མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ཞི་ཅིན་ཕིང་གིས་དུས་རབས་གསར་པའི་ཏང་གི་དམག་དཔུང་སྟོབས་ཆེར་གཏོང་བའི་དམིགས་
ཚད་མངོན་འགྱུར་ཡོང་བ་བྱས་ཏེ་མི་དམངས་དམག་དཔུང་འདི་ཉིད་འཛམ་གླིང་གི་དམག་
དཔུང་རྩེ་གྲ་ཞིག་ཏུ་ཕྱོགས་ཡོངས་ནས་འཛུགས་སྐྱོང་བྱེད་ཆེད་འབད་
འཐབ་བྱེད་དགོས་པའི་ནན་བཤད་གནང་བ།

གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 10ཚེས་30ཉིན། 09:19】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

༄༅།།ཞི་ཅིན་ཕིང་གིས་དུས་རབས་གསར་པའི་ཏང་གི་དམག་དཔུང་སྟོབས་ཆེར་གཏོང་བའི་དམིགས་
ཚད་མངོན་འགྱུར་ཡོང་བ་བྱས་ཏེ་མི་དམངས་དམག་དཔུང་འདི་ཉིད་འཛམ་གླིང་གི་དམག་
དཔུང་རྩེ་གྲ་ཞིག་ཏུ་ཕྱོགས་ཡོངས་ནས་འཛུགས་སྐྱོང་བྱེད་ཆེད་འབད་
འཐབ་བྱེད་དགོས་པའི་ནན་བཤད་གནང་བ།

             མི་དམངས་དྲ་བའི་འཕྲིན། ཟླ་10ཚེས་26ཉིན་གྱི་ཕྱི་དྲོ་ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཞི་ཅིན་ཕིང་པེ་ཅིང་དུ་འཚོགས་པའི་དམག་དཔུང་གི་འགོ་ཁྲིད་ལས་བྱེད་པའི་ཚོགས་འདུར་ཕེབས་པ་དང་འབྲེལ་གསུང་བཤད་གལ་ཆེན་ཡང་གནང་ཞིང་། ཁོང་གིས་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དུས་རབས་གསར་པར་སླེབས་ཡོད་ལ་རྒྱལ་སྲུང་དང་དམག་དཔུང་འཛུགས་སྐྱོང་བྱེད་རྒྱུ་ཡང་དུས་རབས་གསར་པར་སླེབས་ཡོད། མི་དམངས་དམག་དཔུང་གིས་ཐོག་མའི་བསམ་འདུན་མ་བརྗེད་པ་དང་འགན་འཁྲི་བློ་ལ་བརྟན་པོ་བཅངས་ནས་ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་སློབ་སྦྱོང་ལག་བསྟར་ནན་ཏན་བྱེད་པ་དང་། དུས་རབས་གསར་པའི་ཏང་གི་དམག་དཔུང་སྟོབས་ཆེར་གཏོང་བའི་དགོངས་པ་སློབ་སྦྱོང་ལག་བསྟར་གཏིང་ཟབ་བྱས་ནས་བློ་བརྟན་འགྱུར་མེད་ངང་ཀྲུང་གོའི་ཁྱད་ཆོས་ཀྱི་དམག་དཔུང་སྟོབས་ཆེར་གཏོང་བའི་ལམ་བུའི་ཐོག་སྐྱོད་པ་དང་རྒྱལ་སྲུང་དང་དམག་དཔུང་དེང་རབས་ཅན་དུ་འགྱུར་རྒྱུར་ཕྱོགས་ཡོངས་ནས་སྐུལ་འདེད་བཏང་སྟེ་དུས་རབས་གསར་པའི་ཏང་གི་དམག་དཔུང་སྟོབས་ཆེར་གཏོང་བའི་དམིགས་ཚད་མངོན་འགྱུར་ཡོང་བ་དང་། དུས་རབས་འདིའི་དུས་དཀྱིལ་དུ་སླེབས་སྐབས་མི་དམངས་དམག་དཔུང་འདི་ཉིད་འཛམ་གླིང་གི་དམག་དཔུང་རྩེ་གྲར་འཛུགས་སྐྱོང་བྱེད་པ། ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་འགྲུབ་པ་བཅས་ཀྱི་ཆེད་འབད་འཐབ་ཧུར་ཐག་བྱེད་དགོས་པའི་ནན་བཤད་གནང་བ་རེད།
         ཞི་ཅིན་ཕིང་གིས་ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན་གྱི་ལོ་5ནི་ཏང་དང་རྒྱལ་ཁབ་ཀྱི་འཕེལ་རྒྱས་བརྒྱུད་རིམ་ནང་སྤྱིར་བཏང་གཏན་ནས་མིན་པའི་ལོ་ལྔ་ཡིན་ལ་རང་དམག་འཕེལ་རྒྱས་ཀྱི་བརྒྱུད་རིམ་ནང་སྤྱིར་བཏང་གཏན་ནས་མིན་པའི་ལོ་5ཞིག་ཀྱང་ཡིན། ཀྲུང་དབྱང་དམག་ཨུད་ཀྱིས་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་ལག་ལེན་མཐར་ཕྱིན་བསྟར་ནས་རྒྱལ་སྤྱི་རྒྱལ་ནང་གི་འཕེལ་ཕྱོགས་ཆེན་པོ་ཕྱོགས་ཡོངས་ནས་སྟངས་འཛིན་བྱེད་པ་དང་། ཏང་དང་རྒྱལ་ཁབ་ཀྱི་ལས་དོན་གྱི་ཁྱོན་ཡོངས་ལ་དམ་པོར་དམིགས་པ། ཏང་གི་བཀོད་འདོམས་ལ་ཉན་པ་དང་། རྒྱལ་ཁ་ལེན་ཐུབ་པ། སྤྱོད་ཚུལ་བཟང་བ་བཅས་ཀྱི་མི་དམངས་དམག་དཔུང་ཞིག་འཛུགས་སྐྱོང་བྱེད་རྒྱུར་གཞིགས་པ། དུས་བབ་གསར་པའི་འོག་གི་དམག་དོན་འཐབ་ཇུས་ཀྱི་བྱེད་ཕྱོགས་ལག་ལེན་བསྟར་བ། མཛད་ཕྱོགས་གལ་ཆེན་རབ་དང་རིམ་པ་བཏོན་པ། ཐབས་ཇུས་བཀོད་སྒྲིག་གལ་ཆེན་རབ་དང་རིམ་པ་བཏོན་པ། ལས་དོན་གལ་ཆེན་རབ་དང་རིམ་པར་སྐུལ་འདེད་བཏང་ཡོད། ལྷག་དོན་དུ་དུས་རབས་གསར་པའི་ཏང་གི་དམག་དཔུང་སྟོབས་ཆེར་གཏོང་བའི་དགོངས་པ་ལག་བསྟར་དོན་འཁྱོལ་བྱས་ནས་དམག་ཡོངས་ཀྱི་སྣེ་ཁྲིད་དེ་ཀྲུང་གོའི་ཁྱད་ཆོས་ཀྱི་དམག་དཔུང་སྟོབས་ཆེར་གཏོང་བའི་ལམ་བུའི་ཐོག་གོམ་སྟབས་བརྟན་པོ་སྤོས་ཏེ་དམག་དཔུང་སྟོབས་ཆེར་གཏོང་བའི་བྱ་གཞག་གི་རྣམ་པ་གསར་པ་བཏོད་ཡོད་ཅེས་མཛུབ་སྟོན་གནང་བ་རེད།
