མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ཀྲུང་གོ་གུང་ཁྲན་ཏང་གི་རྒྱལ་ཡོངས་འཐུས་མི་ཚོགས་ཆེན་ཐེངས་བཅུ་དགུ་པའི་ཐོག་གི་སྙན་སྒྲོན།

གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 11ཚེས་03ཉིན། 15:37】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

         དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་ནི་མར་ཁེ་སི་ལེ་ཉིན་རིང་ལུགས་དང་། མའོ་ཙེ་ཏུང་གི་དགོངས་པ། ཏེང་ཞའོ་ཕིན་གྱི་རིགས་པའི་གཞུང་ལུགས། “མཚོན་བྱེད་གསུམ”གྱི་དགོངས་པ་གལ་ཆེན། ཚན་རིག་དང་མཐུན་པའི་འཕེལ་རྒྱས་ལྟ་བ་བཅས་རྒྱུན་འཛིན་དང་འཕེལ་རྒྱས་བཏང་བ་དང་། མར་ཁེ་སི་རིང་ལུགས་ཀྲུང་གོ་ཅན་དུ་འགྱུར་བའི་གྲུབ་འབྲས་གསར་ཤོས། ཏང་དང་མི་དམངས་ཀྱི་ལག་ལེན་གྱི་ཉམས་མྱོང་དང་ཐུན་མོང་གི་བློ་གྲོས་ལས་བྱུང་བའི་ཉིང་བཅུད། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་རིགས་པའི་གཞུང་ལུགས་མ་ལག་གི་གྲུབ་ཆ་གལ་ཆེན། ཏང་ཡོངས་དང་རྒྱལ་ཡོངས་མི་དམངས་ཀྱིས་ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེ་མངོན་འགྱུར་ཡོང་བར་འབད་འཐབ་བྱེད་པའི་བྱ་སྤྱོད་ཀྱི་ཕྱོགས་སྟོན་བཅས་ཡིན་པས། ངེས་པར་དུ་རྒྱུན་རིང་མཐའ་འཁྱོངས་བྱེད་པ་དང་ཆབས་ཅིག་རྒྱུན་མི་ཆད་པར་འཕེལ་རྒྱས་ཀྱང་གཏོང་དགོས། 
         ཏང་ཡོངས་ཀྱིས་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པའི་ངོ་བོ་དང་ནང་དོན་ཕུན་སུམ་ཚོགས་པོ་ཤེས་རྟོགས་གཏིང་ཟབ་བྱས་ཏེ་ལས་དོན་ཁག་གི་ཁྲོད་དུ་ཕྱོགས་ཡོངས་ནས་ལག་ལེན་ཡང་དག་དང་མཐར་ཕྱིན་བྱེད་དགོས།
        (གཅིག) ཏང་གིས་ལས་དོན་མཐའ་དག་ལ་འགོ་ཁྲིད་བྱ་རྒྱུ་མཐའ་འཁྱོངས་བྱེད་དགོས། ཏང་སྲིད་དམག་དམངས་སློབ་གྲྭ་དང་། ཕྱོགས་མཚམས་ཀུན་ཏུ་བཅས་སུ། ཏང་ནི་ཐམས་ཅད་ཀྱི་འགོ་ཁྲིད་མཁན་ཡིན་པས། ཆབ་སྲིད་ཀྱི་འདུ་ཤེས་དང་། ཁྱོན་ཡོངས་ཀྱི་འདུ་ཤེས། སྲོག་ཤིང་གི་འདུ་ཤེས། དཔེ་ལྟོས་ཀྱི་འདུ་ཤེས་བཅས་འཛིན་ཤུགས་ངེས་པར་ཆེ་རུ་གཏོང་བ་དང་། ཏང་ཀྲུང་དབྱང་གི་དབང་གྲགས་དང་གཅིག་བསྡུས་གཅིག་གྱུར་གྱི་འགོ་ཁྲིད་རང་རྟོགས་ངང་ནས་སྲུང་སྐྱོང་བྱེད་དགོས་པ། བསམ་བློ་དང་ཆབ་སྲིད་བྱ་སྤྱོད་བཅས་ཀྱི་ཐོག་ནས་ཏང་ཀྲུང་དབྱང་དང་རང་རྟོགས་ངང་ནས་ཚད་མཐོའི་གཅིག་མཐུན་ཡོང་བར་བྱེད་དགོས་པ། ཏང་གི་འགོ་ཁྲིད་མཐའ་འཁྱོངས་བྱེད་པའི་སྒྲིག་སྲོལ་དང་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་བ། བརྟན་པོའི་ངང་ནས་ཡར་རྒྱས་ཡོང་བར་བྱེད་པའི་ལས་ཀའི་རྩ་བའི་དགོངས་གཞི་མཐའ་འཁྱོངས་བྱེད་པ། “ཕྱོགས་ལྔ་གཞི་གཅིག”གི་སྤྱིའི་བཀོད་པ་གཅིག་གྱུར་འཆར་འགོད་ཀྱིས་སྐུལ་འདེད་གཏོང་བ། “ཕྱོགས་ཡོངས་བཞི”ཡི་འཐབ་ཇུས་ཀྱི་བཀོད་པ་མཐུན་སྦྱོར་ངང་སྐུལ་འདེད་གཏོང་བ། ཏང་གིས་ཁ་ཕྱོགས་འཛིན་པ་དང་། ཁྱོན་ཡོངས་འཆར་འགོད། སྲིད་ཇུས་གཏན་འབེབས། སྒྱུར་བཅོས་ལ་སྐུལ་སྤེལ་བཅས་བྱེད་ནུས་དང་ངེས་ཤུགས་ཆེ་རུ་གཏོང་བ་བཅས་བྱས་ནས་ཏང་གིས་ཐོག་མཐའ་བར་གསུམ་དུ་ཁྱོན་ཡོངས་ཀྱི་གནས་ཚུལ་འཛིན་སྐྱོང་དང་ཕྱོགས་གང་ཅི་མཐུན་སྦྱོར་བྱེད་པར་འགན་ལེན་ཏན་ཏིག་བྱེད་དགོས།
