན་པའི་ལོ་ལྔའི་ནང་ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་ལས་འགལ་བའི་གནད་དོན་ཁྱོན་ཁྲི་18.9ཞིབ་གཅོད་བྱས་པ་དང་། ཏང་ཡོན་ལས་བྱེད་པ་ཁྲི་25.6ཐག་གཅོད་བྱས་ཡོད། སླད་ཕྱིན་གཟེར་འདེབས་ཀྱི་སྙིང་སྟོབས་དར་སྤེལ་གཏོང་བ་དང་། སྐྱིད་འདོད་རིང་ལུགས་དང་བག་མེད་ལོངས་སྤྱོད་རིགས་ལ་ནན་པོར་བསྡིགས་པ། ཕྱི་ཚུལ་རིང་ལུགས་དང་དཔོན་ཉམས་རིང་ལུགས་ཡོ་བསྲང་བྱེད་ཤུགས་ཆེ་རུ་གཏོང་བ་བཅས་བྱེད་པ་ལས“སྤྱོད་ཚུལ་བཞི”རྩ་བ་ཉིད་ནས་མི་ཐོན་པ་བྱེད་དགོས་ཞེས་གསུངས་པ་རེད།