མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ལི་ཁེ་ཆང་གིས་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་བཀའ་རྒྱར་མཚན་རྟགས་བཀོད་དེ་《ལས་ཁུངས་དང་
ཚོགས་པའི་ཐོག་ཁང་དང་། ཚོམས་ཁང་། མགྲོན་ཁང་། སྣེ་ལེན་ཁང་བཅས་འཛུགས་སྐྲུན་
སྐོར་གྱི་དོ་དམ་སྲོལ་ཡིག་》ཁྱབ་བསྒྲགས་བྱས་པ། 

གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 10ཚེས་30ཉིན། 09:45】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

         མི་དམངས་དྲ་བའི་འཕྲིན། ཉེ་སྔོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཁེ་ཆང་གིས་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་བཀའ་རྒྱར་མཚན་རྟགས་བཀོད་ནས་《ལས་ཁུངས་དང་ཚོགས་པའི་ཐོག་ཁང་དང་། ཚོམས་ཁང་། མགྲོན་ཁང་། སྣེ་ལེན་ཁང་བཅས་འཛུགས་སྐྲུན་སྐོར་གྱི་དོ་དམ་སྲོལ་ཡིག་》ཁྱབ་བསྒྲགས་གནང་བ་དང་། 2017ལོའི་ཟླ་12ཚེས་1ཉིན་ནས་བཟུང་ལག་ལེན་བསྟར་རྒྱུ་དང་། 1988ལོའི་ཟླ་9ཚེས་22ཉིན་ཁྱབ་བསྒྲགས་བྱས་ནས་ལག་ལེན་བསྟར་བའི་《ཐོག་ཁང་དང་། ཚོམས་ཁང་། མགྲོན་ཁང་། སྣེ་ལེན་ཁང་བཅས་འཛུགས་སྐྲུན་དང་དོ་དམ་སྐོར་གྱི་གནས་སྐབས་ལག་བསྟར་སྲོལ་ཡིག་》དུས་མཚུངས་སུ་མེད་པར་བཟོ་རྒྱུ་རེད།
        ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་ཏང་སྲིད་ལས་ཁུངས་ཀྱི་གཞུང་ལས་ཐོག་ཁང་སོགས་ཐོག་ཁང་དང་། ཚོམས་ཁང་། མགྲོན་ཁང་། སྣེ་ལེན་ཁང་བཅས་འཛུགས་སྐྲུན་ལ་ཚོད་འཛིན་ནན་པོ་བྱ་རྒྱུར་མཐོང་ཆེན་པོ་གནང་ཞིང་། ཐོག་ཁང་དང་། ཚོམས་ཁང་། མགྲོན་ཁང་། སྣེ་ལེན་ཁང་བཅས་འཛུགས་སྐྲུན་ལ་ཚོད་འཛིན་ནན་པོ་བྱ་རྒྱུ་དེ་ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་དོན་འཁྱོལ་བྱེད་པ་དང་སྤྱོད་ཚུལ་ལེགས་སུ་ཏན་ཏིག་གཏོང་བའི་བྱ་སྤྱོད་གལ་ཆེན་ཞིག་ཏུ་བརྩིས་ཡོད། ལས་ཁུངས་དང་ཚོགས་པའི་ཐོག་ཁང་དང་། ཚོམས་ཁང་། མགྲོན་ཁང་། སྣེ་ལེན་ཁང་བཅས་འཛུགས་སྐྲུན་ལ་ཚོད་འཛིན་ནན་པོ་བྱེད་པའི་བྱེད་ཐབས་ལམ་ལུགས་ཅན་དུ་སྒྱུར་བ་དང་། ཕུགས་ཕན་ལམ་སྲོལ་འཛུགས་པ། ལྟ་སྐུལ་ཞིབ་བཤེར་རྒྱུན་རྣམ་ཅན་དུ་འགྱུར་རྒྱུར་སྐུལ་འདེད་གཏོང་བ་བཅས་བྱས་ནས་སྤྱི་པའི་མ་དངུལ་དག་སྲིད་གཞུང་རང་བཞིན་གྱི་ཐོག་ཁང་དང་། ཚོམས་ཁང་། མགྲོན་