མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ཀྲུང་གོ་གུང་ཁྲན་ཏང་གི་རྒྱལ་ཡོངས་འཐུས་མི་ཚོགས་ཆེན་ཐེངས་བཅུ་དགུ་པའི་ཐོག་གི་སྙན་སྒྲོན།

གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 11ཚེས་03ཉིན། 15:25】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

༄༅།།ཀྲུང་གོ་གུང་ཁྲན་ཏང་གི་རྒྱལ་ཡོངས་འཐུས་མི་ཚོགས་ཆེན་ཐེངས་བཅུ་དགུ་པའི་ཐོག་གི་སྙན་སྒྲོན།

         ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་པའི་རྒྱལ་ཁ་ཕུ་ཐག་བཅད་དེ་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་རྒྱལ་ཁ་རླབས་པོ་ཆེ་བརྩོན་ལེན་བྱེད་དགོས། 
         —— ཀྲུང་གོ་གུང་ཁྲན་ཏང་གི་རྒྱལ་ཡོངས་འཐུས་མི་ཚོགས་ཆེན་ཐེངས་བཅུ་དགུ་པའི་ཐོག་གི་སྙན་སྒྲོན།
         (2017ལོའི་ཟླ་10ཚེས་18ཉིན།)
        ཞི་ཅིན་ཕིང་།
         བློ་མཐུན་རྣམ་པ། 
         ད་ལྟ་ངས་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་སྐབས་བཅོ་བརྒྱད་པའི་ཚབ་ཞུས་ནས་ཚོགས་ཆེན་ལ་སྙན་སྒྲོན་ཞུ་རྒྱུ་ཡིན།
         ཀྲུང་གོ་གུང་ཁྲན་ཏང་གི་རྒྱལ་ཡོངས་འཐུས་མི་ཚོགས་ཆེན་ཐེངས་བཅུ་དགུ་པ་ནི་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་པའི་རྒྱལ་ཁ་ཕུ་ཐག་གཅོད་པའི་དུས་རིམ་དང་། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དུས་རིམ་གསར་པར་སྐྱོད་པའི་འགག་རྩའི་དུས་སུ་སྐོང་ཚོགས་བྱས་པའི་ཚོགས་ཆེན་ཧ་ཅང་གལ་ཆེན་ཞིག་རེད། 
        ཚོགས་ཆེན་གྱི་བརྗོད་བྱ་གཙོ་བོ་ནི། ཐོག་མའི་བསམ་འདུན་མ་བརྗེད་ཅིང་། འགན་འཁྲི་ཡིད་ལ་བརྟན་པོར་འཆང་། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དར་ཆ་རླབས་པོ་ཆེ་མཐོན་པོར་བསྒྲེངས་ཤིང་། འབྱོར་འབྲིང་སྤྱི་ཚོགས་ཕྱོགས་ཡོངས་ནས་བསྐྲུན་པའི་རྒྱལ་ཁ་ཕུ་ཐག་བཅད་དེ། དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་རྒྱལ་ཁ་རླབས་པོ་ཆེ་བརྩོན་ལེན་དང་། ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེའི་ཀྲུང་གོའི་ཕུགས་འདུན་འགྲུབ་ཕྱིར་འབད་བརྩོན་ལྷོད་མེད་བྱེད་དགོས་པ་འདི་ཡིན། ཐོག་མའི་བསམ་འདུན་མ་བརྗེད་ན། ད་གཟོད་མགོ་མཇུག་འཁྱོངས་པར་ངེས། ཀྲུང་གོ་གུང་ཁྲན་ཏང་མིའི་ཐོག་མའི་བསམ་འདུན་དང་འགན་འཁྲི་ནི་ཀྲུང་གོ་མི་དམངས་ལ་བདེ་སྐྱིད་བསྐྲུན་རྒྱུ་དང་། ཀྲུང་ཧྭ་མི་རིགས་བསྐྱར་དར་དོན་གཉེར་བྱེད་རྒྱུ་ཡིན། ཐོག་མའི་བསམ་འདུན་དང་འགན་འཁྲི་འདི་ནི་ཀྲུང་གོ་གུང་ཁྲན་ཏང་མི་རྒྱུན་མི་ཆད་པར་མདུན་དུ་སྐྱོད་པར་སྐུལ་མ་ཐེབས་བྱེད་ཀྱི་རྩ་བའི་སྒུལ་ཤུགས་ཡིན་པས། ཏང་ཡོངས་ཀྱི་བློ་མཐུན་ཚོས་ངེས་པར་དུ་ནམ་ཡིན་ཡང་མི་དམངས་དང་དབུགས་ལམ་གཅིག་གྱུར་དང་། བདེ་སྡུག་མཉམ་མྱོང་། གཅིག་སེམས་གཅིག་སྦྲེལ་གྱི་ཐོག་ནས། མི་དམངས་ཀྱིས་བདེ་སྐྱིད་འཚོ་བར་སྨོན་ཚུལ་དེ་ནམ་ཡང་འབད་འཐབ་ཀྱི་དམིགས་ཡུལ་དུ་བཟུང་སྟེ། དུས་ནམ་ཡང་རྣམ་གཡེང་གི་བསམ་འཁྱེར་མི་འཆང་བར་ཞུམ་མེད་མདུན་སྐྱོད་ཀྱི་འབད་འཐབ་ཉམས་འགྱུར་ལྡན་པར་བྱས་ཏེ། ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེ་ཡོང་བའི་བརྗིད་རླབས་ཆེ་བའི་དམིགས་ཡུལ་འགྲུབ་པར་ཁ་ཕྱོགས་ནས་མུ་མཐུད་དཔའ་ངར་ཆེར་སྐྱེད་ཀྱིས་མདུན་དུ་བསྐྱོད་རྒྱུ་ཡིན།