        (གཉིས) མི་དམངས་ལྟེ་བར་འཛིན་རྒྱུ་མཐའ་འཁྱོངས་བྱེད་དགོས། མི་དམངས་ནི་ལོ་རྒྱུས་གསར་སྐྲུན་མཁན་ཡིན་པ་དང་། ཏང་དང་རྒྱལ་ཁབ་ཀྱི་མདུན་ལམ་དང་ལས་དབང་ཇི་ཡོང་ལ་ཐུག་པའི་རྩ་བའི་སྟོབས་ཤུགས་ཡིན་པས། ངེས་པར་དུ་མི་དམངས་ཀྱི་བྱེད་པོའི་གོ་གནས་མཐའ་འཁྱོངས་དང་། སྤྱི་དོན་དུ་ཏང་འཛུགས་དང་དམངས་དོན་དུ་སྲིད་སྐྱོང་མཐའ་འཁྱོངས། བློ་གཅིག་སེམས་གཅིག་གིས་མི་དམངས་ལ་ཞབས་འདེགས་ཞུ་བའི་རྩ་བའི་དམིགས་ཡུལ་ལག་ལེན་དུ་བསྟར་བ། ཏང་གི་མང་ཚོགས་ལམ་ཕྱོགས་དེ་རྒྱལ་སྲིད་སྐྱོང་རིམ་ཡོངས་ཀྱི་ལས་སྒོའི་ཁྲོད་ལག་ལེན་མཐར་ཕྱིན་བྱེད་པ། མི་དམངས་ཀྱིས་བདེ་སྐྱིད་འཚོ་བར་སྨོན་ཚུལ་དེ་འབད་འཐབ་ཀྱི་དམིགས་ཡུལ་དུ་འཛིན་པ་བཅས་བྱས་ནས་མི་དམངས་ལ་བརྟེན་ནས་ལོ་རྒྱུས་ཀྱི་བྱས་རྗེས་རླབས་པོ་ཆེ་སྐྲུན་དགོས།
        (གསུམ) ཕྱོགས་ཡོངས་ནས་སྒྱུར་བཅོས་ཟབ་སྤེལ་མཐའ་འཁྱོངས་བྱེད་དགོས། སྤྱི་ཚོགས་རིང་ལུགས་ཀྱིས་མ་གཏོགས་ཀྲུང་གོ་སྐྱོབ་མི་ཐུབ་པ་དང་། སྒྱུར་བཅོས་སྒོ་འབྱེད་བྱས་ན་མ་གཏོཌ་ཀྲུང་གོ་དང་། སྤྱི་ཚོགས་རིང་ལུགས། མར་ཁེ་སི་རིང་ལུཌ་བཅས་འཕེལ་རྒྱས་གཏོང་མི་ཐུབ་པས། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་ལམ་ལུགས་ངེས་པར་མཐའ་འཁྱོངས་དང་འཐུས་ཚང་དུ་གཏོང་བ་དང་། རྒྱལ་ཁབ་བཅོས་སྐྱོང་གི་མ་ལག་དང་བཅོས་སྐྱོང་གི་ནུས་པ་དེང་རབས་ཅན་དུ་འགྱུར་བར་མུ་མཐུད་སྐུལ་འདེད་གཏོང་བ། དུས་བབ་དང་མི་མཐུན་པའི་བསམ་པའི་འདུ་ཤེས་དང་སྒྲིག་སྲོལ་དང་ལམ་སྲོལ་ཐད་ཀྱི་ཞན་ཆ་མཐའ་དག་མཐའ་གཅིག་ཏུ་མེད་པར་བཟོ་དགོས་པ། ཁེ་ཕན་སྲ་འགྱུར་ལས་བྱུང་བའི་བཀག་རྒྱ་ལས་བརྒལ་ཐབས་བྱེད་པ། མིའི་རིགས་ཀྱི་དཔལ་ཡོན་ལས་བྱུང་བའི་དགེ་མཚན་ལྡན་པའི་གྲུབ་འབྲས་བསྡུ་ལེན། བརྒྱུད་རིམ་ལྡན་ཞིང་འཐུས་སྒོ་ཚང་བ་དང་། ཚན་རིག་དང་མཐུན་ཞིང་ཚད་དང་ལྡན་པ། འཁོར་སྐྱོད་ཕན་འབྲས་ཐོན་པ་བཅས་ཀྱི་ལམ་ལུགས་མ་ལག་འཛུགས་པ་བཅས་བྱས་ཏེ་རང་རྒྱལ་སྤྱི་ཚོགས་རིང་ལུགས་ལམ་ལུགས་ཀྱི་ཁྱད་འཕགས་རང་བཞིན་འདོན་སྤེལ་གང་ཐུབ་བྱེད་དགོས།
