མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ཀྲུང་གོ་གུང་ཁྲན་ཏང་གི་རྒྱལ་ཡོངས་འཐུས་མི་ཚོགས་ཆེན་ཐེངས་བཅུ་དགུ་པའི་ཐོག་གི་སྙན་སྒྲོན།

གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 11ཚེས་03ཉིན། 15:41】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

         ལག་ལེན་ལ་རྫོགས་མཐའ་མེད་ལ་གཞུང་ལུགས་གསར་གཏོད་ལའང་རྫོགས་མཐའ་མེད། འཛམ་གླིང་ནི་དུས་དང་རྣམ་པ་ཀུན་ཏུ་འགྱུར་ལྡོག་འགྲོ་བཞིན་པ་དང་། ཀྲུང་གོའང་དུས་དང་རྣམ་པ་ཀུན་ཏུ་འགྱུར་ལྡོག་འགྲོ་བཞིན་ཡོད་པས། ང་ཚོས་གཞུང་ལུགས་ཀྱི་ཐད་ནས་ངེས་པར་དུ་དུས་རབས་ཀྱི་རྗེས་ཟིན་པ་དགོས་ཤིང་། རྒྱུན་ཆད་མེད་པར་ཆོས་ཉིད་ངོས་འཛིན་ཐུབ་པར་བྱེད་པ་དང་། གཞུང་ལུགས་གསར་གཏོད་དང་། ལག་ལེན་གསར་གཏོད། ལམ་ལུགས་གསར་གཏོད། རིག་གནས་གསར་གཏོད་བཅས་དང་དེ་མིན་ཕྱོགས་གཞན་དག་གསར་གཏོད་ལ་རྒྱུན་ཆད་མེད་པར་སྐུལ་འདེད་གཏོང་དགོས། 
         བློ་མཐུན་རྣམ་པ། དུས་རབས་ནི་བསམ་བློའི་མ་ཡུམ་ལྟ་བུ་ཡིན་ལ་ལག་ལེན་ནི་གཞུང་ལུགས་ཀྱི་འབྱུང་ཁུངས་ཡིན་པས། ང་ཚོས་དུས་རབས་ཀྱི་འབོད་སྒྲ་ཉན་མཁས་པ་དང་། བདེན་དོན་མཐའ་འཁྱོངས་དང་ནོར་འཁྲུལ་ཡོ་བསྲང་ཕོད་ན། དུས་རབས་ཉེར་གཅིག་པར་ཀྲུང་གོའི་མར་ཁེ་སི་རིང་ལུགས་ནི་སྔར་བས་སྟོབས་ཆེ་ཞིང་སྔར་བས་གོ་སྐོན་བློ་འགུག་གི་ནུས་པ་ལྡན་པའི་བདེན་དོན་གྱི་ནུས་ཤུགས་མངོན་ཐུབ་ངེས་ཡིན།
         བཞི། འབྱོར་འབྲིང་སྤྱི་ཚོགས་ཕྱོགས་ཡོངས་ནས་སྐྲུན་ཐུབ་པའི་རྒྱལ་ཁ་ཕུ་ཐག་ཆོད་པར་བླངས་ཏེ་སྤྱི་ཚོགས་རིང་ལུགས་ཀྱི་དེང་རབས་ཅན་དུ་འགྱུར་བའི་རྒྱལ་ཁབ་ཕྱོགས་ཡོངས་ནས་སྐྲུན་པའི་རྒྱང་སྐྱོད་ཀྱི་ལམ་བུ་གསར་པ་འབྱེད་དགོས།
        སྒྱུར་བཅོས་སྒོ་འབྱེད་བྱས་ཚུན་དུ། ང་ཚོའི་ཏང་གིས་རང་རྒྱལ་སྤྱི་ཚོགས་རིང་ལུགས་ཀྱི་དེང་རབས་ཅན་དུ་འགྱུར་བའི་འཛུགས་སྐྲུན་ཐད་འཐབ་ཇུས་ཀྱི་བཀོད་པ་བཏིང་བ་དང་། “གོམ་རིམ་གསུམ”གྱི་འཐབ་ཇུས་དམིགས་འབེན་བཏོན་པ་རེད། མི་དམངས་ཀྱི་ལྟོ་གོས་དཀའ་ངལ་སེལ་བ་དང་། མི་དམངས་ཀྱི་འཚོ་བ་སྤྱིའི་ཆ་ནས་འབྱོར་འབྲིང་གི་ཆུ་ཚད་དུ་སླེབས་པའི་དམིགས་ཡུལ་འདི་གཉིས་དུས་བཀག་གི་སྔོན་ལ་མངོན་འགྱུར་བྱུང་ཟིན། རྨང་གཞི་འདིའི་ཐོག་ང་ཚོའི་ཏང་གིས་ཏང་བཙུགས་ནས་ལོ་ངོ་བརྒྱར་སླེབས་སྐབས། དཔལ་འབྱོར་སྔར་ལས་དར་རྒྱས་ཆེ་བ་དང་། དམངས་གཙོ་སྔར་ལས་འཐུས་ཚང་། ཚན་སློབ་སྔར་བས་ཡར་ཐོན། རིག་གནས་སྔར་བས་ཕུན་སུམ་ཚོགས་པོ། སྤྱི་ཚོགས་སྔར་བས་འཆམ་མཐུན། མི་དམངས་ཀྱི་འཚོ་བ་སྔར་བས་ཕྱུག་པོ་བཅས་ཀྱི་འབྱོར་འབྲིང་སྤྱི་ཚོགས་སྐྲུན་ཐུབ་པར་བྱས་རྗེས། དེ་ནས་སླར་ཡང་ལོ་ངོ་སུམ་ཅུའི་རིང་འབད་བརྩོན་བྱས་ཏེ། ཀྲུང་གོ་གསར་པ་བཙུགས་ནས་ལོ་ངོ་བརྒྱར་སླེབས་སྐབས་དེང་རབས་ཅན་རྩ་བའི་ཆ་ནས་མངོན་འགྱུར་བྱས་ཏེ། རང་རྒྱལ་འདི་ཉིད་སྤྱི་ཚོགས་རིང་ལུགས་ཀྱི་དེང་རབས་ཅན་དུ་འགྱུར་བའི་རྒྱལ་ཁབ་ཏུ་སྐྲུན་ཐུབ་པར་བྱེད་དགོས་ལུགས་བཏོན་ཡོད།
         ད་ལྟ་ནས་2020ལོའི་བར་ནི་འབྱོར་འབྲིང་སྤྱི་ཚོགས་ཕྱོགས་ཡོངས་ནས་སྐྲུན་ཐུབ་པར་བྱེད་པའི་རྒྱལ་ཕམ་ཐག་ཆོད་པར་ལེན་པའི་དུས་རིམ་ཡིན། ཚོགས་ཆེན་བཅུ་དྲུག་པ་དང་། ཚོགས་ཆེན་བཅུ་བདུན་པ། ཚོགས་ཆེན་བཅོ་བརྒྱད་པ་བཅས་ཀྱི་ཐོག་བཏོན་པའི་འབྱོར་འབྲིང་སྤྱི་ཚོགས་ཕྱོགས་ཡོངས་ནས་སྐྲུན་ཐུབ་པར་བྱེད་པའི་བླང་བྱ་ཁག་ལ་གཞིགས་ནས། རང་རྒྱལ་སྤྱི་ཚོགས་རིང་ལུགས་ཀྱི་འགལ་བ་གཙོ་བོའི་འགྱུར་བར་རྩེ་གཅིག་ཏུ་དམིགས་ཏེ། དཔལ་འབྱོར་འཛུགས་སྐྲུན་དང་། ཆབ་སྲིད་ལེགས་སྐྱོང་། རིག་གནས་དར་སྤེལ། སྤྱི་ཚོགས་འཛུགས་སྐྱོང་། སྐྱེ་ཁམས་དཔལ་ཡོན་ལེགས་སྐྱོང་བཅས་གཅིག་གྱུར་འཆར་འགོད་ཀྱིས་སྐུལ་འདེད་གཏོང་བ། ཚན་སློབ་ལ་བརྟེན་ནས་རྒྱལ་ཁབ་དར་རྒྱས་གཏོང་བའི་འཐབ་ཇུས་དང་། ཤེས་ལྡན་མི་སྣར་བརྟེན་ནས་རྒྱལ་ཁབ་སྟོབས་ལྡན་དུ་སྒྱུར་བའི་འཐབ་ཇུས། གསར་གཏོད་སྐུལ་སྤེལ་ཐོག་ནས་འཕེལ་རྒྱས་གཏོང་བའི་འཐབ་ཇུས། ཤང་དང་གྲོང་ཚོ་དར་རྒྱས་གཏོང་བའི་འཐབ་ཇུས། ས་ཁོངས་མཐུན་སྦྱོར་ངང་འཕེལ་རྒྱས་གཏོང་བའི་འཐབ་ཇུས། རྒྱུན་མཐུད་ངང་འཕེལ་རྒྱས་གཏོང་ཐུབ་པའི་འཐབ་ཇུས། དམག་དམངས་མཉམ་འདྲེས་ཐོག་འཕེལ་རྒྱས་གཏོང་བའི་འཐབ་ཇུས་བཅས་བློ་བརྟན་འགྱུར་མེད་ཀྱིས་ལག་ལེན་བསྟར་བ། གཙོ་གནད་དམ་འཛིན་དང་། ཞན་ཆ་གསབ་པ། ཉམས་ཞན་སྟོབས་སྤེལ་བཅས་གཙོ་གནད་དུ་བྱེད་པ་དང་། ཁྱད་པར་དུ་ཉེན་ཁ་ཆེན་པོ་སྔོན་འགོག་སེལ་ཐབས་དང་། དབུལ་བྲལ་གནད་འཁེལ། སྦགས་བཙོག་འགོག་བཅོས་བཅས་ཀྱི་འགག་སྒྲོལ་ལས་ཀ་བློ་བརྟན་འགྱུར་མེད་ཀྱི་སྒོ་ནས་ཡག་པོར་བསྒྲུབས་ཏེ། འབྱོར་འབྲིང་སྤྱི་ཚོགས་ཕྱོགས་ཡོངས་ནས་སྐྲུན་ཐུབ་པར་བྱེད་ཚུལ་མི་དམངས་ཀྱི་ཁས་ལེན་པ་དང་ལོ་རྒྱུས་ཀྱི་ཞིབ་བཤེར་ཐེག་ཐུབ་པར་བྱེད་དགོས།
         ཚོགས་ཆེན་བཅུ་དགུ་པ་ནས་ཚོགས་ཆེན་ཉི་ཤུ་པའི་བར་ནི“ལོ་བརྒྱ་གཉིས”ཀྱི་འབད་འཐབ་དམིགས་འབེན་གྱི་ལོ་རྒྱུས་འདྲེས་མཚམས་ཀྱི་དུས་སྐབས་ཡིན། ང་ཚོས་འབྱོར་འབྲིང་སྤྱི་ཚོགས་ཕྱོགས་ཡོངས་ནས་སྐྲུན་ཐུབ་པར་བྱེད་པ་དང་། ལོ་བརྒྱ་དང་པོའི་འབད་འཐབ་དམིགས་འབེན་མངོན་འགྱུར་བྱེད་དགོས་ལ། གནས་བབ་དང་བསྟུན་ནས་མདུན་དུ་བསྐྱོད་དེ། སྤྱི་ཚོགས་རིང་ལུགས་ཀྱི་དེང་རབས་ཅན་གྱི་རྒྱལ་ཁབ་ཏུ་ཕྱོགས་ཡོངས་ནས་འཛུགས་སྐྲུན་བྱེད་པའི་རྒྱང་སྐྱོད་ཀྱི་ལམ་བུ་གསར་པའི་འགོ་བརྩམས་ཏེ། ལོ་བརྒྱ་གཉིས་པའི་འབད་འཐབ་དམིགས་འབེན་གྱི་ཕྱོགས་སུའང་དཔུང་སྐྱོད་བྱེད་དགོས།
         རྒྱལ་སྤྱི་རྒྱལ་ནང་གི་གནས་བབ་དང་རང་རྒྱལ་འཕེལ་རྒྱས་ཀྱི་ཆ་རྐྱེན་ལ་ཕྱོགས་བསྡུས་ཀྱིས་དབྱེ་ཞིབ་བྱས་པ་ན། 2020ལོ་ནས་དུས་རབས་འདིའི་དུས་དཀྱིལ་བར་དུ་དུས་རིམ་གཉིས་སུ་ཕྱེས་ནས་བཀོད་སྒྲིག་བྱས་ཆོག
        དུས་རིམ་དང་པོ་2020ལོ་ནས་2035ལོའི་བར་དུ། འབྱོར་འབྲིང་སྤྱི་ཚོགས་ཕྱོགས་ཡོངས་ནས་སྐྲུན་ཐུབ་པའི་རྨང་གཞིའི་ཐོག ཡང་བསྐྱར་ལོ་བཅོ་ལྔ་རིང་འབད་བརྩོན་བྱས་ནས་སྤྱི་ཚོགས་རིང་ལུགས་ཀྱི་དེང་རབས་ཅན་གཞི་རྩའི་ཆ་ནས་མངོན་འགྱུར་བྱེད་དགོས། དེའི་དུས་སུ་སླེབས་སྐབས་རང་རྒྱལ་གྱི་དཔལ་འབྱོར་སྟོབས་ཤུགས་དངོས་དང་ཚན་རྩལ་སྟོབས་ཤུགས་དངོས་ཇེ་ཆེར་ཕྱིན་ཏེ། གསར་གཏོད་ཅན་གྱི་རྒྱལ་ཁབ་ཀྱི་མདུན་གྲལ་དུ་ཚུད་ཐུབ་པ་དང་། མི་དམངས་འདྲ་མཉམ་དུ་ཞུགས་པ་དང་། འདྲ་མཉམ་དུ་འཕེལ་རྒྱས་གཏོང་བའི་ཁེ་དབང་ལ་འགན་ལེན་གང་ལེགས་ཐུབ་ཅིང་། ཁྲིམས་སྐྱོང་རྒྱལ་ཁབ་དང་། ཁྲིམས་སྐྱོང་སྲིད་གཞུང་། ཁྲིམས་སྐྱོང་སྤྱི་ཚོགས་བཅས་གཞི་རྩའི་ཆ་ནས་སྐྲུན་ཐུབ་པ། ཕྱོགས་གང་ཅིའི་ལམ་ལུགས་འཐུས་སྒོ་ཇེ་ཚང་དང་། རྒྱལ་ཁབ་བཅོས་སྐྱོང་གི་མ་ལག་དང་བཅོས་སྐྱོང་གི་ནུས་པ་གཞི་རྩའི་ཆ་ནས་དེང་རབས་ཅན་དུ་མངོན་འགྱུར་ཐུབ་པ། སྤྱི་ཚོགས་ཀྱི་དཔལ་ཡོན་དར་ཚུལ་མཐོ་ཚད་གསར་པར་སླེབས་ཤིང་། རྒྱལ་ཁབ་ཀྱི་རིག་གནས་མཉེན་ཤུགས་ཆེ་རུ་མངོན་གསལ་འགྲོ་བ་དང་། ཀྲུང་ཧྭ་རིག་གནས་ཀྱི་ཤུགས་རྐྱེན་སྔར་བས་ཆེ་ཞིང་ཟབ་མོ་ཡོང་བ། མི་དམངས་ཀྱི་འཚོ་བ་སྔར་བས་ཕྱུག་པོ་དང་། ཡོང་འབབ་འབྲིང་གྲས་མི་ཚོགས་ཀྱི་བསྡུར་ཚད་མཐོ་རུ་མངོན་གསལ་འགྲོ་བ་དང་། གྲོང་ཁྱེར་དང་གྲོང་གསེབ་ཀྱི་ས་ཁོངས་འཕེལ་རྒྱས་ཀྱི་ཧེ་བག་དང་གྲོང་མིའི་འཚོ་བའི་ཆུ་ཚད་ཀྱི་ཧེ་བག་མངོན