           དེང་སྐབས། རྒྱལ་ཁབ་ཕྱི་ནང་གི་གནས་བབ་ལ་འགྱུར་བ་རྙོག་འཛིང་ཆེ་ལ་ཟབ་མོ་ཡོང་བཞིན་ཡོད་པ་དང་། རང་རྒྱལ་གྱི་འཕེལ་རྒྱས་སྔར་བཞིན་འཐབ་ཇུས་ཀྱི་གོ་སྐབས་ལྡན་པའི་དུས་སྐབས་གལ་ཆེན་དུ་གནས་པས། མདུན་ལྗོངས་ལ་འོད་སྟོང་རབ་ཏུ་རྒྱས་ཤིང་། འགྲན་སློང་ཡང་ཧ་ཅང་དྲག་པོ་ཐུག་ཡོད། ཏང་ཡོངས་ཀྱི་བློ་མཐུན་གྱིས་ངེས་པར་དུ་གཟིགས་རྒྱང་སྔར་ལས་རིང་བ་དང་། བདེ་དུས་ཉེན་དྲན། འཕོ་འགྱུར་གཏོང་ཕོད་པ། གསར་དུ་གཏོད་ཕོད་པ། འཕེལ་རྒྱུན་ནམ་ཡང་མི་ཆད་པ། འཕེལ་མཚམས་ནམ་ཡང་མི་འཇོག་པར། རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ལ་མཐུན་སྒྲིལ་དང་སྣེ་ཁྲིད་དེ་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་པའི་རྒྱལ་ཁ་ཕུ་ཐག་བཅད་དེ། དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་རྒྱལ་ཁ་རླབས་པོ་ཆེ་བརྩོན་ལེན་བྱེད་དགོས།
         གཅིག འདས་པའི་ལོ་ལྔའི་རིང་གི་ལས་དོན་དང་ལོ་རྒྱུས་ཀྱི་རང་བཞིན་ལྡན་པའི་འཕོ་འགྱུར།
         ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན་གྱི་ལོ་ལྔ་ནི་ཏང་དང་རྒྱལ་ཁབ་འཕེལ་རྒྱས་བྱུང་རིམ་ཁྲོད་ཀྱི་སྤྱིར་བཏང་མ་ཡིན་པའི་ལོ་ལྔ་རེད། འཛམ་གླིང་གི་དཔལ་འབྱོར་བསྐྱར་དར་ཞན་པ་དང་། ཆ་ཤས་སུ་གདོང་ཐུག་དང་ཟིང་ཆ་ཡང་ཡང་ལངས་ཤིང་། སའི་གོ་ལའི་རང་བཞིན་གྱི་གནད་དོན་ཇེ་དྲག་ཏུ་སོང་བའི་ཕྱིའི་ཁོར་ཡུག་དང་། རང་རྒྱལ་གྱི་དཔལ་འབྱོར་འཕེལ་རྒྱས་རྒྱུན་རྣམ་གསར་པར་བསྐྱོད་པ་སོགས་འགྱུར་ལྡོག་ཟབ་མོ་རབ་དང་རིམ་པ་བྱུང་བར་དམིགས་ཏེ། ང་ཚོས་བརྟན་པོའི་ངང་ནས་ཡར་རྒྱས་ཡོང་བར་བྱེད་པའི་ལས་ཀའི་རྩ་བའི་དགོངས་གཞི་མཐའ་འཁྱོངས་བྱས་ཏེ། དཀའ་བར་མི་འཛེམ་པར་མདུན་དུ་བསྐྱོད་པ་དང་། གསར་གཏོད་ཡར་བརྩོན་བྱས་པས། སྒྱུར་བཅོས་སྒོ་འབྱེད་དང་སྤྱི་ཚོགས་རིང་ལུགས་ཀྱི་དེང་རབས་ཅན་དུ་འགྱུར་བའི་འཛུགས་སྐྲུན་ལ་ལོ་རྒྱུས་ཀྱི་རང་བཞིན་ལྡན་པའི་གྲུབ་འབྲས་ཐོབ་པ་རེད།
         ཚོགས་ཆེན་བཅོ་བརྒྱད་པའི་དགོངས་དོན་ལག་ལེན་མཐར་ཕྱིན་བསྟར་བའི་ཆེད་དུ། ཏང་ཀྲུང་དབྱང་གིས་ཚང་འཛོམས་གྲོས་ཚོགས་ཐེངས་བདུན་སྐོང་ཚོགས་བྱས་ཏེ། སྲིད་གཞུང་གི་སྒྲིག་གཞི་སྒྱུར་བཅོས་དང་། འགན་ནུས་བསྒྱུར་བ། ཕྱོགས་ཡོངས་ནས་སྒྱུར་བཅོས་ཟབ་ཏུ་སྤེལ་བ། ཁྲིམས་མཐུན་ལྟར་རྒྱལ་ཁབ་སྐྱོང་བར་ཕྱོགས་ཡོངས་ནས་སྐུལ་སྤེལ་གཏོང་བ། “ལོ་ལྔ་ཚན་བཅུ་གསུམ་པ”ཡི་འཆར་གཞི་འགོད་པ། ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བ་སོགས་གནད་དོན་གལ་ཆེན་སོ་སོར་གྲོས་ཐག་བཅད་པ་དང་བཀོད་པ་བཏིངས་པ་རེད། ལོ་ལྔའི་རིང་ལ། ང་ཚོས“ཕྱོགས་ལྔ་གཞི་གཅིག”གི་སྤྱིའི་བཀོད་པར་གཅིག་གྱུར་ཐོག་སྐུལ་འདེད་བཏང་བ་དང་། “ཕྱོགས་ཡོངས་བཞི”ཡི་འཐབ་ཇུས་ཀྱི་བཀོད་པར་མཐུན་སྦྱོར་ངང་སྐུལ་འདེད་བཏང་བ། “ལོ་ལྔ་ཚན་བཅུ་གཉིས་པ”ཡི་འཆར་འགོད་རྒྱལ་ཁའི་ངང་འགྲུབ་པ། “ལོ་ལྔ་ཚན་བཅུ་གསུམ་པ”ཡི་འཆར་འགོད་བདེ་བླག་ངང་དོན་འཁྱོལ་བཅས་བྱས་པས། ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་ཕྱོགས་ཡོངས་ནས་རྣམ་པ་གསར་པ་བཏོད་པ་རེད།