         ཞི་ཅིན་ཕིང་གིས་གྲོལ་མ་ཐག་པའི་ཏང་གི་ཚོགས་ཆེན་བཅུ་དགུ་པ་ཐུགས་གྲ་ལེགས་འགྲིག་བྱུང་ཡོད། དེ་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་པའི་རྒྱལ་ཁ་ཕུ་ཐག་གཅོད་པ་དང་། དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་རླབས་ཆེན་རྒྱལ་ཁ་ལེན་པ། ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་འགྲུབ་པ་བཅས་ཀྱི་ངོས་ནས་བརྗོད་ཚེ་དོན་སྙིང་ཧ་ཅང་གལ་ཆེན་ལྡན་ཡོད་ལ། ལོ་རྒྱུས་ཀྱི་འགོ་འཛུགས་ས་གསར་པའི་ཐོག་རྒྱལ་སྲུང་དང་དམག་དཔུང་དེང་རབས་ཅན་འཛུགས་སྐྱོང་ལ་སྐུལ་འདེད་གཏོང་རྒྱུར་ཡང་དོན་སྙིང་ཧ་ཅང་གལ་ཆེན་ལྡན་ཡོད། ཏང་གི་ཚོགས་ཆེན་བཅུ་དགུ་པས་རྒྱལ་ཁབ་ཀྱི་བདེ་འཇགས་དང་འཕེལ་རྒྱས་འཐབ་ཇུས་ཀྱི་ཁྱོན་ཡོངས་ལ་དམིགས་ནས་རྒྱལ་སྲུང་དང་དམག་དཔུང་དེང་རབས་ཅན་དུ་འགྱུར་རྒྱུར་འཐབ་ཇུས་ཀྱི་བཀོད་སྒྲིག་བྱེད་པ་དང་། 2020ལོར་སླེབས་སྐབས་འཕྲུལ་ཆས་ཅན་མངོན་འགྱུར་བྱེད་རྒྱུ། ཆ་འཕྲིན་ཅན་འཛུགས་སྐྱོང་ལ་འཕེལ་རྒྱས་གལ་ཆེན་ཡོང་བ་བྱེད་རྒྱུ། འཐབ་ཇུས་ཀྱི་ནུས་པ་ཆེ་རུ་ཤུགས་ཆེན་གཏོང་རྒྱུ། 2035ལོར་སླེབས་སྐབས་རྒྱལ་སྲུང་དང་དམག་དཔུང་དེང་རབས་ཅན་སྤྱིར་ན་མངོན་འགྱུར་བྱེད་རྒྱུ། དུས་རབས་འདིའི་དུས་དཀྱིལ་དུ་སླེབས་སྐབས་མི་དམངས་དམག་དཔུང་འདི་ཉིད་འཛམ་གླིང་གི་དམག་དཔུང་རྩེ་གྲ་ཞིག་ཏུ་ཕྱོགས་ཡོངས་ནས་འཛུགས་སྐྱོང་བྱེད་རྒྱུ་བཅས་ཀྱི་ནན་བཤད་བྱས་ཡོད། མིག་སྔ་དང་སླད་ཕྱིན་དུས་སྐབས་ཤིག་རིང་ཏང་ཡོངས་དང་། རྒྱལ་ཡོངས། དམག་ཡོངས་བཅས་ཀྱི་ཆབ་སྲིད་ཀྱི་ལས་འགན་ཨང་དང་པོ་ནི་ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་སློབ་སྦྱོང་ལག་བསྟར་བྱེད་རྒྱུ་དེ་རེད་ཅེས་མཛུབ་སྟོན་གནང་བ་རེད།
          ཞི་ཅིན་ཕིང་གིས་བསམ་བློ་གཅིག་གྱུར་དང་སྟོབས་ཤུགས་གཅིག་སྒྲིལ་ཐད་ཕན་འབྲས་ཐོན་པ་བྱེད་དགོས། ཏང་གི་ཚོགས་ཆེན་བཅུ་དགུ་པའི་སྙན་སྒྲོན་དང་ཏང་གི་སྒྲིག་ཡིག་སོགས་ཀྱི་ཡིག་ཆ་གལ་ཆེན་བརྒྱུད་རིམ་ལྡན་པའི་ངང་སློབ་སྦྱོང་བྱེད་པ་དང་། དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་དང་གཞི་རྩའི་ཐབས་ཇུས་སློབ་སྦྱོང་གཏིང་ཟབ་བྱས་ནས་དུས་རབས་གསར་པའི་ཏང་གི་དམག་དཔུང་སྟོབས་ཆེར་གཏོང་བའི་དགོངས་པ་སློབ་སྦྱོང་བྱེད་རྒྱུ་མངོན་གསལ་དོད་པོ་ཡོང་བ་དང་། དཔོན་དམག་ཚོས“འདུ་ཤེས་བཞི”ཟབ་ཏུ་དང“གདེང་ཚོད་བཞི”བརྟན་དུ་གཏོང་རྒྱུར་ཁྲིད་སྟོན་བྱས་ཏེ་བསམ་བློ་དང་བྱ་སྤྱོད་ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་ཐོག་གཅིག་གྱུར་ཡོང་བ་བྱེད་དགོས། འགན་འཁྲི་གསལ་ཤེས་དང་འགན་འཁྲི་འཁུར་སེམས་ལ་ཤུགས་སྣོན་རྒྱག་པའི་ཐད་ཕན་འབྲས་ཐོན་པ་བྱེད་དགོས། ཏང་ཀྲུང་དབྱང་གི་འཐབ་ཇུས་བསམ་གཞིག་ལ་གོ་བ་གཏིང་ཟབ་བླངས་ནས་དམག་དཔུང་སྟོབས་ཆེར་གཏོང་བའི་འོད་ཟེར་སྟོང་ལྡན་གྱི་མདུན་ལམ་གསལ་ཤེས་གང་ལེགས་བྱེད་པ་དང་། ལྗིད་ཏིག་ཏིག་གི་ཕྲག་ཐོག་གི་འགན་འཁྲི་གསལ་ཤེས་གང་ལེགས་བྱེད་པ། དུས་ཚོད་སྐར་ཆ་ཙམ་ཡང་བརྩོན་ལེན་བྱེད་པ། དུས་ཚོད་ལ་དམ་འཛིན་དང་ལས་དོན་མགྱོགས་མྱུར་སྒྲུབ་པ་བཅས་བྱས་ཏེ་ཏང་དང་མི་དམངས་ཀྱིས་དཀྲིས་པའི་དུས་རབས་གསར་པའི་འགན་འཁྲི་དང་ལས་འགན་ལེགས་གྲུབ་ཐུབ་པའི་འགན་ལེན་བྱེད་དགོས། ལས་དོན་ལ་སྐུལ་འདེད་གཏོང་བ་དང་ལག་ལེན་དུ་འཁྱོལ་བའི་ཐད་ཕན་འབྲས་ཐོན་པ་བྱེད་དགོས། ཏང་གི་ཚོགས་ཆེན་བཅུ་དགུ་པའི་འཐབ་ཇུས་བཀོད་སྒྲིག་དེ་ལས་ཀའི་བསམ་ཕྱོགས་དང་། ལས་ཀའི་བྱ་ཐབས། ཞིབ་ཕྲའི་བྱ་སྤྱོད་བཅས་སུ་བསྒྱུར་ནས་དོན་འཁྱོལ་གྱི་འདུ་ཤེས་ཟབ་ཏུ་གཏོང་བ་དང་། གནད་དོན་ཕྱོགས་སྟོན་དུ་འཛིན་རྒྱུ་མཐའ་འཁྱོངས་བྱེད་པ། གཟེར་འདེབས་ཀྱི་སྙིང་སྟོབས་ལ་བརྟེན་ནས་ལས་དོན་ཁག་ཏན་ཏིག་དང་། ཞིབ་ཕྲ། ལེགས་པོ་བཅས་ཀྱི་སྒོ་ནས་བསྒྲུབས་ཏེ་རྒྱལ་སྲུང་དང་དམག་དཔུང་འཛུགས་སྐྱོང་གི་ལས་འགན་ཁག་ཆད་ལུས་མེད་པའི་ངང་དོན་ཐོག་ཏུ་འཁྱོལ་བ་བྱེད་དགོས་པའི་ནན་བཤད་གནང་བ་རེད།