་གསལ་ཇེ་ཆུང་དུ་འགྲོ་བ། གཞི་རྩའི་སྤྱི་པའི་ཞབས་ཞུ་འདྲ་མཉམ་ཅན་གཞི་རྩའི་ཆ་ནས་མངོན་འགྱུར་ཡོང་བ། མི་དམངས་ཡོངས་ཐུན་མོང་དུ་ཕྱུག་པོར་འགྱུར་བའི་གོམ་སྟབས་བརྟན་པོར་སྤོ་ཐུབ་པ། དེང་རབས་ཀྱི་སྤྱི་ཚོགས་བཅོས་སྐྱོང་གི་རྣམ་པ་གཞི་རྩའི་ཆ་ནས་གྲུབ་ཅིང་། སྤྱི་ཚོགས་གསོན་ཤུགས་རྒྱས་ཤིང་འཆམ་མཐུན་གོ་རིམ་ལྡན་པར་ཡོང་བ། སྐྱེ་ཁམས་ཁོར་ཡུག་གཞི་རྩའི་ཆ་ནས་ལེགས་འགྱུར་ཡོང་ཞིང་བདེ་སྐྱིད་ལྡན་པའི་ཀྲུང་གོའི་དམིགས་འབེན་གཞི་རྩའི་ཆ་ནས་མངོན་འགྱུར་ཡོང་ཐུབ།
         དུས་རིམ་གཉིས་པ་2035ལོ་ནས་དུས་རབས་འདིའི་དུས་དཀྱིལ་བར་དུ། དེང་རབས་ཅན་རྩ་བའི་ཆ་ནས་མངོན་འགྱུར་ཡོང་བའི་རྨང་གཞིའི་ཐོག ཡང་བསྐྱར་ལོ་ངོ་བཅོ་ལྔ་རིང་འབད་བརྩོན་བྱས་ནས་རང་རྒྱལ་འདི་ཉིད་འབྱོར་པ་ཕྱུག་ཅིང་དམངས་གཙོ་ལྡན་ལ་དཔལ་ཡོན་དར་བ་དང་འཆམ་མཐུན་བདེ་སྐྱིད་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དེང་རབས་ཅན་དུ་འགྱུར་བའི་རྒྱལ་ཁབ་སྟོབས་ལྡན་དུ་སྐྲུན་ཐུབ་པར་བྱེད་དགོས། དུས་དེར་སླེབས་སྐབས་རང་རྒྱལ་གྱི་དངོས་པོའི་དཔལ་ཡོན་དང་། ཆབ་སྲིད་ཀྱི་དཔལ་ཡོན། བསམ་པའི་དཔལ་ཡོན། སྤྱི་ཚོགས་ཀྱི་དཔལ་ཡོན། སྐྱེ་ཁམས་དཔལ་ཡོན་བཅས་ཁྱོན་ཡོངས་ནས་ཇེ་བཟང་དུ་འགྲོ་བ་དང་། རྒྱལ་ཁབ་བཅོས་སྐྱོང་གི་མ་ལག་དང་བཅོས་སྐྱོང་གི་ནུས་པ་དེང་རབས་ཅན་དུ་མངོན་འགྱུར་བྱུང་སྟེ། ཕྱོགས་བསྡུས་རྒྱལ་སྟོབས་དང་རྒྱལ་སྤྱིའི་ཤུགས་རྐྱེན་མདུན་གྲལ་དུ་སླེབས་པའི་རྒྱལ་ཁབ་ཏུ་འགྱུར་བ། མི་དམངས་ཡོངས་ཐུན་མོང་ཐོག་ཕྱུག་པོར་འགྱུར་བར་བྱེད་རྒྱུ་རྩ་བའི་ཆ་ནས་མངོན་འགྱུར་ཡོང་ཞིང་། རང་རྒྱལ་མི་དམངས་སྔར་བས་བདེ་སྐྱིད་ཁམས་བཟང་གི་འཚོ་བར་རོལ་ཐུབ་པ་དང་། ཀྲུང་ཧྭ་མི་རིགས་དཔའ་ཉམས་སྔར་བས་ཆེ་བའི་སྒོ་ནས་འཛམ་གླིང་མི་རིགས་ཀྱི་གྲལ་དུ་འགྱིང་ངེས་ཡིན།
         བློ་མཐུན་རྣམ་པ། འབྱོར་འབྲིང་སྤྱི་ཚོགས་ཕྱོགས་ཡོངས་ནས་སྐྲུན་ཐུབ་པར་བྱེད་པ་ནས་དེང་རབས་ཅན་རྩ་བའི་ཆ་ནས་མངོན་འགྱུར་བྱེད་པ་དང་། དེ་ནས་སྤྱི་ཚོགས་རིང་ལུགས་ཀྱི་དེང་རབས་ཅན་གྱི་རྒྱལ་ཁབ་སྟོབས་ལྡན་ཕྱོགས་ཡོངས་ནས་སྐྲུན་ཐུབ་པར་བྱེད་པ་ནི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་འཕེལ་རྒྱས་གཏོང་བའི་འཐབ་ཇུས་ཀྱི་བཀོད་པ་ཡིན། ང་ཚོས་བློ་བརྟན་འགྱུར་མེད་དང་སྙིང་རུས་ལྷོད་མེད་ཀྱི་སྒོ་ནས་སྤྱི་ཚོགས་རིང་ལུགས་ཀྱི་དེང་རབས་ཅན་དུ་འགྱུར་བའི་རྒྱང་སྐྱོད་ཀྱི་ལམ་བུ་གསར་པའི་བརྗིད་ཉམས་ལྡན་ཞིང་ཡིད་དབང་འཕྲོག་པའི་ལེ་ཚན་གཏོད་པར་འབད་དགོས།
          ལྔ། འཕེལ་རྒྱས་ཀྱི་བསམ་གཞི་གསར་པ་ལག་ལེན་བསྟར་ནས། དེང་རབས་ཅན་གྱི་དཔལ་འབྱོར་མ་ལག་སྐྲུན་དགོས།
         “ལོ་བརྒྱ་གཉིས”ཀྱི་འབད་འཐབ་དམིགས་འབེན་མངོན་འགྱུར་དང་། ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་ཡོང་བར་བྱས་ཏེ། མི་དམངས་ཀྱི་འཚོ་བའི་ཆུ་ཚད་རྒྱུན་ཆད་མེད་པར་མཐོ་རུ་གཏོང་བར་ངེས་པར་དུ་འཕེལ་རྒྱས་གཏོང་རྒྱུ་དེ་བློ་བརྟན་འགྱུར་མེད་ཀྱི་སྒོ་ནས་སྲིད་སྐྱོང་རྒྱལ་དར་གྱི་ཏང་གི་ལས་འགན་ཨང་དང་པོར་བརྩིས་ནས་སྤྱི་ཚོགས་ཀྱི་ཐོན་སྐྱེད་ནུས་ཤུགས་བཅིངས་འགྲོལ་དང་དར་སྤེལ་གཏོང་བ་མཐའ་འཁྱོངས་དང་། སྤྱི་ཚོགས་རིང་ལུགས་ཀྱི་ཚོང་རའི་དཔལ་འབྱོར་སྒྱུར་བཅོས་ཀྱི་ཁ་ཕྱོགས་མཐའ་འཁྱོངས་བྱས་ཏེ། དཔལ་འབྱོར་རྒྱུན་མཐུད་དང་སྐྱོན་བྲལ་ངང་ནས་འཕེལ་རྒྱས་འགྲོ་བའི་སྐུལ་འདེད་གཏོང་དགོས། 