         དཔལ་འབྱོར་འཛུགས་སྐྲུན་ལ་གྲུབ་འབྲས་གལ་ཆེན་ཐོབ་ཡོད། འཕེལ་རྒྱས་ཀྱི་བསམ་གཞི་གསར་པ་བློ་བརྟན་འགྱུར་མེད་ཀྱིས་ལག་ལེན་བསྟར་བ་དང་། འཕེལ་རྒྱས་ཀྱི་ལྟ་བ་ཡོ་བསྲང་དང་། འཕེལ་རྒྱས་གཏོང་སྟངས་མཐའ་གཅིག་ཏུ་བསྒྱུར་བས། གོང་སྤེལ་གྱི་སྤུས་ཀ་དང་ཕན་འབྲས་རྒྱུན་མ་ཆད་པར་ཆེ་རུ་ཕྱིན་པ་རེད། དཔལ་འབྱོར་འཕེལ་ཚད་མགྱོགས་འབྲིང་རྒྱུན་འཁྱོངས་ཐུབ་སྟེ། འཛམ་གླིང་གི་རྒྱལ་ཁབ་གལ་ཆེན་ཁྲོད་མདུན་གྲལ་དུ་སླེབས་ཤིང་། རྒྱལ་ནང་གི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར་ཁྲི་ང་བཞི་ནས་སྒོར་དུང་ཕྱུར་ཁྲི་བརྒྱད་ཅུར་འཕར་ཏེ་འཛམ་གླིང་གི་ཨང་གཉིས་པར་ཟིན་པ་དང་། འཛམ་གླིང་གི་དཔལ་འབྱོར་འཕེལ་བར་ལེགས་སྐྱེས་འབུལ་ཚད་བརྒྱ་ཆ་སུམ་ཅུ་ཡན་ཟིན་པ་རེད། མཁོ་སྤྲོད་ཕྱོགས་གྲུབ་ཚུལ་རང་བཞིན་སྒྱུར་བཅོས་ལ་སྐུལ་འདེད་གཏིང་ཟབ་ཏུ་བཏང་བ་དང་། དཔལ་འབྱོར་གྲུབ་ཚུལ་རྒྱུན་མ་ཆད་པར་བཟང་པོར་བསྒྱུར་བ། གྲངས་ཀའི་དཔལ་འབྱོར་སོགས་གསར་དར་ཐོན་ལས་དབྱར་མཚོ་རྒྱས་པ་ལྟར་འཕེལ་བ། མྱུར་བགྲོད་ལྕགས་ལམ་དང་། གཞུང་ལམ། ཟམ་པ། གྲུ་ཁ། གནམ་གྲུ་འབབ་ཐང་སོགས་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་ལ་སྐུལ་སྤེལ་མགྱོགས་པོ་བཏང་བ་རེད། ཞིང་ལས་དེང་རབས་ཅན་དུ་གོམ་སྟབས་བརྟན་པོའི་ངང་ནས་སྤེལ་བ་དང་། འབྲུ་རིགས་ཐོན་སྐྱེད་ཐུབ་ཚད་རྒྱ་མ་དུང་ཕྱུར་ཁྲི་གཅིག་དང་ཉིས་སྟོང་ཟིན་པ་རེད། གྲོང་ཁྱེར་དང་གྲོང་རྡལ་ཅན་དུ་བསྒྱུར་ཚད་ལོ་རེར་ཆ་སྙོམས་བརྒྱ་ཆའི་གཞི་གྲངས་གཅིག་དང་ཚག་གཉིས་འཕར་བ་དང་། ཞིང་ལས་སྤོ་སྒྱུར་མི་འབོར་ཁྲི་བརྒྱད་སྟོང་ལྷག་ཙམ་གྲོང་ཁྱེར་དང་གྲོང་རྡལ་གྱི་གྲོང་མིར་བསྒྱུར་ཡོད། ཁུལ་ཁོངས་འཕེལ་རྒྱས་མཐུན་སྦྱོར་བྱེད་ཤུགས་ཆེ་རུ་ཕྱིན་པ་དང་། “རྒྱུད་གཅིག་ལམ་གཅིག”འཛུགས་སྐྲུན་དང་། པེ་ཅིང་ཐེན་ཅིན་ཧོ་པེ་གསུམ་མཐུན་སྦྱོར་ངང་འཕེལ་རྒྱས་བཏང་ཞིང་། འབྲི་ཆུའི་དཔལ་འབྱོར་རྒྱུད་འཕེལ་རྒྱས་བཏང་བར་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་ཡོད། གསར་གཏོད་སྐུལ་སྤེལ་གྱི་འཐབ་ཇུས་དོན་འཁྱོལ་ཤུགས་ཆེན་བྱས་པ་དང་། གསར་གཏོད་ཅན་གྱི་རྒྱལ་ཁབ་འཛུགས་སྐྱོང་བྱས་འབྲས་ཕུན་སུམ་ཚོགས་ཤིང་། སྔ་རྗེས་སུ་ལྷའི་ཕོ་བྲང་དང་། ཀླུ་མོ། ལྷ་མིག ཝུའུ་ཁུང་། མོ་ཙི། གནམ་གྲུ་ཆེ་རིགས་སོགས་ཚན་རྩལ་གྱི་གྲུབ་འབྲས་གལ་ཆེན་ཐོན་པ་རེད། སྒོ་འབྱེད་ཅན་གྱི་དཔལ་འབྱོར་སྒྲིག་སྲོལ་གསར་པ་རིམ་བཞིན་ཆ་ཚང་དུ་བཏང་བ་དང་། ལྷོ་མཚོའི་བྲག་རྡོའི་གླིང་ཕྲན་སྐྲུན་པར་སྐུལ་སྤེལ་ཧུར་ཐག་བཏང་བ། སྒོ་འབྱེད་རྣམ་པའི་དཔལ་འབྱོར་སྒྲིག་སྲོལ་གསར་པ་རིམ་བཞིན་འཐུས་སྒོ་ཚང་དུ་བཏང་བ། ཕྱི་ཕྱོགས་ཉོ་ཚོང་དང་། ཕྱི་ཕྱོགས་སུ་མ་དངུལ། ཕྱི་རྒྱལ་གྱི་དངུལ་བརྗེས་གསོག་འཇོག་བཅས་བརྟན་པོའི་ངང་འཛམ་གླིང་གི་མདུན་གྲལ་དུ་སླེབས་ཡོད།
          ཕྱོགས་ཡོངས་ནས་སྒྱུར་བཅོས་ཟབ་ཏུ་སྤེལ་བར་འགག་གནད་ཆེན་པོ་སྒྲོལ་ཐུབ་ཡོད། སྒྱུར་བཅོས་ཟབ་སྤེལ་ཕྱོགས་ཡོངས་ནས་གོམ་སྟབས་མྱུར་བགྲོད་ཀྱིས་བརྟན་པོར་སྤོས་པ་དང་། ཕྱོགས་གང་ཅིའི་སྒྲིག་སྲོལ་དང་ལམ་སྲོལ་གྱི་འགལ་རྐྱེན་བློ་ཐག་ཆོད་པོས་བསལ་ཡོད། སྒྱུར་བཅོས་ལ་ཕྱོགས་ཡོངས་ནས་ཤུགས་བརྒྱབ་སྟེ། སྣ་མང་བར་བརྒལ་དང་། གཏིང་ཟབ་ཏུ་སྤེལ་ཏེ། སྒྱུར་བཅོས་ཆ་ལག་ཚང་བ་དང་། གོང་བུར་འགྲིལ་བ། མཐུན་སྦྱོར་ལྡན་པ་བཅས་ཀྱི་ཐོག་ནས་སྤེལ་གང་ཐུབ་བྱས་པ་དང་། སྒྱུར་བཅོས་བྱེད་ཁྱོན་དང་། ཟབ་ཚད་རིམ་པ་བཞིན་དུ་བསྟུད་མར་ཇེ་ཆེར་བཏང་སྟེ། སྒྱུར་བཅོས་ཁག་ཆིག་སྟོང་ལྔ་བརྒྱ་ལྷག་བྱས་པ་དང་། ཁྱབ་ཁོངས་གལ་ཆེན་དང་འགག་རྩའི་ལྷུ་ཚིགས་ཀྱི་སྒྱུར་བཅོས་ལ་བར་བརྒལ་རང་བཞིན་གྱི་འཕེལ་རྒྱས་བཏང་ཞིང་། སྒྱུར་བཅོས་བྱ་གཞིའི་ཁྱབ་ཁོངས་གཙོ་བོ་རྩ་བའི་ཆ་ནས་གཏན་འཁེལ་བྱས་ཡོད། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ལམ་ལུགས་འཐུས་སྒོ་སྔར་ལས་ཚང་དུ་བཏང་བ་དང་། རྒྱལ་ཁབ་བཅོས་སྐྱོང་གི་མ་ལག་དང་བཅོས་སྐྱོང་བྱེད་ནུས་དེང་རབས་ཅན་དུ་འགྱུར་བར་བྱེད་པའི་ཆུ་ཚད་མངོན་གསལ་གྱིས་མཐོ་རུ་ཕྱིན་པ་དང་། སྤྱི་ཚོགས་ཡོངས་ཀྱི་འཕེལ་རྒྱས་ཀྱི་གསོན་ཤུགས་དང་གསར་གཏོད་ཀྱི་གསོན་ཤུགས་མངོན་གསལ་ཆེ་རུ་ཕྱིན་ཡོད།
          དམངས་གཙོ་ཁྲིམས་ལུགས་འཛུགས་སྐྱོང་གི་གོམ་སྟབས་གལ་ཆེན་སྤོས་ཡོད། སྤྱི་ཚོགས་རིང་ལུགས་ཀྱི་དམངས་གཙོ་ཆབ་སྲིད་འཕེལ་རྒྱས་ཧུར་ཐག་བཏང་བ་དང་། ཕྱོགས་ཡོངས་ནས་ཁྲིམས་མཐུན་ལྟར་རྒྱལ་ཁབ་སྐྱོང་བར་སྐུལ་མ་བཏང་བ། ཏང་གིས་འགོ་ཁྲིད་དང་། མི་དམངས་ཀྱིས་རང་ཁྱིམ་རང་བདག ཁྲིམས་མཐུན་ལྟར་རྒྱལ་ཁབ་སྐྱོང་བ་བཅས་གཅིག་གྱུར་དམ་ཚགས་བྱེད་པའི་ལམ་ལུགས་འཛུགས་སྐྱོང་ཕྱོགས་ཡོངས་ནས་ཆེ་རུ་བཏང་བ། ཏང་གིས་འགོ་ཁྲིད་བྱེད་པའི་སྒྲིག་སྲོལ་དང་ལམ་སྲོལ་རྒྱུན་མ་ཆད་པར་འཐུས་སྒོ་ཚང་དུ་བཏང་བ། སྤྱི་ཚོགས་རིང་ལུགས་ཀྱི་དམངས་གཙོ་རྒྱུན་མ་ཆད་པར་འཕེལ་རྒྱས་བཏང་བ། ཏང་ནང་གི་དམངས་གཙོའི་ཁྱབ་རྒྱ་སྔར་ལས་ཆེ་རུ་བཏང་བ། སྤྱི་ཚོགས་རིང་ལུགས་ཀྱི་དམངས་གཙོའི་གྲོས་མོལ་ཕྱོགས་ཡོངས་ནས་ཁྱབ་སྤེལ་བཏང་བ། རྒྱལ་གཅེས་འཐབ་ཕྱོགས་གཅིག་གྱུར་བརྟན་པོའི་ངང་འཕེལ་རྒྱས་བཏང་བ། མི་རིགས་ཀྱི་ཆོས་ལུགས་ལས་དོན་གསར་གཏོད་ངང་སྤེལ་ཡོད། ཚན་རིག་དང་མཐུན་པར་ཁྲིམས་འཛུགས་དང་། ཁྲིམས་བསྟར་ནན་པོ། ཁྲིམས་འཛིན་གཞུང་དྲང་། དམངས་ཡོངས་ཀྱིས་ཁྲིམས་སྲུང་བཅས་ལ་སྐུལ་སྤེལ་ཟབ་མོ་བཏང་བ། ཁྲིམས་སྐྱོང་རྒྱལ་ཁབ་དང་། ཁྲིམས་སྐྱོང་སྲིད་གཞུང་། ཁྲིམས་སྐྱོང་སྤྱི་ཚོགས་འཛུགས་སྐྱོང་བཅས་ལ་ཕན་ཚུན་སྐུལ་སྤེལ་གཏོང་རེས་བྱས་པ། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་ཁྲིམས་སྐྱོང་མ་ལག་ཉིན་བཞིན་འཐུས་སྒོ་ཚང་དུ་བཏང་བས། སྤྱི་ཚོགས་ཡོངས་ཀྱི་ཁྲིམས་སྐྱོང་འདུ་ཤེས་མངོན་གསལ་ཇེ་ཆེར་ཕྱིན་ཡོད། རྒྱལ་ཁབ་ཀྱི་ལྟ་སྐུལ་མ་ལག་སྒྱུར་བཅོས་ཚོད་ལྟ་བྱས་པར་གྲུབ་འབྲས་དངོས་ཐོབ་པ་དང་། སྲིད་འཛིན་སྒྲིག་སྲོལ་སྒྱུར་བཅོས་དང་། ཁྲིམས་འཛིན་སྒྲིག་སྲོལ་སྒྱུར་བཅོས། དབང་ཆ་བཀོལ་སྤྱོད་ལ་ཚོད་འཛིན། ལྟ་སྐུལ་གྱི་མ་ལག་འཛུགས་སྐྱོང་བཅས་ལག་ལེན་བསྟར་ཡོད།