ཁང་། སྣེ་ལེན་ཁང་བཅས་གསར་སྐྲུན་ལ་སྤྱོད་པའི་གནས་ཚུལ་བཀག་འགོག་བྱས་ནས་རྩ་ཆེའི་མ་དངུལ་དག་དཔལ་འབྱོར་འཕེལ་རྒྱས་དང་དམངས་འཚོ་ལེགས་སུ་གཏོང་རྒྱུར་སྔར་ལས་ལྷག་པའི་སྒོ་ནས་སྤྱོད་ཆེད་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་《ལས་ཁུངས་དང་ཚོགས་པའི་ཐོག་ཁང་དང་། ཚོམས་ཁང་། མགྲོན་ཁང་། སྣེ་ལེན་ཁང་བཅས་འཛུགས་སྐྲུན་སྐོར་གྱི་དོ་དམ་སྲོལ་ཡིག་》གཏན་ལ་ཕབ་པ་རེད།
        《སྲོལ་ཡིག་》ནང་ལས་ཁུངས་དང་མི་དམངས་ཚོགས་པས་ཐོག་ཁང་དང་། ཚོམས་ཁང་། མགྲོན་ཁང་། སྣེ་ལེན་ཁང་བཅས་གསར་སྐྲུན་དང་། སྒྱུར་བཀོད་རྒྱས་སྐྲུན། ཉོ་སྒྲུབ་བཅས་བྱེད་པའི་ཐད་ཚད་བཀག་ནན་པོ་བཟོས་ཤིང་། གསོ་སྦྱོང་ལྟེ་གནས་སོགས་ཀྱི་སྡོད་གནས་དང་། ཚོགས་འདུ། བཟའ་འཐུང་སོགས་སྣེ་ལེན་གྱི་ནུས་པ་ལྡན་པའི་འདུ་འཛོམས་ཁུལ་དང་སྒྲིག་བཀོད་སྣ་ཚོགས་འཛུགས་སྐྲུན་བྱེད་མི་ཆོག་པ་དང་། ལག་རྩལ་ལས་སྒོའི་ཁང་པ་སོགས་མིང་ཐོག་ནས་གཞུང་ལས་ཐད་སྤྱོད་པའི་ཁང་པ་འཛུགས་སྐྲུན་བྱེད་པའམ་ཡང་ན་གཏན་འབེབས་ལས་འགལ་ནས་ལག་རྩལ་ལས་སྒོའི་ཁང་པའི་ནང་གཞུང་ལས་ཐད་སྤྱོད་པའི་ཁང་པ་བཀོད་སྒྲིག་བྱེད་པ་སོགས་ཀྱི་བྱ་སྤྱོད་སྤེལ་མི་ཆོག་པའི་གཏན་འབེབས་ཁ་གསལ་བྱས་ཡོད།
        《སྲོལ་ཡིག་》ནང་ལས་ཁུངས་དང་མི་དམངས་ཚོགས་པས་གཞུང་ལས་ཐད་སྤྱོད་པའི་ཁང་པ་འཛུགས་སྐྲུན་བྱ་རྒྱུའི་ཐད་རྣམ་གྲངས་ལ་ཞིབ་བཤེར་མཆན་འགོད་ནན་དུ་གཏོང་བ་དང་མ་དངུལ་ལ་དོ་དམ་བྱེད་ཤུགས་ཆེ་རུ་བཏང་སྟེ་འཛུགས་སྐྲུན་བྱེད་མི་ཆོག་པའམ་ཡང་ན་འཛུགས་སྐྲུན་གྱི་དགོས་ངེས་རང་བཞིན་ཚང་པོ་མེད་པ་དང་། འཛུགས་སྐྲུན་མ་དངུལ་གྱི་ཡོང་ཁུངས་གཏན་འབེབས་དང་མི་མཐུན་པ། འཛུགས་སྐྲུན་ནང་དོན་ནམ་ཡང་ན་འཛུགས་སྐྲུན་གྱི་གཞི་ཁྱོན་འཛུགས་སྐྲུན་གྱི་ཚད་གཞི་དང་མི་མཐུན་པ་སོགས་ཀྱི་གནས་ཚུལ་གྱི་ཁོངས་སུ་གཏོགས་པར་ཆོག་མཆན་འགོད་མི་ཆོག་པ་དང་། གཞུང་ལས་ཐད་སྤྱོད་པའི་ཁང་པའི་རྣམ་གྲངས་ཞིབ་བཤེར་མཆན་འགོད་ལས་ཁུངས་ཀྱིས་ཞིབ་བཤེར་གཏན་འཁེལ་བྱས་པའི་འཛུགས་སྐྲུན་ནང་དོན་དང་། འཛུགས་སྐྲུན་གཞི་ཁྱོན། མ་འཇོག་རགས་རྩིས་བཅས་གཞིར་བཟུང་ཇུས་འགོད་དང་ཨར་རྒྱག་བྱེད་དགོས་པ། གཞུང་ལས་ཐད་སྤྱོད་པའི་ཁང་པའི་རྣམ་གྲངས་ཀྱི་འཛུགས་སྐྲུན་མ་དངུལ་དེ་སྔོན་རྩིས་མ་དངུལ་ནས་གཏོང་དགོས་པ་དང་། ཆེད་སྤྱོད