         རང་རྒྱལ་གྱི་དཔལ་འབྱོར་འཕེལ་རྒྱས་མགྱོགས་པོ་ཡོང་རིམ་ནས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་དུས་རིམ་དུ་བསྒྱུར་ཅིང་། འཕེལ་རྒྱས་གཏོང་སྟངས་བརྗེ་སྒྱུར་དང་། དཔལ་འབྱོར་གྲུབ་ཚུལ་ལེགས་འགྱུར། འཕར་སྣོན་གྱི་སྒུལ་ཤུགས་བརྗེ་སྒྱུར་བཅས་ཀྱི་འགག་སྒྲོལ་དུས་རིམ་དུ་གནས་ཡོད། དེང་རབས་ཅན་དུ་འགྱུར་བའི་དཔལ་འབྱོར་མ་ལག་འཛུགས་སྐྲུན་བྱེད་པ་ནི་འགག་སྒོ་སྒྲོལ་བའི་ཁ་ཚ་དགོས་གཏུགས་ཀྱི་བླང་བྱ་དང་རང་རྒྱལ་འཕེལ་རྒྱས་གཏོང་བའི་འཐབ་ཇུས་ཀྱི་དམིགས་འབེན་ཡིན་པས། ངེས་པར་དུ་སྤུས་ཚད་ཨང་དང་པོར་འཇོག་པ་དང་ཕན་འབྲས་དམིགས་བཀར་མཐའ་འཁྱོངས། མཁོ་སྤྲོད་ཕྱོགས་ཀྱི་གྲུབ་ཚུལ་རང་བཞིན་གྱི་སྒྱུར་བཅོས་གཙོ་གནད་དུ་བཟུང་ནས། དཔལ་འབྱོར་འཕེལ་རྒྱས་ཀྱི་སྤུས་ཚད་གསར་སྒྱུར་དང་། ལས་ཆོད་གསར་སྒྱུར། སྒུལ་ཤུགས་གསར་སྒྱུར་བཅས་ལ་སྐུལ་འདེད་གཏོང་བ་དང་། གཙོ་རྒྱུ་ཀུན་འདུས་ཀྱི་ཐོན་སྐྱེད་ལས་ཆོད་ཆེ་རུ་གཏོང་བ། དངོས་གཞིའི་དཔལ་འབྱོར་དང་། ཚན་རྩལ་གསར་གཏོད། དེང་རབས་ཀྱི་དངུལ་རྩ། མི་ཤུགས་ཐོན་ཁུངས་བཅས་མཐུན་སྦྱོར་ངང་ནས་འཕེལ་རྒྱས་ཡོང་བའི་ཐོན་ལས་ཀྱི་མ་ལག་འཛུགས་སྐྲུན་གང་ཐུབ་དང་གང་མགྱོགས་སུ་གཏོང་བ། ཚོང་རའི་ལམ་སྲོལ་ཕན་གོ་ཆོད་པ་དང་། ཕྲ་མཐོང་བྱེད་པོར་གསོན་ཤུགས་ལྡན་པ། སྤྱི་ཁོག་སྙོམས་སྒྲིག་ཚད་ལྡན་བཅས་ཀྱི་དཔལ་འབྱོར་སྒྲིག་སྲོལ་འཛུགས་གང་ཐུབ་བྱས་ནས། རང་རྒྱལ་གྱི་དཔལ་འབྱོར་གསར་གཏོད་ནུས་པ་དང་འགྲན་རྩོད་ནུས་པ་རྒྱུན་ཆད་མེད་པར་ཆེ་རུ་གཏོང་དགོས།
         (གཅིག) མཁོ་སྤྲོད་ཕྱོགས་ཀྱི་གྲུབ་ཚུལ་རང་བཞིན་གྱི་སྒྱུར་བཅོས་ཟབ་ཏུ་སྤེལ་དགོས། དེང་རབས་ཅན་དུ་འགྱུར་བའི་དཔལ་འབྱོར་མ་ལག་འཛུགས་པར། ངེས་པར་དུ་དཔལ་འབྱོར་འཕེལ་རྒྱས་གཏོང་བའི་ཤུགས་འདོན་ཡུལ་དེ་དངོས་གཞིའི་དཔལ་འབྱོར་ཐད་ལ་བཞག་ནས། མཁོ་སྤྲོད་ཕྱོགས་ཀྱི་མ་ལག་གི་སྤུས་ཚད་མཐོ་རུ་གཏོང་བ་འདི་འགག་སྒྲོལ་གྱི་ཕྱོགས་གཙོ་བོར་བརྩིས་ཏེ། རང་རྒྱལ་གྱི་དཔལ་འབྱོར་སྤུས་ཚད་ཀྱི་བཟང་ཆ་མངོན་གསལ་ཇེ་ཆེར་གཏོང་དགོས། བཟོ་སྐྲུན་གྱི་རྒྱལ་ཁབ་སྟོབས་ལྡན་གང་མགྱོགས་སྐྲུན་དགོས། བཟོ་སྐྲུན་ལས་རིགས་སྔོན་ཐོན་འཕེལ་རྒྱས་ཇེ་མགྱོགས་སུ་བཏང་ནས་དྲ་སྦྲེལ་དང་། གཞི་གྲངས་ཆེ་མོ། མི་བཟོས་རིག་སྟོབས། དངོས་གཞིའི་དཔལ་འབྱོར་བཅས་མཉམ་འདྲེས་གཏིང་ཟབ་ཡོང་བའི་སྐུལ་འདེད་གཏོང་བ་དང་། འཛད་སྤྱོད་མཐོ་འབྲིང་གྲས་དང་། གསར་གཏོད་སྣེ་ཁྲིད། ལྗང་མདོག་ཐཱན་ཉུང་། མཉམ་སྤྱོད་དཔལ་འབྱོར། དེང་རབས་ཀྱི་མཁོ་སྤྲོད་མཐུད་འབྲེལ། མི་ཤུགས་ཐོན་ཁུངས་ཞབས་ཞུ་སོགས་ཀྱི་ཁྱབ་ཁོངས་སུ་འཕར་གཞི་གསར་པ་གསོ་སྤེལ་བྱས་ཏེ་སྒུལ་ནུས་གསར་པ་ཆགས་པར་བྱེད་དགོས། སྲོལ་རྒྱུན་གྱི་ཐོན་ལས་ལེགས་འགྱུར་རིམ་སྤོར་ལ་རྒྱབ་སྐྱོར་བྱེད་པ་དང་། དེང་རབས་ཀྱི་ཞབས་ཞུའི་ལས་རིགས་འཕེལ་རྒྱས་ཇེ་མགྱོགས་སུ་བཏང་ནས་རྒྱལ་སྤྱིའི་ཚད་གཞིར་བསྟུན་ཏེ་ཆུ་ཚད་མཐོ་རུ་གཏོང་དགོས། རང་རྒྱལ་གྱི་ཐོན་ལས་གོ་ལ་ཧྲིལ་པོའི་རིན་ཐང་སྦྲེལ་བའི་མཐོ་འབྲིང་གྲལ་གྱི་ཕྱོགས་སུ་སྐྱོད་པར་སྐུལ་འདེད་བཏང་ནས། འཛམ་གླིང་རིམ་པའི་བཟོ་སྐྲུན་ལས་རིགས་སྔོན་ཐོན་ཁྱུ་ཚོགས་འགའ་ཞིག་སྐྱེད་སྲིང་བྱེད་དགོས། ཆུ་བེད་དང་། ལྕགས་ལམ། གཞུང་ལམ། ཆུ་ཐོག་དབོར་འདྲེན། མཁའ་འགྲུལ། སྦུབས་ལམ། གློག་དྲ། ཆ་འཕྲིན། ཟོག་འདྲེན་སོགས་རྨང་གཞིའི་སྒྲིག་བཀོད་དྲ་བ་འཛུགས་སྐྲུན་བྱེད་ཤུགས་ཆེ་རུ་གཏོང་དགོས། ཐོན་ནུས་དོར་བ་དང་། མཛོད་ཉར་དོར་བ། བཀན་ཤིང་དོར་བ། མ་གནས་གཅོག་པ། ཞན་ཆ་གསབ་པ་བཅས་མཐའ་འཁྱོངས་དང་། ཐོན་ཁུངས་བསགས་གྲངས་བཟང་འགྱུར་བཀོད་སྒྲིག་བྱས་ནས། མཁོ་སྤྲོད་སྤུས་དག་འཕར་རྒྱ་ཆེ་རུ་བསྐྱེད་ནས་སྤྲོད་མཁོའི་འགུལ་རྣམ་དོ་མཉམ་ཡོང་བར་བྱེད་དགོས། ཁེ་ལས་པའི་སྙིང་སྟོབས་སྐུལ་སྤེལ་དང་སྲུང་སྐྱོང་བྱེད་པ་དང་། སྤྱི་ཚོགས་ཀྱི་བྱེད་པོ་སྔར་བས་མང་པོ་གསར་གཏོད་ལས་སྐྲུན་དུ་ཞུགས་པར་བསྔགས་སྐུལ་བྱེད་དགོས། ཤེས་ཡོན་ཅན་དང་། རྩལ་ནུས་ཅན། གསར་གཏོད་ཅན་བཅས་ཀྱི་ངལ་རྩོལ་པའི་དཔུང་ཁག་འཛུགས་སྐྱོང་བྱེད་པ་དང་། ངལ་རྩོལ་དཔེ་བཟང་ཅན་གྱི་སྙིང་སྟོབས་དང་ལག་བཟོ་པའི་སྙིང་སྟོབས་དར་སྤེལ་བཏང་ནས། ངལ་རྩོལ་གཟི་བརྗིད་ཆེ་བའི་སྤྱི་ཚོགས་ཀྱི་དར་སྲོལ་དང་ཡག་ཐོག་ཡག་བརྩེགས་ཀྱི་ལས་སྤྲོའི་དར་སྲོལ་དར་སྤེལ་གཏོང་དགོས།
        (གཉིས) གསར་གཏོད་ཅན་གྱི་རྒྱལ་ཁབ་འཛུགས་སྐྲུན་ཇེ་མགྱོགས་སུ་གཏོང་དགོས། གསར་གཏོད་ནི་འཕེལ་རྒྱས་ཀྱི་སྣེ་ཁྲིད་སྒུལ་ཤུགས་དང་པོ་ཡིན་པ་དང་། དེང་རབས་ཅན་གྱི་དཔལ་འབྱོར་མ་ལག་སྐྲུན་པའི་འཐབ་ཇུས་ཀྱི་འདེགས་སྐྱོར་ཡིན། འཛམ་གླིང་གི་ཚན་རྩལ་མདུན་གྲལ་ལ་དམིགས་ནས། རྨང་གཞིའི་ཞིབ་འཇུག་བྱེད་ཤུགས་ཆེ་རུ་གཏོང་དགོས་ཤིང་། སྔ་བལྟས་རང་བཞིན་གྱི་རྨང་གཞིའི་ཞིབ་འཇུག་དང་། སྣེ་ཁྲིད་རང་བཞིན་གྱི་གསར་དུ་གཏོད་པའི་ཐོག་མའི་གྲུབ་འབྲས་འགག་སྒྲོལ་ཆེན་པོ་ཡོང་བར་བྱེད་དགོས། སྤྱོད་གོ་དངོས་ཆོད་ཀྱི་རྨང་གཞིའི་ཞིབ་འཇུག་བྱེད་ཤུགས་ཆེ་རུ་གཏོང་བ་དང་། རྒྱལ་ཁབ་ཀྱི་ཚན་རྩལ་རྣམ་གྲངས་གལ་ཆེན་ལག་ལེན་བསྟར་རྒྱ་ཆེ་རུ་གཏོང་བ། འགག་རྩའི་ཐུན་མོང་རང་བཞིན་གྱི་ལག་རྩལ་དང་། མདུན་གྲལ་གྱི་སྣེ་ཁྲིད་ལག་རྩལ། དེང་རབས་ཀྱི་བཟོ་སྐྲུན་ལག་རྩལ། རྩ་སློག་གི་རང་བཞིན་ལྡན་པའི་ལག་རྩལ་བཅས་གསར་གཏོད་གཙོ་གནད་དུ་བཟུང་ནས། ཚན་རྩལ་གྱི་རྒྱལ་ཁབ་སྟོབས་ལྡན་དང་། སྤུས་ཚད་ཀྱི་རྒྱལ་ཁབ་སྟོབས་ལྡན། མཁའ་སྐྱོད་ཀྱི་རྒྱལ་ཁབ་སྟོབས་ལྡན། དྲ་སྦྲེལ་གྱི་རྒྱལ་ཁབ་སྟོབས་ལྡན། འགྲིམ་འགྲུལ་གྱི་རྒྱལ་ཁབ་སྟོབས་ལྡན། གྲངས་འཛིན་གྱི་ཀྲུང་གོ རིག་ལྡན་གྱི་སྤྱི་ཚོགས་བཅས་འཛུགས་སྐྲུན་བྱེད་པར་འདེགས་སྐྱོར་ནུས་ལྡན་འདོན་སྤྲོད་བྱེད་དགོས། རྒྱལ་ཁབ་ཀྱི་གསར་གཏོད་མ་ལག་འཛུགས་སྐྱོང་བྱེད་ཤུགས་ཆེ་རུ་བཏང་ནས་འཐབ་ཇུས་ཀྱི་ཚན་རྩལ་ནུས་ཤུགས་ཆེ་རུ་གཏོང་དགོས། ཚན་རྩལ་སྒྲིག་སྲོལ་སྒྱུར་བཅོས་ཟབ་སྤེལ་བྱས་ནས་ཁེ་ལས་བྱེད་པོར་འཛིན་པ་དང་། ཚོང་ར་ཕྱོགས་སྟོན་དུ་བྱེད་པ། ཐོན་སློབ་ཞིབ་གསུམ་ལྷན་འདྲེས་ཟབ་མོ་བཅས་ཀྱི་ལག་རྩལ་གསར་གཏོད་མ་ལག་འཛུགས་དགོས། ཁེ་ལས་ཆུང་འབྲིང་གསར་གཏོད་ལ་རོགས་སྐྱོར་བྱེད་ཤུགས་ཆེ་རུ་བཏང་ནས་ཚན་རྩལ་གྱི་གྲུབ་འབྲས་དངོས་སྒྱུར་ཡོང་བར་བྱེད་དགོས། གསར་གཏོད་ཀྱི་རིག་གནས་དར་སྤེལ་བྱས་ནས་ཤེས་བྱའི་ཐོན་དངོས་བདག་དབང་གསར་གཏོད་དང་། སྲུང་སྐྱོང་། བཀོལ་སྤྱོད་བཅས་བྱེད་ཤུགས་ཆེ་རུ་གཏོང་དགོས། རྒྱལ་སྤྱིའི་ཆུ་ཚད་ལྡན་པའི་འཐབ་ཇུས་ཀྱི་ཚན་རྩལ་ཤེས་ལྡན་པ་དང་། ཚན་རྩལ་སྣེ་ཁྲིད་ཤེས་ལྡན་པ། ན་གཞོན་ཚན་རྩལ་ཤེས་ལྡན་པ། ཆུ་ཚད་མཐོ་བའི་གསར་གཏོད་ཚོགས་པ་བཅས་འབོར་ཆེན་ཞིག་སྐྱེད་སྲིང་བྱེད་དགོས།
         (གསུམ) གྲོང་གསེབ་དར་རྒྱས་གཏོང་བའི་འཐབ་ཇུས་དོན་འཁྱོལ་བྱེད་དགོས། ཞིང་ལས་དང་གྲོང་གསེབ་ཞིང་པ་གསུམ་གྱི་གནད་དོན་ནི་རྒྱལ་ཇུས་དམངས་འཚོར་ཐུག་པའི་རྩ་བའི་རང་བཞིན་གྱི་གནད་དོན་ཡིན་པས། “ཞིང་གསུམ”གྱི་གནད་དོན་ངེས་པར་དུ་ཐག་གཅོད་ཡག་པོ་བྱེད་རྒྱུ་འདི་ཐོག་མཐའ་བར་གསུམ་དུ་ཏང་ཡོངས་ཀྱི་ལས་ཀའི་གལ་ཆེའི་ནང་གི་དོན་ཆེན་དུ་བརྩིས་ནས། ཞིང་ལས་དང་གྲོང་གསེབ་སྔོན་ལ་འཕེལ་རྒྱས་གཏོང་རྒྱུ་མཐའ་འཁྱོངས་བྱེད་དགོས། ཐོན་ལས་དར་རྒྱས་དང་། སྐྱེ་ཁམས་འཚོ་གནས་ལ་འཕྲོད་པ། ཡུལ་སྲོལ་ཡ་རབས། བཅོས་སྐྱོང་ཕན་འབྲས་ཐོན་པ། འཚོ་བ་