        (བཞི) འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་མཐའ་འཁྱོངས་བྱེད་དགོས། འཕེལ་རྒྱས་གཏོང་བ་ནི་རང་རྒྱལ་གྱི་གནད་དོན་མཐའ་དག་ཐག་གཅོད་པའི་རྨང་གཞི་དང་འགག་རྩ་ཡིན་ཞིང་། འཕེལ་རྒྱས་གཏོང་རྒྱུ་ནི་ངེས་པར་དུ་ཚན་རིག་དང་མཐུན་པའི་འཕེལ་རྒྱས་ཡིན་དགོས་པ་དང་། གསར་གཏོད་དང་། མཐུན་སྦྱོར། ལྗང་མདོག སྒོ་འབྱེད། མཉམ་སྤྱོད་བཅས་ཀྱི་འཕེལ་རྒྱས་བསམ་གཞི་ངེས་པར་དུ་བློ་བརྟན་འགྱུར་མེད་ཀྱིས་ལག་ལེན་མཐར་ཕྱིན་བསྟར་དགོས། རང་རྒྱལ་སྤྱི་ཚོགས་རིང་ལུགས་ཀྱི་གཞི་རྩའི་དཔལ་འབྱོར་ལམ་ལུགས་དང་བགོ་བཤའི་ལམ་ལུགས་ངེས་པར་དུ་མཐའ་འཁྱོངས་དང་འཐུས་ཚང་དུ་གཏོང་བ་དང་། སྤྱི་ལ་དབང་བའི་ལམ་ལུགས་ཀྱི་དཔལ་འབྱོར་བློ་བརྟན་འགྱུར་མེད་ཀྱི་སྒོ་ནས་འཕེལ་རྒྱས་གཏོང་བ། སྤྱི་ལ་དབང་བ་མ་ཡིན་པའི་ལམ་ལུགས་ཀྱི་དཔལ་འབྱོར་འཕེལ་རྒྱས་གཏོང་བར་བློ་བརྟན་འགྱུར་མེད་ཀྱི་སྒོ་ནས་བསྔགས་སྐུལ་དང་། རྒྱབ་སྐྱོར། ཁྲིད་སྟོན་བཅས་བྱས་ནས་ཐོན་ཁུངས་བགོ་སྒྲིག་ཁྲོད་ཀྱི་ཚོང་རའི་ཐག་གཅོད་རང་བཞིན་གྱི་ནུས་པ་འདོན་ཐུབ་པར་བྱེད་པ་དང་། སྲིད་གཞུང་གི་ནུས་པ་སྔར་ལས་ལྷག་པར་འདོན་སྤེལ་བྱེད་པ། བཟོ་ལས་ཅན་དང་། ཆ་འཕྲིན་ཅན། གྲོང་ཁྱེར་དང་གྲོང་རྡལ་ཅན། ཞིང་ལས་དེང་རབས་ཅན་བཅས་དཔེ་གསར་དུས་གཅིག་ཏུ་འཕེལ་རྒྱས་ཡོང་བར་སྐུལ་འདེད་གཏོང་བ། དཔལ་འབྱོར་གོ་ལ་ཧྲིལ་པོ་ཅན་དུ་འགྱུར་བའི་འཕེལ་རིམ་ལ་རང་འགུལ་ངང་ཞུགས་པ་དང་སྐུལ་འདེད་གཏོང་བ། རིམ་པ་སྔར་ལས་མཐོ་བའི་སྒོ་འབྱེད་རྣམ་པའི་དཔལ་འབྱོར་གོང་འཕེལ་གཏོང་བ་བཅས་བྱས་ནས་རང་རྒྱལ་གྱི་དཔལ་འབྱོར་སྟོབས་ཤུགས་དངོས་དང་ཕྱོགས་བསྡུས་རྒྱལ་སྟོབས་རྒྱུན་ཆད་མེད་པར་ཆེ་རུ་གཏོང་དགོས།
        (ལྔ) མི་དམངས་རང་ཁྱིམ་རང་བདག་ཡོང་བ་མཐའ་འཁྱོངས་བྱེད་དགོས། ཏང་གི་འགོ་ཁྲིད་མཐའ་འཁྱོངས་དང་། མི་དམངས་རང་ཁྱིམ་རང་བདག་ཡོང་བ། ཁྲིམས་མཐུན་ལྟར་རྒྱལ་ཁབ་སྐྱོང་བ་བཅས་གཅིག་གྱུར་དམ་ཟབ་བྱ་རྒྱུ་ནི་སྤྱི་ཚོགས་རིང་ལུགས་ཀྱི་ཆབ་སྲིད་གོང་འཕེལ་གཏོང་བའི་བླང་བྱ་ལྡོག་མེད་ཡིན་པས། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་ཆབ་སྲིད་གོང་འཕེལ་གཏོང་ལམ་ངེས་པར་མཐའ་འཁྱོངས་དང་། མི་དམངས་འཐུས་མིའི་ཚོགས་ཆེན་གྱི་ལམ་ལུགས་དང་། ཀྲུང་གོ་གུང་ཁྲན་ཏང་གིས་འགོ་ཁྲིད་གནང་བའི་ཏང་མང་མཉམ་ལས་དང་ཆབ་སྲིད་གྲོས་མོལ་གྱི་ལམ་ལུགས། མི་རིགས་ས་ཁོངས་རང་སྐྱོང་ལམ་ལུགས། གཞི་རིམ་མང་ཚོགས་ཀྱི་རང་སྐྱོང་ལམ་ལུཌ་བཅས་ངེས་པར་མཐའ་འཁྱོངས་དང་འཐུས་ཚང་དུ་གཏོང་བ། ཆེས་རྒྱ་ཆེ་བའི་རྒྱལ་གཅེས་འཐབ་ཕྱོགས་གཅིག་གྱུར་སྲ་བརྟན་དང་འཕེལ་རྒྱས་གཏོང་བ། སྤྱི་ཚོགས་རིང་ལུགས་ཀྱི་དམངས་གཙོ་གྲོས་མོལ་གོང་འཕེལ་གཏོང་བ། དམངས་གཙོའི་ལམ་ལུགས་ཆ་ཚང་དུ་གཏོང་བ། དམངས་གཙོའི་རྣམ་པ་ཕུན་སུམ་ཇེ་ཚོགས་སུ་གཏོང་བ། དམངས་གཙོའི་ཐབས་ལམ་རྒྱ་སྐྱེད་པ་བཅས་བྱས་ནས་མི་དམངས་རང་ཁྱིམ་རང་བདག་ཡོང་བར་བྱ་རྒྱུ་དེ་རྒྱལ་ཁབ་ཀྱི་ཆབ་སྲིད་འཚོ་བ་དང་སྤྱི་ཚོགས་ཀྱི་འཚོ་བའི་ཁྲོད་དུ་དོན་འཁྱོལ་ཡོང་བའི་འགན་ལེན་བྱེད་དགོས།