་མ་དངུལ་སྣ་ཚོགས་སྒེར་སྤྱོད་བྱེད་པ་དང་། ཚན་པའམ་ཡང་ན་མི་སྒེར་ལ་བགོ་འགྲེམ་བྱེད་པ། དངུལ་ཁང་སོགས་དངུལ་རྩའི་སྒྲིག་གཞི་ནས་དངུལ་གཡར་བ། དེ་བཞིན་རོགས་སྐྱོར་དང་ཞལ་འདེབས་དང་ལེན་བྱེད་པ་སོགས་བྱེད་མི་རུང་། ལས་ཁུངས་དང་མི་དམངས་ཚོགས་པའི་གཞུང་ལས་ཐད་སྤྱོད་པའི་ཁང་པ་ཉམས་བཟོའི་ཐད་ཞིབ་བཤེར་མཆན་འགོད་ཀྱི་གོ་རིམ་ལག་བསྟར་ནན་པོ་བྱེད་པ་དང་ཉམས་བཟོའི་ཚད་གཞི་ལག་བསྟར་ནན་པོ་བྱེད་པ་ལས་ཚད་གཞི་ལས་བརྒལ་ནས་མཛེས་བཟོའམ་ཡང་ན་ཚད་གཞི་ལས་བརྒལ་བའི་སྒྲིག་བཀོད་སྒྲིག་སྦྱོར་བྱེད་མི་ཆོག་པ་བཅས་ཀྱི་གཏན་འབེབས་བྱས་ཡོད།
        《སྲོལ་ཡིག་》ནང་ལས་ཁུངས་དང་མི་དམངས་ཚོགས་པས་ཆོག་མཆན་མ་ཐོབ་པར་གཞུང་ལས་ཐད་སྤྱོད་པའི་ཁང་པ་འཛུགས་སྐྲུན་བྱས་པ་དང་གཞུང་ལས་ཐད་སྤྱོད་པའི་ཁང་པ་འཛུགས་སྐྲུན་གྱི་མ་དངུལ་ཡོང་ཁུངས་གཏན་འབེབས་དང་མི་མཐུན་པ་སོགས་ཀྱི་ཁྲིམས་འགལ་གྱི་འཛུགས་སྐྲུན་གྱི་བྱེད་སྤྱོད་ལྡན་རིགས་ལ་ཞིབ་ཕྲའི་གནས་ཚུལ་གཞིར་བཟུང་འབྲེལ་ཡོད་འཛུགས་སྐྲུན་བྱེད་མཚམས་འཇོག་པའམ་ཡང་ན་ཡོ་བསྲང་བྱེད་དགོས་པའི་བཀའ་རྒྱ་གཏོང་རྒྱུ་དང་། དེ་ཁོངས་སུ་གཏོགས་པའི་ཐོག་ཁང་དང་། ཚོམས་ཁང་། མགྲོན་ཁང་། སྣེ་ལེན་ཁང་བཅས་གཞུང་བཞེས་གཏོང་རྒྱུ་དང་ཧབ་ཚོང་སྐུལ་རྒྱུའམ་ཡང་ན་དུས་བཀག་བཟོས་ནས་ཕྱིར་སློག་དགོས་པའི་བཀའ་རྒྱ་གཏོང་རྒྱུ། འགན་འཁྲི་ཡོད་པའི་འགོ་ཁྲིད་དང་ཐད་ཀའི་འགན་འཁྲི་ཡོད་མཁན་ལ་ཁྲིམས་ལུགས་ལྟར་ཆད་པ་གཅོད་རྒྱུ་བཅས་ཁ་གསལ་བཏོན་ཡོད། 《སྲོལ་ཡིག་》ནང་ད་དུང་ཐོག་ཁང་དང་། ཚོམས་ཁང་། མགྲོན་ཁང་། སྣེ་ལེན་ཁང་བཅས་འཛུགས་སྐྲུན་གྱི་ཆ་འཕྲིན་ཡོངས་བསྒྲགས་དང་ལྟ་སྐུལ་ཞིབ་བཤེར་སོགས་ཐད་འབྲེལ་ཡོད་གཏན་འབེབས་ཀྱང་བྱས་ཡོད།
        ལས་ཁུངས་དང་མི་དམངས་ཚོགས་པས་ཐོག་ཁང་དང་། ཚོམས་ཁང་། མགྲོན་ཁང་། སྣེ་ལེན་ཁང་བཅས་འཛུགས་སྐྲུན་བྱེད་པར་ཚོད་འཛིན་ནན་པོ་བྱེད་པ་དང་འབྲེལ་འཛུགས་སྐྲུན་བྱེད་སྟངས་ཚད་ལྡན་དུ་བཏང་ཡོད། དུས་མཚུངས་སུ་《སྲོལ་ཡིག་》ནང་ནོར་སྲིད་ཀྱིས་གྲོན་དངུལ་འགན་ལེན་བྱེད་པའི་བྱ་གཞག་ཚན་པ་དང་མི་དམངས་ཚོགས་པ་ཕུད་པའི་ཚོགས་པ་གཞན་དག་གིས་ཐོག་ཁང་དང་། ཚོམས་ཁང་། མགྲོན་ཁང་། སྣེ་ལེན་ཁང་བཅས་འཛུགས་སྐྲུན་བྱེད་སྐབས་སྲོལ་ཡིག་འདིར་བསྟུན་ནས་ལག་བསྟར་བྱེད་དགོས་ཅེས་ཁ་གསལ་བཏོན་ཡོད།