          བསམ་བློ་དང་རིག་གནས་ལེགས་སྐྱོང་ལ་ཡར་རྒྱས་ཆེན་པོ་བྱུང་ཡོད། ཏང་གིས་འདུ་ཤེས་འཛིན་སྟངས་ཀྱི་ལས་ཀར་འགོ་ཁྲིད་བྱེད་ཤུགས་ཆེ་རུ་བཏང་བ་དང་། ཏང་གི་རིགས་པའི་གཞུང་ལུགས་གསར་གཏོད་ཕྱོགས་ཡོངས་ནས་ཁྱབ་སྤེལ་བཏང་བ། འདུ་ཤེས་འཛིན་སྟངས་ཁྱབ་ཁོངས་སུ་མར་ཁེ་སི་རིང་ལུགས་ཀྱི་སློབ་སྟོན་གོ་གནས་མངོན་གསལ་ཇེ་ཆེར་གྱུར་པ། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དང་ཀྲུང་གོའི་ཕུགས་འདུན་མིའི་སེམས་སུ་ཟབ་མོར་ཟུག་པ། སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བ་དང་ཀྲུང་ཧྭའི་ཕུལ་དུ་བྱུང་བའི་སྲོལ་རྒྱུན་རིག་གནས་དར་སྤེལ་ཁྱབ་ཆེར་བཏང་བ། མང་ཚོགས་རང་བཞིན་གྱི་བསམ་པའི་དཔལ་ཡོན་ལེགས་སྐྱོང་གི་བྱེད་སྒོ་ཏན་ཏིག་སྤེལ་ཡོད། སྤྱི་པའི་རིག་གནས་ཞབས་ཞུའི་ཆུ་ཚད་རྒྱུན་མ་ཆད་པར་མཐོ་རུ་བཏང་བ་དང་། རིག་རྩལ་གསར་རྩོམ་བསྟུད་མར་དར་རྒྱས་བྱུང་བ། རིག་གནས་བྱ་གཞག་དང་རིག་གནས་ཐོན་ལས་དབྱར་མཚོ་རྒྱས་པ་ལྟར་འཕེལ་བ། དྲ་སྦྲེལ་ལེགས་སྐྱོང་དང་འཁོར་སྐྱོད་དོ་དམ་རྒྱུན་མ་ཆད་པར་འཐུས་སྒོ་ཚང་དུ་བཏང་བ། དམངས་ཡོངས་ཀྱི་ལུས་སྦྱོང་དང་རྩལ་འགྲན་ལུས་རྩལ་ཕྱོགས་ཡོངས་ནས་འཕེལ་རྒྱས་བཏང་ཡོད། བརྗོད་བྱ་གཙོ་བོ་སྔར་བས་མངོན་གསལ་ཆེ་བ་དང་། དྲང་ནུས་སྔར་བས་ཇེ་ཆེར་གྱུར་པ། རིག་གནས་ཀྱི་གདེང་ཚོད་མངོན་པར་གསལ་བ། རྒྱལ་ཁབ་ཀྱི་རིག་གནས་མཉེན་ཤུགས་དང་ཀྲུང་ཧྭའི་རིག་གནས་ཀྱི་བག་ཆགས་ཇེ་ཆེར་ཕྱིན་པ། ཏང་ཡོངས་དང་སྤྱི་ཚོགས་ཡོངས་བསམ་བློའི་ཐད་མཐུན་སྒྲིལ་གཅིག་གྱུར་སྔར་ལས་ཇེ་བརྟན་དུ་གྱུར་ཡོད།
          མི་དམངས་ཀྱི་འཚོ་བ་རྒྱུན་མ་ཆད་པར་ལེགས་བཅོས་བྱུང་བ། མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་བསམ་བློ་དོན་འཁྱོལ་གཏིང་ཟབ་བྱས་པ་དང་། དམངས་ཕན་གྱི་བྱེད་ཐབས་འབོར་ཆེན་ཁག་གཅིག་དོན་ཐོག་ཏུ་འཁྱོལ་བར་བྱས་པས། མི་དམངས་ལ་ཐོབ་སྣང་གི་ཚོར་བ་མངོན་གསལ་ཆེ་རུ་ཕྱིན་ཡོད། དབུལ་སྒྲོལ་འགག་སྒྲོལ་གྱི་འཐབ་རྩོད་ལ་ཐག་ཆོད་རང་བཞིན་གྱི་འཕེལ་རྒྱས་བྱུང་སྟེ། དབུལ་ཕོངས་མི་གྲངས་ཁྲི་དྲུག་སྟོང་ལྷག་ཙམ་དབུལ་སྒྲོལ་བརྟན་པོ་བྱུང་བ་དང་། དབུལ་པོར་འགྱུར་ཚད་བརྒྱ་ཆ་བཅུ་དང་ཚག་གཉིས་ནས་བརྒྱ་ཆ་བཞི་མན་དུ་ཆག་པ་རེད། སློབ་གསོའི་བྱ་གཞག་ཕྱོགས་ཡོངས་ནས་འཕེལ་རྒྱས་བྱུང་ཞིང་། དབུས་ནུབ་རྒྱུད་དང་གྲོང་གསེབ་ཀྱི་སློབ་གསོར་མངོན་གསལ་དོད་པོས་ཤུགས་སྣོན་བརྒྱབ་ཡོད། ལས་ཞུགས་ཀྱི་གནས་སྟངས་མུ་མཐུད་ལེགས་བཅོས་བྱུང་བ་དང་། གྲོང་ཁྱེར་དང་གྲོང་རྡལ་གྱི་ལས་ཞུགས་པ་ལོ་རེར་ཆ་སྙོམས་ཁྲི་ཆིག་སྟོང་སུམ་བརྒྱ་ཡན་འཕར་བ་རེད། གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མིའི་ཡོང་འབབ་འཕར་བའི་མྱུར་ཚད་དཔལ་འབྱོར་འཕེལ་ཚད་ལས་བརྒལ་བ་དང་། ཡོང་འབབ་འབྲིང་གྲས་ཀྱི་མང་ཚོགས་བསྟུད་མར་མང་དུ་སོང་ཡོད། གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མིར་ཁྱབ་པའི་སྤྱི་ཚོགས་ཀྱི་འགན་སྲུང་མ་ལག་རྩ་བའི་ཆ་ནས་བཙུགས་པ་དང་། མི་དམངས་ཀྱི་བདེ་ཐང་དང་སྨན་བཅོས་འཕྲོད་བསྟེན་གྱི་ཆུ་ཚད་ཇེ་མཐོར་ཕྱིན་ཞིང་། འགན་སྲུང་རང་བཞིན་གྱི་སྡོད་ཁང་འཛུགས་སྐྲུན་ལ་བརྟན་པོའི་ངང་སྐུལ་འདེད་བཏང་ཡོད། སྤྱི་ཚོགས་བཅོས་སྐྱོང་གི་མ་ལག་འཐུས་སྒོ་ཇེ་ཚང་དུ་གྱུར་པ་དང་། སྤྱི་ཚོགས་ཁྱོན་ཡོངས་བརྟན་གནས་ཐུབ་ཅིང་། རྒྱལ་ཁབ་ཀྱི་བདེ་འཇགས་ཁྱོན་ཡོངས་ནས་ཇེ་ཆེར་ཕྱིན་ཡོད།