          (དྲུག) ཕྱོགས་ཡོངས་ནས་ཁྲིམས་མཐུན་ལྟར་རྒྱལ་ཁབ་སྐྱོང་བ་མཐའ་འཁྱོངས་བྱེད་དགོས། ཕྱོགས་ཡོངས་ནས་ཁྲིམས་མཐུན་ལྟར་རྒྱལ་ཁབ་སྐྱོང་བ་ནི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་རྩ་བའི་བླང་བྱ་དང་འགན་ལེན་གལ་ཆེན་ཡིན་པས། ཏང་གི་འགོ་ཁྲིད་དེ་ཁྲིམས་མཐུན་ལྟར་རྒྱལ་ཁབ་སྐྱོང་བའི་གོ་རིམ་ཡོངས་དང་ཕྱོགས་གང་ཅིར་ལག་ལེན་མཐར་ཕྱིན་བསྟར་བ་དང་། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་ཁྲིམས་སྐྱོང་བགྲོད་ལམ་ཐོག་བློ་བརྟན་འགྱུར་མེད་ངང་སྐྱོད་པ། རྩ་ཁྲིམས་སྲོག་ཤིང་དུ་གྱུར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་བཅའ་ཁྲིམས་མ་ལག་འཐུས་ཚང་དུ་གཏོང་བ། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་ཁྲིམས་སྐྱོང་མ་ལག་འཛུགས་སྐྱོང་བྱེད་པ། སྤྱི་ཚོགས་རིང་ལུཌ་ཀྱི་ཁྲིམས་སྐྱོང་རྒྱལ་ཁབ་འཛུཌ་སྐྱོང་བྱེད་པ། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་ཁྲིམས་སྐྱོང་གཞུང་ལུགས་འཕེལ་རྒྱས་གཏོང་བ། ཁྲིམས་མཐུན་ལྟར་རྒྱལ་ཁབ་སྐྱོང་བ་དང་། ཁྲིམས་མཐུན་ལྟར་སྲིད་སྐྱོང་བ། ཁྲིམས་མཐུན་ལྟར་སྲིད་འཛིན་པ་བཅས་ཐུན་མོང་དུ་སྐུལ་འདེད་གཏོང་བ་མཐའ་འཁྱོངས་བྱེད་པ། ཁྲིམས་སྐྱོང་རྒྱལ་ཁབ་དང་། ཁྲིམས་སྐྱོང་སྲིད་གཞུང་། ཁྲིམས་སྐྱོང་སྤྱི་ཚོགས་བཅས་གཞི་གཅིག་ཏུ་འཛུགས་སྐྱོང་མཐའ་འཁྱོངས་བྱེད་པ། ཁྲིམས་མཐུན་ལྟར་རྒྱལ་ཁབ་སྐྱོང་བ་དང་སྤྱོད་བཟང་ལ་བརྟེན་ནས་རྒྱལ་ཁབ་སྐྱོང་བ་ཟུང་འབྲེལ་དང་། ཁྲིམས་མཐུན་ལྟར་རྒྱལ་ཁབ་སྐྱོང་བ་དང་ལུགས་མཐུན་བཞིན་ཏང་སྐྱོང་བ་གཅིག་གྱུར་དམ་ཟབ་བྱ་རྒྱུ་མཐའ་འཁྱོངས་བྱེད་པ། ཁྲིམས་འཛིན་སྒྲིག་སྲོལ་སྒྱུར་བཅོས་ཟབ་སྤེལ་བྱེད་པ་བཅས་བྱས་ནས་མི་རིགས་ཡོངས་ཀྱི་ཁྲིམས་སྐྱོང་གི་བྱང་ཚད་དང་ཀུན་སྤྱོད་ཀྱི་བྱང་ཚད་མཐོ་རུ་གཏོང་དགོས།
         (བདུན) སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་མ་ལག་མཐའ་འཁྱོངས་བྱེད་དགོས། རིག་གནས་ཀྱི་གདེང་ཚོད་ནི་རྒྱལ་ཁབ་ཅིག་དང་མི་རིགས་ཤིག་གི་འཕེལ་རིམ་ཁྲོད་སྔར་བས་རྩ་བ་དང་། སྔར་བས་གཏིང་ཟབ། སྔར་བས་རྒྱུན་རིང་བཅས་སུ་གནས་པའི་སྟོབས་ཤུགས་ཡིན་པས། ངེས་པར་དུ་མར་ཁེ་སི་རིང་ལུགས་མཐའ་འཁྱོངས་བྱས་ཏེ། གུང་ཁྲན་རིང་ལུགས་ཀྱི་ཕུགས་བསམ་ཆེན་པོ་དང་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་ཐུན་མོང་གི་ཕུགས་བསམ་བརྟན་པོར་འཆང་བ་དང་། སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བ་སྐྱེད་སྲིང་དང་ལག་ལེན་བསྟར་བ། འདུ་ཤེས་འཛིན་སྟངས་ཁྱབ་ཁོངས་ཀྱི་གཙོ་ཁྲིད་དབང་ཆ་དང་གཏམ་བརྗོད་དབང་ཆ་རྒྱུན་མི་ཆད་པར་ཆེ་རུ་གཏོང་བ། ཀྲུང་ཧྭའི་ཕུལ་བྱུང་རིག་གནས་གསར་གཏོད་ལྡན་པར་བརྗེ་སྒྱུར་དང་། གསར་གཏོད་ལྡན་པར་འཕེལ་རྒྱས་ཡོང་བར་བྱེད་པ། གསར་བརྗེའི་རིག་གནས་ཀྱི་ཤུལ་འཛིན་དང་། སྤྱི་ཚོགས་རིང་ལུགས་ཀྱི་སྔོན་ཐོན་རིག་གནས་འཕེལ་རྒྱས་གཏོང་བ། གཞི་མ་མ་བརྗེད་ཅིང་ཕྱི་ནས་ཡོང་བ་བསྡུ་ལེན་དང་། མ་འོངས་པར་ཁ་ཕྱོགས་པ། ཀྲུང་གོའི་སྙིང་སྟོབས་དང་། ཀྲུང་གོའི་རིན་ཐང་། ཀྲུང་གོའི་སྟོབས་ཤུགས་བཅས་སྔར་བས་ལེགས་པོར་སྐྲུན་ནས་མི་དམངས་ལ་བསམ་བློའི་ཕྱོགས་སྟོན་འདོན་སྤྲོད་བྱེད་དགོས།
