མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ཀྲུང་གུང་ཀྲུང་དབྱང་གིས་ཐུགས་རྗེ་ཆེ་ཞུ་བའི་འཕྲིན་ཡིག་སྤྲིངས་པ།

གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 10ཚེས་30ཉིན། 09:16】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

            མི་དམངས་དྲ་བའི་འཕྲིན། ཀྲུང་གོ་གུང་ཁྲན་ཏང་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་གིས་འཕྲིན་ཡིག་སྤྲིངས་ནས་དམངས་གཙོ་ཏང་ཤོག་ཁག་གི་ཀྲུང་དབྱང་དང་རྒྱལ་ཡོངས་བཟོ་ཚོང་ལས་རིགས་མཉམ་འབྲེལ་ལྷན་ཚོགས་ལ་ཐུགས་རྗེ་ཆེ་ཞུས་པ་རེད།
         ཐུགས་རྗེ་ཆེ་ཞུ་བའི་ཡི་གེའི་ནང་ཀྲུང་གོ་གུང་ཁྲན་ཏང་རྒྱལ་ཡོངས་འཐུས་མི་ཚོགས་ཆེན་ཐེངས་བཅུ་དགུ་པ་གཟབ་རྒྱས་ངང་འཚོགས་པའི་སྐབས་སུ་ཚོགས་ཆེན་ཐོག་ཁྱེད་རྣམས་ཀྱི་སྤྲོ་སེམས་རབ་ཏུ་འཁོལ་བའི་རྟེན་འབྲེལ་འཕྲིན་ཡིག་འབྱོར་བྱུང་། ཀྲུང་གོ་གུང་ཁྲན་ཏང་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་གིས་ཁྱེད་རྣམས་ལ་སྙིང་དབུས་ནས་ཐུགས་རྗེ་ཆེ་དང་ལྷག་བསམ་ཟོལ་མེད་ཀྱི་འཚམས་འདྲི་ཞུ་རྒྱུ་ཡིན་ཞེས་བཀོད་ཡོད།
        འཐབ་ཕྱོགས་གཅིག་གྱུར་ནི་གསར་བརྗེ་དང་། འཛུགས་སྐྲུན། སྒྱུར་བཅོས་བཅས་ཀྱི་བྱ་གཞག་ལ་རྒྱལ་ཁ་ལེན་པའི་མཆོག་ནོར་གལ་ཆེན་ཞིག་དང་། ཏང་གི་གྲལ་རིམ་རྨང་གཞི་བརྟན་དུ་གཏོང་བ་དང་། ཏང་གི་མང་ཚོགས་རྨང་གཞི་རྒྱ་ཆེར་གཏོང་བ། ཏང་གི་སྲིད་འཛིན་གནས་བབ་སྲ་བརྟན་དུ་གཏོང་བ་བཅས་ཀྱི་མཆོག་ནོར་གལ་ཆེན་ཞིག ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་པ་དང་། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་ལ་སྐུལ་འདེད་མགྱོགས་པོ་གཏོང་བ། ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་བྱེད་པ་བཅས་ཀྱི་མཆོག་ནོར་གལ་ཆེན་ཞིག་རེད། ཆེས་རྒྱ་ཆེའི་རྒྱལ་གཅེས་འཐབ་ཕྱོགས་གཅིག་གྱུར་སྲ་བརྟན་དང་འཕེལ་རྒྱས་གཏོང་བ་དང་། དམངས་གཙོ་ཏང་ཤོག་དང་བཟོ་ཚོང་ལས་རིགས་མཉམ་འབྲེལ་ལྷན་ཚོགས་ཁག་དང་མཐུན་སྒྲིལ་བྱས་ནས་ཕྱར་བ་གྲུ་འདེགས་དང་། དཔུང་པ་མཉམ་གཤིབ་ཀྱིས་འབད་འཐབ་བྱས་ཏེ་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་རླབས་ཆེན་བྱ་གཞག་ལ་ཐུན་མོང་ཐོག་གཞོལ་རྒྱུ་ནི་ཀྲུང་གོ་གུང་ཁྲན་ཏང་གི་ཐོག་མཐའ་བར་གསུམ་དུ་འགྱུར་བ་མེད་པའི་འཐབ་ཇུས་བྱེད་ཕྱོགས་ཤིག་རེད། དུས་རབས་གསར་པར་ང་ཚོས་འཐབ་ཕྱོགས་གཅིག་གྱུར་གྱི་མཆོག་ནོར་གྱི་ནུས་པ་གལ་ཆེན་འདོན་སྤེལ་བྱ་རྒྱུར་དེ་བས་མཐོང་ཆེན་བྱས་ཏེ་བློ་བརྟན་འགྱུར་མེད་ངང་ཀྲུང་གོ་གུང་ཁྲན་ཏང་གིས་འགོ་ཁྲིད་གནང་བའི་ཏང་མང་མཉམ་ལས་དང་ཆབ་སྲིད་གྲོས་མོལ་ལམ་ལུགས་མཐའ་འཁྱོངས་དང་འཐུས་སྒོ་ཚང་དུ་གཏོང་བ་དང་། བློ་བརྟན་འགྱུར་མེད་ངང་ཡུན་རིང་མཉམ་གནས་དང་། ཕན་ཚུན་ལྟ་སྐུལ། གཅིག་སེམས་གཅིག་གཏད། གཟི་ཁྲེལ་མཉམ་གནས་བཅས་ཀྱི་བྱེད་ཕྱོགས་ལག་བསྟར་བྱེད་པ། བློ་བརྟན་འགྱུར་མེད་ངང་དམངས་གཙོ་ཏང་ཤོག་ཁག་གིས་འགན་ནུས་འཁུར་བའི་ཐད་ནུས་པ་འདོན་རྒྱུར་རྒྱབ་སྐྱོར་བྱས་ཏེ་ཏང་མང་མཉམ་ལས་ཀྱི་བྱ་གཞག་མུ་མཐུད་མདུན་ཕྱོགས་སུ་སྐུལ་འདེད་གཏོང་བ་དང་། བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས་ཀྱི་འགན་ནུས་སྔར་བས་བཏོན་པ། སྤྱིའི་བགོ་གྲངས་ཆེ་ཤོས་འཚོལ་བ། ལྟེ་དམིགས་སྒོར་དབྱིབས་ཆེ་ཤོས་རྩོམ་པ་བཅས་བྱས་ནས་ཀྲུང་གོ་གུང་ཁྲན་ཏང་གི་རྒྱལ་ཡོངས་འཐུས་མི་ཚོགས་ཆེན་ཐེངས་བཅུ་དགུ་པའི་ཐོག་གཏན་འཁེལ་བྱས་པའི་བརྗིད་ཆེའི་དམིགས་ཚད་མངོན་འགྱུར་ཡོང་ཆེད་ཆེས་རྒྱ་ཁྱབ་ཀྱི་སྒོ་ནས་ཐུན་མོང་གི་ངོས་འཛིན་གཅིག་ཏུ་བསྡུ་བ་དང་། མི་སེམས་གཅིག་སྒྲིལ། བློ་གྲོས་གཅིག་སྡུད། སྟོབས་ཤུགས་གཅིག་སྡུད་བཅས་བྱེད་དགོས།
         ང་ཚོས་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཀྲུང་གུང་ཀྲུང་དབྱང་གི་མཐའ་འཁོར་དུ་མཐུན་སྒྲིལ་དམ་ཟབ་དང་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་རླབས་ཆེན་དར་ཆ་མཐོན་པོར་བསྒྲེངས་ཏེ། ཐོག་མའི་བསམ་འདུན་མ་བརྗེད་པ་དང་འགན་འཁྲི་བློ་ལ་བརྟན་པོར་ངེས་པ། བློ་སེམས་གཅིག་མཐུན་གྱིས་འབད་འཐབ་དང་འབད་འབུངས་ཡར་བརྩོན་བཅས་བྱས་ཏེ་འཐབ་ཕྱོགས་གཅིག་གྱུར་དང་ཏང་མང་མཉམ་ལས་ཀྱི་བྱ་གཞག་འཕེལ་རྒྱས་ཀྱི་ལེའུ་གསར་པ་ཐུན་མོང་ཐོག་བརྩམས་ནས“ལོ་བརྒྱ་གཉིས”ཀྱི་འབད་འཐབ་དམིགས་ཚད་དང་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་ཡོང་ཆེད་འབད་འཐབ་ཧུར་ཐག་བྱེད་དགོས།