         སྐྱེ་ཁམས་དཔལ་ཡོན་ལེགས་སྐྱོང་བྱས་པའི་ཕན་འབྲས་མངོན་གསལ་དོད་པོ་བྱུང་ཡོད། སྐྱེ་ཁམས་དཔལ་ཡོན་ལེགས་སྐྱོང་ལ་སྐུལ་སྤེལ་ཤུགས་ཆེན་བཏང་ཞིང་། ཏང་ཡོངས་དང་རྒྱལ་ཡོངས་སུ་ལྗང་མདོག་འཕེལ་རྒྱས་ཀྱི་བསམ་གཞི་དོན་འཁྱོལ་གྱི་རང་རྟོགས་དང་རང་འགུལ་གྱི་བསམ་པ་མངོན་གསལ་ཇེ་ཆེར་ཕྱིན་པ་དང་། སྐྱེ་ཁམས་ཁོར་ཡུག་སྲུང་བར་སྣང་ཆུང་བྱེད་ཚུལ་ལ་འགྱུར་བ་མངོན་གསལ་དོད་པོ་བྱུང་ཡོད། སྐྱེ་ཁམས་དཔལ་ཡོན་ལམ་ལུགས་ཀྱི་མ་ལག་གང་མྱུར་ཆགས་པར་བྱས་པ་དང་། གཙོ་ནུས་ཐོན་ཁུལ་གྱི་ལམ་ལུགས་རིམ་བཞིན་ཆ་ཚང་དུ་གྱུར་པ། རྒྱལ་ཁབ་ཀྱི་སྤྱི་གླིང་སྒྲིག་སྲོལ་འཛུགས་པའི་ཚོད་ལྟ་ཁྱབ་སྤེལ་ཧུར་ཐག་བཏང་ཡོད། ཐོན་ཁུངས་ཕྱོགས་ཡོངས་ནས་གྲོན་ཆུང་གིས་ཕན་འབྲས་ཐོན་པར་བྱས་པས། ནུས་ཁུངས་དང་ཐོན་ཁུངས་ཟད་གྲོན་འགྲོ་ཚད་ཇེ་ཆེར་ཆག་ཡོད། སྐྱེ་ཁམས་སྲུང་སྐྱོང་དང་སླར་གསོའི་ལས་གཞི་གལ་ཆེན་བདེ་བླག་ངང་བསྒྲུབས་པ་དང་། རྩི་ཤིང་ཁྱབ་ཁྱོན་རྒྱུན་མཐུད་ངང་ཇེ་ཆེར་ཕྱིན་ཡོད། སྐྱེ་ཁམས་ཁོར་ཡུག་བཅོས་སྐྱོང་བྱེད་ཤུགས་མངོན་གསལ་ཆེ་རུ་བཏང་བས། ཁོར་ཡུག་གི་གནས་སྟངས་ལེགས་བཅོས་ཐུབ་ཡོད། གནམ་གཤིས་ཀྱི་འགྱུར་བར་སྣེ་ཁྲིད་ནས་ཁ་གཏད་འཇལ་བའི་རྒྱལ་སྤྱིའི་མཉམ་ལས་དེ་གོ་ལ་ཧྲིལ་པོའི་སྐྱེ་ཁམས་དཔལ་ཡོན་ལེགས་སྐྱོང་གི་ཐེ་ཞུགས་པ་དང་། ལེགས་སྐྱེས་འབུལ་མཁན། སྣེ་ཁྲིད་པ་བཅས་གལ་ཆེན་དུ་གྱུར་པ་རེད།
          དམག་དཔུང་སྟོབས་ལྡན་དང་དམག་དཔུང་དར་རྒྱས་གཏོང་བའི་རྣམ་པ་གསར་པ་བཏོད་ཡོད། ཀྲུང་གོའི་ཕུགས་འདུན་དང་དམག་དཔུང་སྟོབས་ལྡན་དུ་བསྒྱུར་བའི་ཕུགས་འདུན་མངོན་འགྱུར་བྱེད་པར་དམིགས་ཏེ། དུས་བབ་གསར་པའི་འོག་དམག་དོན་གྱི་འཐབ་འཛིང་བྱེད་ཕྱོགས་གཏན་ལ་ཕབ་ནས། རྒྱལ་སྲུང་དང་དམག་དཔུང་དེང་རབས་ཅན་དུ་འགྱུར་བར་སྐུལ་སྤེལ་གང་ཐུབ་བྱས་ཡོད། ཀུའུ་ཐེན་དུ་དམག་ཡོངས་ཀྱི་ཆབ་སྲིད་ལས་དོན་གྲོས་ཚོགས་སྐོང་འཚོགས་བྱས་པ་དང་། རང་རེའི་ཏང་དང་རང་རེའི་དམག་གི་གཟི་བརྗིད་ལྡན་པའི་སྲོལ་རྒྱུན་དང་སྤྱོད་ཚུལ་བཟང་པོ་སླར་གསོ་དར་སྤེལ་བཏང་བས། མི་དམངས་དམག་དཔུང་གི་ཆབ་སྲིད་སྐྱེ་ཁམས་བཅོས་སྐྱོང་ལ་ཕན་འབྲས་ནུས་ལྡན་ཐོན་ཡོད། རྒྱལ་སྲུང་དང་དམག་དཔུང་སྒྱུར་བཅོས་ལ་ལོ་རྒྱུས་རང་བཞིན་ལྡན་པའི་བར་བརྒལ་ཐུབ་སྟེ། དམག་ཨུད་ཀྱིས་སྤྱི་ཡོངས་ནས་བཀོད་འདོམས་དང་། དམག་ཁུལ་གྱིས་གཙོ་བོར་འཐབ་ཇུས་འདོན་པ། དམག་རིགས་ཀྱི་ཆགས་སྟངས་གསར་པ་གཙོ་བོར་སྐྲུན་པ་བཅས་ཀྱི་རྣམ་པ་ཆགས་པར་བྱས་པ། མི་དམངས་དམག་དཔུང་གི་རྩ་འཛུགས་གྲུབ་གཞི་དང་སྟོབས་ཤུགས་ཀྱི་མ་ལག་གསར་བརྗེའི་ངང་ཚུལ་དང་ལྡན་པའི་བསྐྱར་སྐྲུན་ཡོང་བར་བྱས་ཡོད། དམག་སྦྱོང་དང་དམག་གྲབས་བྱེད་ཤུགས་ཆེ་རུ་བཏང་བ། མཚོ་ཐོག་གི་ཁེ་དབང་སྲུང་བ་དང་། འཇིགས་རྒོལ་ལྷིང་སྐྱོང་། ཉེན་སེལ་གུད་སྐྱོབ། རྒྱལ་སྤྱིའི་ཞི་སྲུང་། ཡ་ཏིང་མཚོ་ཁུག་གི་མཚོ་འགྲུལ་སྲུང་སྐྱེལ། མི་ཆོས་རིང་ལུགས་ཀྱི་རོགས་སྐྱོབ་སོགས་པའི་ལས་འགན་གལ་ཆེན་ཕན་འབྲས་ཐོན་པར་བསྒྲུབས་པ་དང་། གོ་མཚོན་སྒྲིག་ཆས་འཕེལ་རྒྱས་གང་མགྱོགས་བཏང་བས། དམག་དོན་འཐབ་རྩོད་ཀྱི་གྲ་སྒྲིག་ལ་གྲུབ་འབྲས་གལ་ཆེན་ཐོབ་ཡོད། མི་དམངས་དམག་དཔུང་གིས་ཀྲུང་གོའི་ཁྱད་ཆོས་ལྡན་པའི་དམག་དཔུང་སྟོབས་ལྡན་དུ་བསྒྱུར་བའི་བགྲོད་ལམ་ཐོག་གོམ་སྟབས་བརྟན་པོས་སྤོས་ཡོད།
         ཤང་ཀང་དང་། ཨའོ་མོན། ཐའེ་ཝན་བཅས་ཀྱི་ལས་དོན་ལ་གྲུབ་འབྲས་གསར་པ་ཐོབ་ཡོད། “རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས”ཀྱི་བྱེད་ཕྱོགས་ཕྱོགས་ཡོངས་ནས་ལག་བསྟར་གནད་ལ་འཁེལ་བ་བྱས་པ་དང་། རྩ་ཁྲིམས་དང་གཞི་རྩའི་བཅའ་ཁྲིམས་ཀྱིས་ཀྲུང་དབྱང་ལ་ཤང་ཀང་དང་། ཨའོ་མོན་ཕྱོགས་ཡོངས་ནས་བདག་སྐྱོང་བྱེད་པའི་དབང་ཆ་སྤྲད་པ་དམ་པོར་བཟུང་ནས། ནང་ས་དང་ཤང་ཀང་ཨའོ་མོན་ས་ཁུལ་བར་མཉམ་ལས་དང་སྤེལ་རེས་ཟབ་ཏུ་བཏང་བ་དང་། ཤང་ཀང་དང་། ཨའོ་མོན་དར་རྒྱས་དང་བརྟན་ལྷིང་རྒྱུན་འཁྱོངས་བྱས་ཡོད། ཀྲུང་གོ་གཅིག་གི་རྩ་དོན་དང“དགུ་གཉིས་ཐུན་མོང་ལྟ་བ”མཐའ་འཁྱོངས་བྱས་ཏེ། ངོགས་གཉིས་ཀྱི་འབྲེལ་བ་ཞི་བའི་ངང་ནས་འཕེལ་བའི་སྐུལ་མ་བཏང་བ་དང་། ངོགས་གཉིས་པོའི་དཔལ་འབྱོར་དང་རིག་གནས་སྤེལ་རེས་མཉམ་ལས་བྱེད་ཤུགས་ཆེ་རུ་བཏང་ནས། ངོགས་གཉིས་པོའི་དབུ་ཁྲིད་པ་ལོ་རྒྱུས་ཀྱི་ངེས་པ་ལྡན་པའི་ཞལ་འཛོམས་ཡོང་བར་བྱས་ཡོད། ཐའེ་ཝན་གྱི་གནས་བབ་གྱུར་པར་ཁ་གཏད་འཚམ་པོས་འཇལ་བ་དང་། “ཐའེ་ཝན་རང་བཙན”གྱི་ཁ་ཕྲལ་སྟོབས་ཤུགས་ལ་ངོ་རྒོལ་དང་བཀག་འགོག་མཐའ་གཅིག་ཏུ་བྱས་ནས། ཐའེ་ཝན་མཚོ་རྒྱུད་ཀྱི་ཞི་བདེ་དང་བརྟན་ལྷིང་སྲུང་སྐྱོང་ནུས་ལྡན་བྱས་ཡོད།
          ཕྱོགས་མཐའ་ཀུན་གྱི་ཕྱི་འབྲེལ་བཀོད་པ་ཟབ་མོར་བཏིངས་ཡོད། ཀྲུང་གོའི་ཁྱད་ཆོས་ཀྱི་རྒྱལ་ཁབ་ཆེན་པོའི་ཕྱི་འབྲེལ་ཕྱོགས་ཡོངས་ནས་ཁྱབ་སྤེལ་བཏང་བས། ཕྱོགས་མཐའ་ཀུན་དང་། རིམ་པ་མང་བ། དངོས་སྣང་ཅན་བཅས་ཀྱི་ཕྱི་འབྲེལ་བཀོད་པ་ཆགས་ཏེ། རང་རྒྱལ་འཕེལ་རྒྱས་གཏོང་བར་ཕྱིའི་མཐུན་རྐྱེན་བཟང་པོ་བསྐྲུན་ཡོད། “རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་གྱི་གྲོས་གཞི་བཏོན་པ་དང་། ཨེ་ཤེ་ཡའི་རྨང་གཞིའི་སྒྲིག་བཀོད་ཀྱི་མ་དངུལ་འཇོག་པའི་དངུལ་ཁང་འཛུགས་གཉེར་བྱེད་འགོ་བརྩམས་པ། དར་གོས་འགྲུལ་ལམ་གྱི་ཐེབས་རྩ་བཙུགས་པ། “རྒྱུད་གཅིག་ལམ་གཅིག”གི་རྒྱལ་སྤྱིའི་མཉམ་ལས་ཀྱི་འགོ་གཙོའི་གླེང་སྟེགས་ཐོག་མ་དང་། ཨ་ཤེ་ཡ་དང་ཞི་བདེ་རྒྱ་མཚོའི་དཔལ་འབྱོར་མཉམ་ལས་ཚོགས་པའི་འགོ་ཁྲིད་པའི་དངོས་གཞི་མིན་པའི་གྲོས་ཚོགས། རྒྱལ་ཁབ་ཉི་ཤུ་ཚོགས་པའི་འགོ་ཁྲིད་པའི་ཧང་ཀྲོའུ་ཡི་དབུ་ཚོགས། འབོ་གསེར་རྒྱལ་ཁབ་ཀྱི་དབུ་ཁྲིད་པའི་ཞ་མོན་གྱི་མཇལ་འཕྲད། ཨ་ཤེ་ཡའི་རོགས་རེས་ཡིད་རྟོན་གྲོས་ཚོགས་བཅས་འཚོགས་པ་རེད། མིའི་རིགས་ཀྱི་ལས་དབང་གཅིག་པའི་ཚོགས་སྤྱི་འཛུགས་པ་དར་སྤེལ་བཏང་སྟེ། གོ་ལ་ཧྲིལ་པོ་བཅོས་སྐྱོང་གི་མ་ལག་ལ་འཕོ་འགྱུར་ཡོང་བར་བྱས་ཡོད། རང་རྒྱལ་གྱི་རྒྱལ་སྤྱིའི་ཐོག་གི་བག་ཆགས་འཇོག་ནུས་དང་། བློ་སེམས་འགུག་ཤུགས། མཚོན་པར་བྱེད་ནུས་བཅས་ཇེ་ཆེར་ཕྱིན་ཏེ། འཛམ་གླིང་ཞི་བདེ་དང་འཕེལ་རྒྱས་ཡོང་བར་ལེགས་སྐྱེས་གསར་པ་གལ་ཆེན་ཕུལ་ཡོད།
          ཕྱོགས་ཡོངས་ནས་ཏང་ནན་པོར་སྐྱོང་བར་ཕན་འབྲས་ཆེན་པོ་ཐོབ་ཡོད། ཏང་གི་འགོ་ཁྲིད་དང་ཏང་ལེགས་སྐྱོང་བྱེད་ཤུགས་ཕྱོགས་ཡོངས་ནས་ཆེ་རུ་བཏང་ནས། ཏང་དོ་དམ་དང་ཏང་སྐྱོང་ལྷུག་པོའི་སྣང་ཚུལ་མཐའ་གཅིག་ཏུ་བསྒྱུར་བ་རེད། ཏང་ཡོངས་ཀྱིས་ཏང་གི་སྒྲིག་ཡིག་གོང་དུ་བཀུར་བར་སྐུལ་སྤེལ་བཏང་བས། ཆབ་སྲིད་ཀྱི་འདུ་ཤེས་དང་། ཁྱོན་ཡོངས་ཀྱི་འདུ་ཤེས། སྲོག་ཤིང་གི་འདུ་ཤེས། དཔེ་ལྟའི་འདུ་ཤེས་བཅས་ཆེ་རུ་ཕྱིན་པ་དང་། ཏང་ཀྲུང་དབྱང་གི་དབང་གྲགས་དང་ཐུན་མོང་གི་གཅིག་གྱུར་འགོ་ཁྲིད་ལ་སྲུང་སྐྱོང་མཐའ་གཅིག་ཏུ་བྱས་པ། ཏང་གི་ཆབ་སྲིད་སྒྲིག་ཁྲིམས་དང་ཆབ་སྲིད་སྲོལ་ལུགས་དམ་ནན་དུ་བཏང་ནས། ཏང་དོ་དམ་དང་ཏང་ནན་པོར་སྐྱོང་བའི་ཆབ་སྲིད་ཀྱི་འགན་འཁྲི་རིམ་པར་དོན་འཁྱོལ་བྱས་ཡོད། མེ་ལོང་ལ་བལྟ་བ་དང་། ཞྭ་གོས་སྲོང་བ། ལུས་པོ་བཀྲུ་བ། ནད་གཞི་བཅོས་པ་སོགས་ཀྱི་བླང་བྱ་མཐའ་འཁྱོངས་བྱས་ཏེ། ཏང་གི་མང་ཚོགས་ལམ་ཕྱོགས་ཀྱི་སློབ་གསོའི་ལག་ལེན་བྱེད་སྒོ་དང་“དྲང་གསུམ་ནན་གསུམ”གྱི་ཆེད་དོན་སློབ་གསོ་སྤེལ་བ། “སློབ་སྦྱོང་གཉིས་དང་ཚད་ལོན་གཅིག”སློབ་སྦྱོང་དང་སློབ་གསོ་རྒྱུན་ལྡན་ཅན་དང་ལམ་ལུགས་ཅན་དུ་སྐུལ་སྤེལ་གཏོང་བ་བཅས་བྱས་པས། ཏང་ཡོངས་ཀྱི་ཕུགས་བསམ་དང་དད་སེམས་སྔར་ལས་བརྟན་དུ་སོང་བ་དང་། ཏང་གཤིས་སྔར་བས་བརྟན་པོར་གྱུར་ཡོད། དུས་སྐབས་གསར་པའི་ལས་བྱེད་པ་བཟང་པོའི་ཚད་གཞི་མཐའ་འཁྱོངས་བྱས་པས། མི་འདེམས་སྤྱོད་བྱེད་ཚུལ་དང་དར་སྲོལ་མངོན་གསལ་ཇེ་བཟང་དུ་གྱུར་ཡོད། ཏང་འཛུགས་སྐྱོང་གི་ལམ་ལུགས་སྒྱུར་བཅོས་ཟབ་ཏུ་སྤེལ་བ་དང་། ཏང་ནང་གི་ཁྲིམས་སྲོལ་ལམ་ལུགས་ཀྱི་མ་ལག་རྒྱུན་མ་ཆད་པར་འཐུས་ཚང་དུ་གྱུར་ཡོད། ཁྲིམས་འཛིན་སྔོན་ལ་བཏང་སྟེ། མི་དམངས་མང་ཚོགས་ཀྱི་བསམ་འཆར་ཆེ་ཤོས་དང་། ཏང་གི་སྲིད་འཛིན་རྨང་གཞི་ཉམས་ཉེན་ཆེ་བའི་གནད་དོན་མངོན་གསལ་དོད་ཤོས་ཐག་གཅོད་གང་ཐུབ་བྱས་ཡོད། ཀྲུང་དབྱང་གི་གཏན་འབེབས་བརྒྱད་བཏོན་པ་དང་། ཕྱི་ཚུལ་རིང་ལུགས་དང་། དཔོན་ཉམས་རིང་ལུགས། སྐྱིད་འདོད་རིང་ལུགས། བག་མེད་ཆུད་ཟོས་ཀྱི་སྤྱོད་ཚུལ་བཅས་བཅོས་སྐྱོང་གཟབ་ནན་བྱས་ཤིང་། ཁྱད་དབང་ལ་ངོ་རྒོལ་མཐའ་གཅིག་ཏུ་བྱས་ཡོད། སྐོར་གཟིགས་ཀྱི་རྣོ་དབལ་ནུས་པ་མངོན་པར་གསལ་ཏེ། ཀྲུང་དབྱང་དང་ཞིང་ཆེན་རིམ་པའི་ཏང་ཨུད་དུ་སྐོར་གཟིགས་ཡོངས་སུ་ཁྱབ་ཐུབ་པ་བྱུང་ཡོད། རུལ་རྒོལ་བཀག་སྡོམ་ཁུལ་མེད་པ་དང་། ཡོངས་སུ་ཁྱབ་པ། བཟོད་སྒོམ་གཏན་ནས་མེད་པ་བཅས་མཐའ་འཁྱོངས་བྱས་ཏེ། “སྟག་རྡུང”དང་། “སྦྲང་གསོད” “ཝ་རྔོན”བཅས་གཡོ་མེད་མཐའ་འཁྱོངས་བྱས་པས། རུལ་སུངས་མི་ཕོད་པའི་དམིགས་ཡུལ་མངོན་འགྱུར་རགས་ཙམ་ཐུབ་པ་དང་། རུལ་སུངས་མི་རུང་བའི་གཟེབ་མའི་ཁ་ཇེ་དམ་དུ་བཏང་བ། རུལ་སུངས་མི་འདོད་པའི་རགས་སྒོ་རྒྱག་བཞིན་ཡོད་པ། རུལ་རྒོལ་འཐབ་རྩོད་ཀྱིས་གནོན་ཚུལ་ཆགས་པ་མ་ཟད་འཕེལ་རྒྱས་ཀྱང་བརྟན་པོར་ཡོང་བཞིན་ཡོད།

【1】  【2】  【3】  【4】  【5】  【6】  【7】  【8】  【9】  【10】