         (བརྒྱད) འཕེལ་རྒྱས་གཏོང་རིམ་ཁྲོད་དམངས་འཚོ་འགན་སྲུང་དང་ལེགས་བཅོས་མཐའ་འཁྱོངས་བྱེད་དགོས། དམངས་འཚོའི་བདེ་སྐྱིད་ཆེ་རུ་འགྲོ་བར་བྱེད་རྒྱུ་ནི་འཕེལ་རྒྱས་ཀྱི་རྩ་བའི་དམིགས་ཡུལ་ཡིན་པས། ངེས་པར་དུ་དམངས་འཚོའི་ཕན་ཁེ་མང་ཙམ་གཉེར་བ་དང་། དམངས་འཚོའི་དཀའ་སྡུག་མང་ཙམ་སེལ་ནས། འཕེལ་རྒྱས་གཏོང་བའི་ཁྲོད་དམངས་འཚོའི་ཞན་ཆ་གསབ་པ་དང་། སྤྱི་ཚོགས་དྲང་སྙོམས་དྲང་བདེན་ཡོང་བར་བྱེད་པ། བྱིས་པའི་དུས་ནས་སློབ་གསོ་ཐོབ་པ་དང་། སློབ་ལ་འཁྲིད་མཁན་ཡོད་པ། ངལ་རྩོལ་ལ་ཐོབ་ཆ་ཡོད་པ། ན་དུས་སྨན་བཅོས་ཐུབ་པ། རྒས་དུས་འཚོ་རྟེན་ཡོད་པ། སྡོད་སའི་ཁང་པ་ཡོད་པ། ཉམས་ཞན་སྐྱོང་མཁན་ཡོད་པ་བཅས་ཀྱི་ཐད་རྒྱུན་ཆད་མེད་པར་ཡར་ཐོན་བསྐྱར་མ་ཡོང་བར་བྱེད་པ། དབུལ་སྒྲོལ་འགག་སྒྲོལ་གཏིང་ཟབ་ཏུ་སྤེལ་བ། མཉམ་སྐྲུན་མཉམ་སྤྱོད་ཀྱི་འཕེལ་རྒྱས་གཏོང་རིམ་ཁྲོད་དུ་མི་དམངས་ཡོངས་ལ་ཐོབ་སྣང་སྔར་བས་མང་བའི་ཚོར་བ་ཡོང་བའི་འགན་ལེན་བྱས་ཏེ། མི་ཕྱོགས་ཡོངས་ནས་འཕེལ་རྒྱས་ཡོང་བ་དང་། མི་དམངས་ཡོངས་ཐུན་མོང་དུ་ཕྱུག་པོར་འགྱུར་བར་རྒྱུན་ཆད་མེད་པར་སྐུལ་འདེད་གཏོང་དགོས། བདེ་འཇགས་ཀྱི་ཀྲུང་གོ་འཛུགས་སྐྱོང་བྱེད་པ་དང་། སྤྱི་ཚོགས་བཅོས་སྐྱོང་ལ་ཤུགས་སྣོན་དང་གསར་གཏོད་བྱེད་པ། སྤྱི་ཚོགས་ཀྱི་འཆམ་མཐུན་བརྟན་ལྷིང་སྲུང་བ་བཅས་བྱས་ཏེ། རྒྱལ་ཁབ་ཡུན་རིང་བདེ་འཁོད་དང་། མི་དམངས་བདེ་སྡོད་ལས་བརྩོན་ཡོང་བའི་འགན་ལེན་བྱེད་དགོས།
         (དགུ) མི་དང་རང་བྱུང་ཁམས་འཆམ་མཐུན་མཉམ་གནས་ཡོང་བ་མཐའ་འཁྱོངས་བྱེད་དགོས། སྐྱེ་ཁམས་དཔལ་ཡོན་འཛུགས་སྐྱོང་བྱེད་པ་ནི་ཀྲུང་ཧྭ་མི་རིགས་རྒྱུན་མཐུད་ངང་འཕེལ་རྒྱས་ཡོང་བར་བྱེད་པའི་ལོ་ངོ་སྟོང་གི་ཇུས་ཆེན་ཡིན་པས། རི་སྔོ་ཆུ་དྭངས་ནི་གསེར་རི་དངུལ་རི་ཡིན་པའི་བསམ་གཞི་ངེས་པར་དུ་འཆང་བ་དང་ལག་ལེན་དུ་བསྟར་དགོས་པ་དང་། ཐོན་ཁུངས་གྲོན་ཆུང་དང་ཁོར་ཡུག་སྲུང་སྐྱོང་གི་གཞི་རྩའི་རྒྱལ་ཇུས་མཐའ་འཁྱོངས་བྱེད་པ། སྐྱེ་ཁམས་སྐྱོང་བར་ཚེ་སྲོག་ལ་གཅེས་སྤྲས་བྱེད་པ་བཞིན་གྱི་སྤྱོད་ཚུལ་འཛིན་པ། རི་ཆུ་ནགས་ཞིང་མཚེའུ་དང་རྩྭ་བཅས་ཆ་ལག་ཚང་བར་གཅིག་གྱུར་ཐོག་བཅོས་སྐྱོང་གི་འཆར་གཞི་བཀོད་དེ། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་གི་ལམ་ལུགས་དམ་ཤོས་ལག་ལེན་བསྟར་ནས། ལྗང་མདོག་འཕེལ་རྒྱས་གཏོང་སྟངས་དང་འཚོ་བ་སྐྱེལ་སྟངས་ཆགས་པར་བྱེད་པ། ཐོན་སྐྱེད་འཕེལ་རྒྱས་དང་། འཚོ་བ་ཕྱུག་འགྱུར། སྐྱེ་ཁམས་བཟང་པོ་བཅས་ཀྱི་དཔལ་ཡོན་ལྡན་པའི་འཕེལ་རྒྱས་ཀྱི་བགྲོད་ལམ་དུ་བློ་བརྟན་འགྱུར་མེད་ངང་སྐྱོད་དེ། བདེ་སྐྱིད་ལྡན་པའི་ཀྲུང་གོ་འཛུགས་སྐྲུན་བྱས་ནས། མི་དམངས་ལ་ཐོན་སྐྱེད་དང་འཚོ་བའི་ཁོར་ཡུག་ལེགས་པོ་སྐྲུན་པ་དང་། གོ་ལ་ཧྲིལ་པོའི་སྐྱེ་ཁམས་བདེ་འཇགས་ཡོང་ཕྱིར་ལེགས་སྐྱེས་འབུལ་དགོས།
          (བཅུ) སྤྱི་ཡོངས་ཀྱི་རྒྱལ་ཁབ་ཀྱི་བདེ་འཇགས་ལྟ་བ་མཐའ་འཁྱོངས་བྱེད་དགོས། འཕེལ་རྒྱས་དང་བདེ་འཇགས་གཅིག་གྱུར་འཆར་འགོད་བྱེད་པ་དང་། སེམས་ཁྲལ་གྱི་འདུ་ཤེས་ཆེ་རུ་བཏང་ནས་བདེ་དུས་ཉེན་དྲན་ཐུབ་པར་བྱེད་རྒྱུ་ནི་ང་ཚོའི་ཏང་གི་རྒྱལ་སྲིད་སྐྱོང་ལུགས་ཀྱི་རྩ་དོན་གལ་ཆེན་ཞིག་ཡིན་པས། རྒྱལ་ཁབ་ཀྱི་ཁེ་ཕན་གོང་དུ་བཀུར་བ་ངེས་པར་དུ་མཐའ་འཁྱོངས་དང་། མི་དམངས་བདེ་འཇགས་ཡོང་བ་དམིགས་ཡུལ་དུ་འཛིན་པ། ཆབ་སྲིད་ཀྱི་བདེ་འཇགས་རྩ་བར་འཛིན་པ། ཕྱི་རོལ་གྱི་བདེ་འཇགས་དང་ནང་ཁུལ་གྱི་བདེ་འཇགས། རྒྱལ་ཁབ་མངའ་ཁོངས་ཀྱི་བདེ་འཇགས། རྒྱལ་དམངས་ཀྱི་བདེ་འཇགས། སྲོལ་རྒྱུན་གྱི་བདེ་འཇགས་དང་སྲོལ་རྒྱུན་མ་ཡིན་པའི་བདེ་འཇགས། རང་ངོས་ཀྱི་བདེ་འཇགས་དང་ཐུན་མོང་གི་བདེ་འཇགས་བཅས་གཅིག་གྱུར་འཆར་འགོད་བྱེད་པ། རྒྱལ་ཁབ་ཀྱི་བདེ་འཇགས་ལམ་ལུགས་ཀྱི་མ་ལག་འཐུས་སྒོ་ཚང་དུ་གཏོང་བ། རྒྱལ་ཁབ་ཀྱི་བདེ་འཇགས་ནུས་ཤུགས་ལེགས་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་བ་བཅས་བྱས་ནས་རྒྱལ་ཁབ་ཀྱི་བདག་དབང་དང་། བདེ་འཇགས། འཕེལ་རྒྱས་བཅས་ཀྱི་ཁེ་ཕན་སྲུང་སྐྱོང་མཐའ་གཅིག་ཏུ་བྱེད་དགོས།
         (བཅུ་གཅིག) ཏང་གིས་མི་དམངས་དམག་དཔུང་ལ་འགོ་ཁྲིད་གཙང་བཙན་བྱེད་པ་མཐའ་འཁྱོངས་བྱེད་དགོས། ཏང་གི་བཀོད་པར་ཉན་པ་དང་། གཡུལ་ལས་རྒྱལ་ཐུབ་པ། སྤྱོད་ཚུལ་བཟང་བ་བཅས་ཀྱི་མི་དམངས་དམག་དཔུང་ཞིག་འཛུགས་སྐྱོང་བྱེད་རྒྱུ་ནི“ལོ་བརྒྱ་གཉིས”ཀྱི་འབད་འཐབ་དམིགས་འབེན་མངོན་འགྱུར་བྱེད་པ་དང་། ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེ་ཡོང་བར་བྱེད་པའི་འཐབ་ཇུས་ཀྱི་ཀ་བརྟེན་ལྟ་བུ་ཡིན་པས། ཏང་གིས་མི་དམངས་དམག་དཔུང་ལ་འགོ་ཁྲིད་བྱེད་པའི་རྩ་བའི་རྩ་དོན་དང་ལམ་ལུགས་རབ་དང་རིམ་པ་ངེས་པར་དུ་ཕྱོགས་ཡོངས་ནས་དོན་འཁྱོལ་བྱས་ཏེ། དུས་རབས་གསར་པའི་ཏང་གི་དམག་དཔུང་སྟོབས་ལྡན་དུ་སྒྱུར་བའི་དགོངས་པ་དེ་རྒྱལ་སྲུང་དང་དམག་དཔུང་འཛུགས་སྐྱོང་བྱེད་རིམ་ཁྲོད་ཀྱི་སློབ་སྟོན་གོ་གནས་སུ་གཏན་འཁེལ་བྱེད་པ། ཆབ་སྲིད་ལ་བརྟེན་ནས་དམག་དཔུང་འཛུགས་སྐྱོང་དང་། སྒྱུར་བཅོས་ལ་བརྟེན་ནས་དམག་དཔུང་སྟོབས་ལྡན་དུ་སྒྱུར་བ། ཚན་རྩལ་ལ་བརྟེན་ནས་དམག་དཔུང་དར་རྒྱས་སུ་གཏོང་བ། ཁྲིམས་མཐུན་ལྟར་དམག་དཔུང་བཅོས་སྐྱོང་བཅས་མཐའ་འཁྱོངས་བྱེད་པ། དངོས་འཐབ་ཀྱི་གནད་ཀར་དོ་སྣང་ཇེ་ཆེ་དང་། གསར་གཏོད་སྐུལ་སྤེལ་ལ་དོ་སྣང་ཇེ་ཆེ། མ་ལག་འཛུགས་སྐྱོང་ལ་དོ་སྣང་ཇེ་ཆེ། ཞིབ་ལས་འབྲས་བཟང་ལ་དོ་སྣང་ཇེ་ཆེ། དམག་དམངས་མཉམ་འདྲེས་ལ་དོ་སྣང་ཇེ་ཆེ་བཅས་བྱས་ནས། དུས་རབས་གསར་པའི་འོག་དམག་དཔུང་སྟོབས་ལྡན་དུ་སྒྱུར་བའི་ཏང་གི་དམིགས་ཡུལ་མངོན་འགྱུར་བྱེད་དགོས།
         (བཅུ་གཉིས) “རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས”དང་མེས་རྒྱལ་གཅིག་གྱུར་ལ་སྐུལ་འདེད་མཐའ་འཁྱོངས་བྱེད་དགོས། ཤང་ཀང་དང་ཨའོ་མོན་ཡུན་རིང་དར་རྒྱས་བརྟན་ལྷིང་རྒྱུན་འཁྱོངས་དང་། མེས་རྒྱལ་ཆ་ཚང་གཅིག་གྱུར་ཡོང་བར་བྱེད་པ་ནི་ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེ་ཡོང་བར་བྱེད་པའི་བླང་བྱ་དགོས་ངེས་ཡིན་པས། ཀྲུང་དབྱང་གིས་ཤང་ཀང་དང་ཨའོ་མོན་དམིགས་བསལ་སྲིད་འཛིན་ཁུལ་ལ་ཕྱོགས་ཡོངས་ནས་བདག་སྐྱོང་བྱེད་དབང་སྲུང་འཛིན་དང་དམིགས་བསལ་སྲིད་འཛིན་ཁུལ་ཚད་མཐོའི་རང་སྐྱོང་བྱེད་དབང་འགན་སྲུང་བྱེད་རྒྱུ་ངེས་པར་དུ་ཟུང་འབྲེལ་དམ་ཚགས་བྱས་ཏེ། “རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས”ཀྱི་བྱེད་ཕྱོགས་འཛིན་པར་འགྱུར་ལྡོག་མི་ཡོང་བ་དང་། གཡོ་འགུལ་མི་གཏོང་བའི་འགན་ལེན་བྱེད་པ། “རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས”ཀྱི་ལག་ལེན་གྱི་ངོ་བོ་མི་འགྱུར་བ་དང་བྱེད་སྟངས་མི་འགྱུར་བའི་འགན་ལེན་བྱེད་དགོས། ཀྲུང་གོ་གཅིག་གི་རྩ་དོན་ངེས་པར་དུ་མཐའ་འཁྱོངས་བྱེད་པ་དང་། “དགུ་གཉིས་ཐུན་མོང་གི་ངོས་འཛིན”མཐའ་འཁྱོངས་བྱས་ནས། མཚོ་འགག་ངོགས་གཉིས་ཀྱི་འབྲེལ་བ་ཞི་བའི་ངང་ནས་འཕེལ་རྒྱས་ཡོང་བར་སྐུལ་འདེད་གཏོང་བ་དང་། མཚོ་འགག་ངོགས་གཉིས་ཀྱི་དཔལ་འབྱོར་མཉམ་ལས་དང་རིག་གནས་འགྲོ་འོང་གཏིང་ཟབ་ཏུ་སྤེལ་བ། རྒྱལ་ཁབ་ཁ་ཕྲལ་དུ་གཏོང་བའི་བྱེད་སྒོ་མཐའ་དག་ལ་མཚོ་འགག་ངོགས་གཉིས་ཀྱི་སྤུན་ཟླ་ཚོས་ཐུན་མོང་ཐོག་ངོ་རྒོལ་བྱེད་པར་སྐུལ་འདེད་བཏང་ནས་ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེ་མངོན་འགྱུར་ཡོང་བར་མཉམ་དུ་འབད་བརྩོན་བྱེད་དགོས།
         (བཅུ་གསུམ) མིའི་རིགས་ཀྱི་ལས་དབང་གཅིག་པའི་ཚོགས་སྤྱི་འཛུགས་སྐྱོང་མཐའ་འཁྱོངས་བྱེད་དགོས། ཀྲུང་གོའི་མི་དམངས་ཀྱི་ཕུགས་འདུན་ནི་རྒྱལ་ཁབ་ཁག་གི་མི་དམངས་ཀྱི་ཕུགས་འདུན་དང་དབུགས་ལམ་གཅིག་གྱུར་ཡིན་པས། ཀྲུང་གོའི་ཕུགས་འདུན་མངོན་འགྱུར་བྱེད་པར་ཞི་བའི་རྒྱལ་སྤྱིའི་ཁོར་ཡུག་དང་བརྟན་ལྷིང་གི་རྒྱལ་སྤྱིའི་སྒྲིག་ལམ་དང་བྲལ་ཐབས་མེད། རྒྱལ་ནང་དང་རྒྱལ་སྤྱིའི་ཁྱོན་ཡོངས་གཉིས་ངེས་པར་དུ་གཅིག་གྱུར་འཆར་འགོད་བྱེད་པ་དང་། ཐོག་མཐའ་བར་གསུམ་དུ་ཞི་བདེའི་གོང་སྤེལ་གྱི་བགྲོད་ལམ་དུ་སྐྱོད་པ། གཉིས་ཕན་མཉམ་ཁེའི་སྒོ་འབྱེད་ཀྱི་འཐབ་ཇུས་ལག་ལེན་བསྟར་བ། འོས་འགན་དང་ཁེ་ཕན་གྱི་ལྟ་ཚུལ་ཡང་དག་མཐའ་འཁྱོངས་བྱེད་པ། ཐུན་མོང་དང་། ཕྱོགས་བསྡུས། མཉམ་ལས། རྒྱུན་མཐུད་བཅས་ཀྱི་བདེ་འཇགས་ལྟ་བ་གསར་པ་འཆང་བ། སྒོ་འབྱེད་གསར་གཏོད་དང་། ཁོང་ཡངས་གཉིས་ཕན་གྱི་གོང་འཕེལ་མདུན་ལྗོངས་དོན་དུ་གཉེར་བ། བསྟུན་མཁས་གཞན་རྗེས་མི་འབྲང་བ་དང་། མཉམ་སྡུད་མཉམ་གསོག་གི་དཔལ་ཡོན་སྤེལ་རེས་ལ་སྐུལ་འདེད་གཏོང་བ། རང་བྱུང་སྤྱི་བཀུར་དང་། ལྗང་མདོག་འཕེལ་རྒྱས་ཀྱི་སྐྱེ་ཁམས་མ་ལག་སྐྲུན་པ། ཐོག་མཐའ་བར་གསུམ་དུ་འཛམ་གླིང་ཞི་བདེ་སྐྱོང་མཁན་དང་། གོ་ལ་ཧྲིལ་པོ་འཕེལ་རྒྱས་ཀྱི་ལེགས་སྐྱེས་འབུལ་མཁན། རྒྱལ་སྤྱིའི་སྒྲིག་ལམ་སྲུང་སྐྱོང་མཁན་བཅས་བྱེད་དགོས། 
        (བཅུ་བཞི) ཕྱོགས་ཡོངས་ནས་ཏང་ནན་པོར་སྐྱོང་བ་མཐའ་འཁྱོངས་བྱེད་དགོས། རང་ངོས་གསར་བརྗེ་ཕོད་པ་དང་། ཏང་དོ་དམ་དང་ལེགས་སྐྱོང་ནན་པོར་བྱེད་རྒྱུ་ནི་ང་ཚོའི་ཏང་གི་གཤིས་རྒྱུད་མངོན་གསལ་དོད་ཤོས་ཡིན་པས། ངེས་པར་དུ་ཏང་གི་སྒྲིག་ཡིག་རྩ་བའི་གཞི་འཛིན་སར་བྱེད་པ་དང་། ཏང་གི་ཆབ་སྲིད་ལེགས་སྐྱོང་གོ་གནས་ཨང་དང་པོར་འཇོག་པ། བསམ་བློའི་ཐོག་ནས་ཏང་འཛུགས་དང་ལམ་ལུགས་ཐོག་ནས་ཏང་སྐྱོང་ཕྱོགས་གཅིག་ཏུ་ཤུགས་འདོན། ཏང་འཛུགས་སྐྱོང་ཁག་གཅིག་གྱུར་འཆར་འགོད་ཀྱིས་སྐུལ་འདེད་གཏོང་བ། “འགག་རྩའི་ཉུང་ཤས”དམ་དུ་འཛིན་པ། “ནན་གསུམ་དྲང་གསུམ” མཐའ་འཁྱོངས་བྱེད་པ། དམངས་གཙོ་གཅིག་སྡུད་ལམ་ལུགས་མཐའ་འཁྱོངས་བྱེད་པ། ཏང་ནང་ཁུལ་གྱི་ཆབ་སྲིད་འཚོ་བ་ནན་པོར་སྐྱོང་བ། ཏང་གི་སྒྲིག་ཁྲིམས་ནན་དུ་གཏོང་བ། ཏང་ནང་ཁུལ་གྱི་ལྟ་སྐུལ་བྱེད་ཤུགས་ཆེར་སྐྱེད། དགེ་མཚན་ལྡན་ཞིང་སྐྱོན་དང་བྲལ་བའི་ཏང་ནང་ཁུལ་གྱི་ཆབ་སྲིད་རིག་གནས་འཕེལ་རྒྱས་གཏོང་བ། ཏང་ནང་ཁུལ་གྱི་ཆབ་སྲིད་སྐྱེ་ཁམས་ཕྱོགས་ཡོངས་ནས་གཙང་སྒྱུར། ཚུལ་མིན་སྤྱོད་ཡན་སྣ་ཚོགས་ཡོ་བསྲང་མཐའ་གཅིག་ཏུ་བྱེད་པ། བཟོད་སྒོམ་གཏན་ནས་མེད་པའི་རྣམ་འགྱུར་ཐོག་ནས་རུལ་སུངས་ལ་ཆད་པ་གཅོད་པ། ཏང་རང་ངོས་རྒྱུན་ཆད་མེད་པར་གཙང་སྒྱུར་དང་། རང་ངོས་འཐུས་ཚང་། རང་ངོས་གསར་སྒྱུར། རང་ངོས་འཕེལ་རྒྱས་བཅས་ཀྱི་ནུས་པ་ཆེ་རུ་བཏང་ནས། ཏང་དང་མི་དམངས་མང་ཚོགས་བར་གྱི་ཤ་རུས་ལྟ་བུའི་འབྲེལ་བ་ཐོག་མཐའ་བར་གསུམ་དུ་རྒྱུན་འཁྱོངས་བྱེད་དགོས། 
           གོང་གི་དོན་ཚན་བཅུ་བཞི་ཡིས་དུས་རབས་གསར་པར་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་མཐའ་འཁྱོངས་དང་གོང་སྤེལ་གཏོང་བའི་གཞི་རྩའི་ཐབས་ཇུས་གྲུབ་ཡོད། ཏང་ཡོངས་ཀྱི་བློ་མཐུན་ཚོས་ཏང་གི་གཞི་རྩའི་རིགས་པའི་གཞུང་ལུགས་དང་། གཞི་རྩའི་ལམ་ཕྱོགས། གཞི་རྩའི་ཐབས་ཇུས་བཅས་ངེས་པར་དུ་ཁྱོན་ཡོངས་ནས་དོན་འཁྱོལ་བྱས་ནས། ཏང་དང་མི་དམངས་ཀྱི་བྱ་གཞག་གོང་འཕེལ་ཡོང་བར་ཁྲིད་སྟོན་སྔར་ལས་ལེགས་པར་བྱེད་དགོས། 

【1】  【2】  【3】  【4】  【5】  【6】  【7】  【8】  【9】  【10】