ཕྱུག་པོ་བཅས་ཀྱི་སྤྱིའི་བླང་བྱར་གཞིགས་ནས། གྲོང་ཁྱེར་དང་གྲོང་གསེབ་མཉམ་འདྲེས་འཕེལ་རྒྱས་ཀྱི་སྒྲིག་སྲོལ་ལམ་སྲོལ་དང་སྲིད་ཇུས་ཀྱི་མ་ལག་འཛུགས་པ་དང་ཆ་ཚང་དུ་བཏང་ནས། ཞིང་ལས་དང་གྲོང་གསེབ་དེང་རབས་ཅན་དུ་འགྱུར་བའི་སྐུལ་འདེད་གང་མགྱོགས་གཏོང་དགོས། གྲོང་གསེབ་ཀྱི་གཞི་རྩའི་གཉེར་སྐྱོང་ལམ་ལུགས་སྲ་བརྟན་དང་འཐུས་སྒོ་ཚང་དུ་གཏོང་བ་དང་། གྲོང་གསེབ་ཀྱི་ས་ཞིང་ལམ་ལུགས་སྒྱུར་བཅོས་ཟབ་སྤེལ་བྱེད་པ། འགན་གཙང་བླངས་པའི་ས་ཞིང་གི“དབང་ཆ་གསུམ”ལོགས་འཛུགས་ལམ་ལུགས་འཐུས་སྒོ་ཚང་དུ་གཏོང་དགོས། ས་ཞིང་འགན་གཙང་ལེན་པའི་འབྲེལ་བ་བརྟན་པོ་ཡོང་བ་མ་ཟད་ཡུན་རིང་འགྱུར་མེད་ཡོང་བའི་སྲུང་སྐྱོང་བྱེད་པ་དང་། ས་ཞིང་འགན་གཙང་ལེན་རིམ་གཉིས་པའི་དུས་ཡུན་ཐིམས་པའི་རྗེས་ཡང་བསྐྱར་ལོ་ངོ་སུམ་ཅུ་རིང་ནར་འགྱངས་སུ་གཏོང་རྒྱུ་ཡིན། གྲོང་གསེབ་ཐུན་མོང་གི་ཐོན་དབང་ལམ་ལུགས་སྒྱུར་བཅོས་ཟབ་སྤེལ་བྱས་ནས། ཞིང་པའི་རྒྱུ་ནོར་གྱི་ཁེ་དབང་འགན་སྲུང་བྱེད་པ་དང་། ཐུན་མོང་གི་དཔལ་འབྱོར་ཤུགས་ཆེ་རུ་གཏོང་དགོས། རྒྱལ་ཁབ་ཀྱི་འབྲུ་རིགས་བདེ་འཇགས་ལ་འགན་ལེན་བྱས་ཏེ། ཀྲུང་གོ་བའི་འཚོ་རྟེན་རང་ཉིད་ཀྱི་ལག་ཏུ་དམ་པོར་འཛིན་དགོས། དེང་རབས་ཀྱི་ཞིང་ལས་ཐོན་ལས་མ་ལག་དང་། ཐོན་སྐྱེད་མ་ལག གཉེར་སྐྱོང་མ་ལག་བཅས་སྐྲུན་པ་དང་། ཞིང་ལས་ལ་རྒྱབ་སྐྱོར་དང་སྲུང་སྐྱོང་བྱེད་པའི་ལམ་ལུགས་འཐུས་སྒོ་ཚང་དུ་གཏོང་བ། གཞི་ཁྱོན་འཚམ་པའི་གཉེར་སྐྱོང་གི་རྣམ་པ་མང་པོ་འཕེལ་རྒྱས་གཏོང་བ། ཞིང་ལས་གཉེར་སྐྱོང་བྱེད་པོ་དཔེ་གསར་གསོ་སྐྱོང་བྱེད་པ། ཞིང་ལས་སྤྱི་ཚོགས་ཅན་གྱི་ཞབས་ཞུའི་མ་ལག་ཆ་ཚང་དུ་གཏོང་བ། ཞིང་དུད་ཆུང་ངུ་དང་དེང་རབས་ཀྱི་ཞིང་ལས་འཕེལ་རྒྱས་གཏོང་བ་སྦྲེལ་མཐུད་དམ་ཚགས་ཡོང་བར་བྱེད་དགོས། གྲོང་གསེབ་ཀྱི་ཐོན་ལས་དང་པོ་དང་། གཉིས་པ། གསུམ་པ་བཅས་མཉམ་འདྲེས་འཕེལ་རྒྱས་ཡོང་བར་བྱེད་པ་དང་། ཞིང་པའི་ལས་ཞུགས་དང་ལས་གཏོད་ལ་རྒྱབ་སྐྱོར་དང་བསྔགས་སྐུལ་བྱས་ནས། ཡོང་འབབ་འཕར་བར་བྱེད་ཐབས་སྐྱེད་དགོས། གྲོང་གསེབ་ཀྱི་གཞི་རིམ་དང་རྨང་གཞིའི་ལས་དོན་སྒྲུབ་ཤུགས་ཆེ་རུ་བཏང་ནས་རང་སྐྱོང་དང་། ཁྲིམས་སྐྱོང་། སྤྱོད་སྐྱོང་བཅས་ཟུང་འབྲེལ་ཐོག་གྲོང་གསེབ་བཅོས་སྐྱོང་བྱེད་པའི་མ་ལག་ཆ་ཚང་དུ་གཏོང་དགོས། ཞིང་ལས་ཤེས་པ་དང་། གྲོང་གསེབ་ལ་དགའ་བ། ཞིང་པར་དགའ་བ་བཅས་ཀྱི“ཞིང་གསུམ”ལས་དོན་པའི་དཔུང་ཁག་ཅིག་གསོ་སྐྱོང་ཐུབ་པར་བྱེད་དགོས།
         (བཞི) ས་ཁོངས་མཐུན་སྦྱོར་ངང་འཕེལ་རྒྱས་གཏོང་བའི་འཐབ་ཇུས་ལག་ལེན་བསྟར་དགོས། གསར་བརྗེའི་གནས་རྙིང་ཁུལ་དང་། མི་རིགས་ས་ཁུལ། མཐའ་མཚམས་ས་ཁུལ། དབུལ་ཕོངས་ས་ཁུལ་བཅས་མགྱོགས་མྱུར་འཕེལ་རྒྱས་གཏོང་བར་རྒྱབ་སྐྱོར་བྱེད་ཤུགས་ཇེ་ཆེར་གཏོང་བ་དང་། བྱེད་ཐབས་སྤྱོད་ཤུགས་ཆེ་རུ་བཏང་ནས་ནུབ་རྒྱུད་གསར་སྤེལ་ཆེན་པོར་གནས་བབ་གསར་པ་ཆགས་པར་བྱེད་པ། སྒྱུར་བཅོས་ཟབ་སྤེལ་བྱས་ཏེ་བྱང་ཤར་སོགས་བཟོ་ལས་ཀྱི་གནས་གཞི་རྙིང་པ་དར་རྒྱས་ཇེ་མགྱོགས་སུ་གཏོང་བ། དགེ་མཚན་འདོན་སྤེལ་བྱས་ནས་དབུས་རྒྱུད་ས་ཁུལ་དར་རྒྱས་ཡོང་བར་སྐུལ་འདེད་གཏོང་བ། གསར་སྐྲུན་གྱིས་ཁྲིད་སྟོན་བྱས་ནས་ཤར་རྒྱུད་ས་ཁུལ་དམིགས་སུ་བཀར་ཏེ་སྔོན་ལ་འཕེལ་རྒྱས་ཡོང་བ་བཅས་བྱས་ནས། ས་ཁོངས་མཐུན་སྦྱོར་ངང་འཕེལ་རྒྱས་གཏོང་བའི་ལམ་སྲོལ་གསར་པ་སྔར་བས་ཕན་གོ་ཆོད་པ་འཛུགས་དགོས། གྲོང་ཁྱེར་ཁྱུ་ཚོགས་གཙོ་བོར་གྱུར་པའི་གྲོང་ཁྱེར་ཆེ་འབྲིང་ཆུང་གསུམ་དང་གྲོང་རྡལ་ཆུང་ངུ་མཐུན་སྦྱོར་ངང་འཕེལ་རྒྱས་གཏོང་བའི་གྲོང་ཁྱེར་དང་གྲོང་རྡལ་གྱི་གནས་བབ་འཛུགས་སྐྱོང་བྱས་ཏེ། ཞིང་ལས་སྤོ་སྒྱུར་མི་འབོར་གྲོང་ཁྱེར་ཅན་དུ་ཇེ་མགྱོགས་སུ་སྒྱུར་དགོས། པེ་ཅིང་གི་རྒྱལ་སའི་བྱེད་ལས་མ་ཡིན་པའི་རིགས་ཁ་འགྲེམས་བྱེད་རྒྱུ“སྣ་ཐག”བྱས་ཏེ་ཅིང་ཅིན་ཅི་གསུམ་མཐུན་སྦྱོར་ངང་འཕེལ་རྒྱས་འགྲོ་བའི་སྐུལ་འདེད་གཏོང་བ་དང་། ཞུང་ཨན་ཁུལ་གསར་འགོ་འཛུགས་ས་མཐོན་པོ་ནས་འཆར་འགོད་དང་། ཚད་གཞི་མཐོན་པོར་འཛུགས་སྐྲུན་བྱེད་དགོས། སྲུང་སྐྱོང་ཆེན་པོ་མཉམ་འཛིན་དང་། གསར་སྤེལ་ཆེན་པོ་མི་བྱེད་པ་ཕྱོགས་སྟོན་དུ་བཟུང་སྟེ་འབྲི་ཆུའི་དཔལ་འབྱོར་རྒྱུད་འཕེལ་རྒྱས་ཡོང་བར་བྱེད་དགོས། ཐོན་ཁུངས་ཅན་གྱི་ས་ཁུལ་གྱི་དཔལ་འབྱོར་རྣམ་པ་བསྒྱུར་ཏེ་འཕེལ་རྒྱས་གཏོང་བར་རྒྱབ་སྐྱོར་བྱེད་དགོས། མཐའ་མཚམས་མགྱོགས་མྱུར་འཕེལ་རྒྱས་བཏང་ནས། མཐའ་མཚམས་སྲ་བརྟན་དང་། རྒྱལ་མཚམས་ཉེན་མེད་བདེ་འཇགས་ཡོང་བའི་འགན་ལེན་ཏན་ཏིག་བྱེད་དགོས། སྐམ་ས་དང་རྒྱ་མཚོ་གཅིག་གྱུར་འཆར་འགོད་མཐའ་འཁྱོངས་བྱེད་པ་དང་། རྒྱ་མཚོའི་སྟོབས་ལྡན་རྒྱལ་ཁབ་འཛུགས་སྐྲུན་ཇེ་མགྱོགས་སུ་གཏོང་དགོས།
        (ལྔ) སྤྱི་ཚོགས་རིང་ལུགས་ཀྱི་ཚོང་རའི་དཔལ་འབྱོར་སྒྲིག་སྲོལ་མགྱོགས་མྱུར་འཐུས་སྒོ་ཚང་དུ་གཏོང་དགོས། དཔལ་འབྱོར་སྒྲིག་སྲོལ་སྒྱུར་བཅོས་ནི་ངེས་པར་དུ་ཐོན་དབང་ལམ་ལུགས་འཐུས་སྒོ་ཚང་དུ་གཏོང་བ་དང་རྒྱུ་རྐྱེན་གཙོ་བོ་ཚོང་ར་ཅན་དུ་བགོ་སྒྲིག་བྱ་རྒྱུ་གཙོ་གནད་དུ་བཟུང་སྟེ། ཐོན་དབང་ཕན་གོ་ཆོད་པར་སྐུལ་སྤེལ་དང་། རྒྱུ་ཆ་གཙོ་བོ་རང་མོས་ངང་འཁོར་རྒྱུག རིན་གོང་འཕར་ཆག་གི་འགྱུར་བ་གང་ལ་གང་འཚམ་ཡིན་པ། འགྲན་རྩོད་འདྲ་མཉམ་དང་སྒྲིག་རིམ་ལྡན་པ། ཁེ་ལས་བཟང་ལེན་ངན་དོར་བཅས་མངོན་འགྱུར་བྱེད་དགོས། རྒྱལ་ཁབ་ལ་དབང་བའི་རྒྱུ་ནོར་དོ་དམ་ལམ་ལུགས་མི་འདྲ་བ་ཁག་འཐུས་སྒོ་ཚང་དུ་གཏོང་བ་དང་། རྒྱལ་ཁབ་ལ་དབང་བའི་མ་རྩའི་དབང་ཆ་སྤྲད་དེ་གཉེར་སྐྱོང་བྱེད་པའི་ལམ་སྲོལ་སྒྱུར་བཅོས་བྱེད་པ། རྒྱལ་ཁབ་ལ་དབང་བའི་དཔལ་འབྱོར་ཁ་འགྲེམས་སྟངས་ལེགས་སྒྱུར་དང་། གྲུབ་ཚུལ་ལེགས་སྒྲིག འཐབ་ཇུས་རང་བཞིན་གྱི་བསྐྱར་སྒྲིག་བཅས་ཇེ་མགྱོགས་སུ་གཏོང་བ། རྒྱལ་ཁབ་ལ་དབང་བའི་རྒྱུ་ནོར་གནས་ཐང་སྲུང་འཕར་ཡོང་བར་སྐུལ་འདེད་གཏོང་བ། རྒྱལ་ཁབ་ལ་དབང་བའི་མ་རྩ་སྟོབས་ལྡན་ཕུལ་བྱུང་དང་ཆེན་པོར་འགྱུར་བར་སྐུལ་འདེད་གཏོང་བ་བཅས་བྱས་ཏེ། རྒྱལ་ཁབ་ལ་དབང་བའི་རྒྱུ་ནོར་བརླག་དོར་ཤོར་ཚུལ་བཀག་འགོག་ནུས་ལྡན་བྱེད་དགོས། རྒྱལ་ཁབ་ལ་དབང་བའི་ཁེ་ལས་སྒྱུར་བཅོས་ཟབ་སྤེལ་བྱེད་པ་དང་། དབང་བའི་ལམ་ལུགས་འདྲེས་མའི་དཔལ་འབྱོར་འཕེལ་རྒྱས་བཏང་སྟེ། གོ་ལ་ཧྲིལ་པོར་འགྲན་ནུས་ལྡན་པའི་འཛམ་གླིང་གི་ཁེ་ལས་རྩེ་གྲའི་གྲས་སུ་སྐྱེད་སྲིང་བྱེད་དགོས། ཚོང་རར་ཞུགས་འཐུས་ཀྱི་བཀག་རྒྱ་གསལ་ཐོའི་ལམ་ལུགས་ཕྱོགས་ཡོངས་ནས་ལག་བསྟར་བྱེད་པ་དང་། ཚོང་ར་གཅིག་གྱུར་དང་འདྲ་མཉམ་ཐོག་ནས་འགྲན་རྩོད་བྱེད་པར་འགོག་རྐྱེན་བཟོ་བའི་གཏན་འབེབས་དང་བྱེད་སྟངས་སྣ་ཚོགས་གཙང་སེལ་དང་མེད་པར་བཟོ་བ། དམངས་གཉེར་ཁེ་ལས་གོང་དུ་སྤེལ་བར་རྒྱབ་སྐྱོར། ཚོང་རའི་གཙོ་ཤུགས་མི་འདྲ་བ་ཁག་གི་གསོན་ཤུགས་འདོན་སྤེལ་བཅས་བྱེད་དགོས། ཚོང་དོན་ལམ་ལུགས་སྒྱུར་བཅོས་ཟབ་སྤེལ་བྱེད་པ་དང་། སྲིད་འཛིན་རང་བཞིན་གྱི་སྒེར་སྡེམ་གཏོར་ཏེ། ཚོང་རའི་སྒེར་སྡེམ་བཀག་འགོག་བྱེད་པ་དང་། རྒྱུ་ཆ་གཙོ་བོའི་རིན་གོང་ཚོང་ར་ཅན་དུ་སྒྱུར་བཅོས་ཇེ་མགྱོགས་གཏོང་བ། ཞབས་ཞུའི་ལས་རིགས་ཀྱི་ཞུགས་འཐུས་ཚད་བཀག་གློད་པ། ཚོང་རའི་ལྟ་སྐུལ་དོ་དམ་གྱི་སྒྲིག་སྲོལ་འཐུས་སྒོ་ཚང་དུ་གཏོང་བ་བཅས་བྱེད་དགོས། སྤྱི་ཁོག་སྙོམས་སྒྲིག་གསར་སྐྲུན་དང་འཐུས་སྒོ་ཚང་དུ་གཏོང་བ་དང་། རྒྱལ་ཁབ་ཀྱི་འཕེལ་རྒྱས་འཆར་འགོད་ཀྱི་འཐབ་ཇུས་ཀྱི་ཕྱོགས་སྟོན་ནུས་པ་འདོན་དགོས། ནོར་སྲིད་དང་། དངུལ་ལོར། ཐོན་ལས། ས་ཁོངས་སོགས་པའི་དཔལ་འབྱོར་སྲིད་ཇུས་སྙོམས་སྒྲིག་བྱེད་པའི་ལམ་སྲོལ་ཆ་ཚང་དུ་བཏང་སྟེ། འཛད་སྤྱོད་བྱེད་པར་སྐུལ་འདེད་གཏོང་བའི་སྒྲིག་སྲོལ་དང་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་བ་དང་། འཛད་སྤྱོད་ཀྱིས་དཔལ་འབྱོར་གོང་སྤེལ་ལ་རྨང་གཞིའི་རང་བཞིན་གྱི་ནུས་པ་འདོན་ཤུགས་ཇེ་ཆེར་གཏོང་དགོས། མ་དངུལ་གཏོང་སྡུད་ལམ་སྲོལ་སྒྱུར་བཅོས་གཏིང་ཟབ་བྱེད་པ་དང་། མ་དངུལ་གཏོང་སྡུད་ཀྱིས་མཁོ་སྤྲོད་ཀྱི་གྲུབ་ཚུལ་ལེགས་སྒྱུར་ལ་ཐོན་པའི་གནད་འགག་རང་བཞིན་གྱི་ནུས་པ་འདོན་སྤེལ་བྱེད་དགོས། དེང་རབས་ཅན་དུ་འགྱུར་བའི་ནོར་སྲིད་ལམ་ལུགས་གང་མགྱོགས་ངང་འཛུགས་པ་དང་། དབང་འགན་ཁ་གསལ་དང་། ནོར་ཤུགས་སྙོམས་སྒྲིག ས་ཁོངས་དོ་མཉམ་བཅས་ཀྱི་ཀྲུང་དབྱང་དང་ས་གནས་ཀྱི་ནོར་སྲིད་འབྲེལ་བ་འཛུགས་དགོས། ཕྱོགས་ཡོངས་ནས་ཚད་ལྡན་ཁ་གསལ་རྟིང་གསལ་དང་། ཚད་གཞི་ཚན་རིག་དང་མཐུན་པ། ཚོད་འཛིན་ནུས་ཤུགས་ལྡན་པ་བཅས་ཀྱི་སྔོན་རྩིས་ལམ་ལུགས་འཛུགས་པ་དང་། གྲུབ་འབྲས་ལ་གཞིགས་པའི་དོ་དམ་བྱེད་སྟངས་ཕྱོགས་ཡོངས་ནས་ལག་བསྟར་བྱེད་དགོས། ཁྲལ་བསྡུའི་ལམ་ལུགས་སྒྱུར་བཅོས་གཏིང་ཟབ་བྱེད་པ་དང་། ས་གནས་ཀྱི་དཔྱ་ཁྲལ་མ་ལག་ཆ་ཚང་དུ་གཏོང་དགོས། དངུལ་རྩའི་སྒྲིག་སྲོལ་སྒྱུར་བཅོས་གཏིང་ཟབ་བྱེད་པ་དང་། དངུལ་རྩས་དངོས་གཞིའི་དཔལ་འབྱོར་ལ་ཞབས་འདེགས་ཞུ་བའི་ནུས་པ་ཇེ་ཆེར་གཏོང་བ། ཐད་ཀར་མ་དངུལ་བསྡུ་བའི་བསྡུར་ཚད་ཇེ་མཐོར་གཏོང་བ། རིམ་པ་མང་བའི་མ་རྩའི་ཚོང་ར་སྐྱོན་བྲལ་ངང་འཕེལ་རྒྱས་ཡོང་བར་བྱེད་དགོས། དངུལ་ལོར་སྲིད་ཇུས་དང་སྤྱི་ཁོག་གཟབ་ནན་སྲིད་ཇུས་ཀྱི་སྲོག་ཤིང་གཉིས་ཀྱིས་སྙོམས་སྒྲིག་བྱེད་པའི་གཞི་སྒྲོམ་ཆ་ཚང་དུ་གཏོང་བ་དང་། སྐྱེད་ཀ་དང་འཛའ་ཐང་ཚོང་ར་ཅན་དུ་སྒྱུར་བཅོས་གཏིང་ཟབ་ཏུ་སྤེལ་དགོས། དངུལ་རྩའི་ལྟ་སྐུལ་དོ་དམ་མ་ལག་ཆ་ཚང་དུ་བཏང་ནས། མ་ལག་རང་བཞིན་གྱི་དངུལ་རྩའི་ཉམས་ཉེན་མི་འབྱུང་བའི་མཚམས་ཚད་བསྲུང་དགོས།
         (དྲུག) ཕྱོགས་ཡོངས་ནས་སྒོ་འབྱེད་ཅན་གྱི་གནས་བབ་གསར་པ་ཆགས་པའི་སྐུལ་འདེད་གཏོང་དགོས། སྒོ་མོ་ཕྱེ་ན་གོང་དུ་འཕེལ། བཀག་སྡོམ་བྱས་ན་རྗེས་སུ་ལུས། ཀྲུང་གོས་སྒོ་མོ་ཆེན་པོ་འབྱེད་པ་ཇེ་ཆེར་གཏོང་བ་ལས། རྒྱག་མི་སྲིད། “རྒྱུད་གཅིག་ལམ་གཅིག”འཛུགས་སྐྲུན་གཙོ་གནད་དུ་བཟུང་སྟེ། ནང་དུ་འདྲེན་པ་དང་ཕྱི་རུ་གཏོང་བ་གལ་ཆེ་མཉམ་དུ་བརྩི་བ་མཐའ་འཁྱོངས་དང་། མཉམ་གྲོས་མཉམ་སྐྲུན་མཉམ་སྤྱོད་བཅས་ཀྱི་རྩ་དོན་བརྩི་སྲུང་དང་། གསར་གཏོད་བྱེད་ནུས་ཇེ་ཆེར་བཏང་ནས་སྒོ་འབྱེད་མཉམ་ལས་བཅས་བྱས་ཏེ། སྐམ་མཚོ་དང་ཕྱི་ནང་མཉམ་འགུལ་དང་། ཤར་ནུབ་ཕྱོགས་གཉིས་ཕན་ཚུན་གཉིས་ཕན་སྒོ་འབྱེད་ཀྱི་རྣམ་པ་ཆགས་པར་བྱེད་དགོས། ཕྱི་ཕྱོགས་སུ་ཉོ་ཚོང་རྒྱ་བསྐྱེད་པ་དང་། ཉོ་ཚོང་གི་ལས་རྣམ་གསར་པ་དང་ཉོ་ཚོང་བྱེད་སྟངས་གསར་པ་སྐྱེད་སྲིང་བྱས་ཏེ། ཉོ་ཚོང་སྟོབས་ལྡན་རྒྱལ་ཁབ་འཛུགས་སྐྱོང་བྱེད་པར་སྐུལ་འདེད་གཏོང་དགོས། ཆུ་ཚད་མཐོ་བའི་ཉོ་ཚོང་དང་མ་དངུལ་གཏོང་བ་རང་མོས་ཅན་དང་སྟབས་བདེ་ཅན་གྱི་སྲིད་ཇུས་ལག་བསྟར་བྱེད་པ་དང་། ཞུགས་འཐུས་ཀྱི་སྔོན་ལ་རྒྱལ་དམངས་ཀྱི་ཐོབ་ཐང་སྟེང་དུ་བཀག་རྒྱའི་གསལ་ཐོ་སྣོན་པའི་དོ་དམ་ལམ་ལུགས་ཕྱོགས་ཡོངས་ནས་ལག་བསྟར་བྱེད་པ། ཚོང་རར་ཞུགས་འཐུས་ཀྱི་ཚད་བཀག་ཆེས་ཆེར་གློད་པ། ཞབས་ཞུའི་ལས་རིགས་ཕྱི་ཕྱོགས་སུ་སྒོ་འབྱེད་རྒྱ་ཇེ་ཆེར་གཏོང་བ། ཕྱི་རྒྱལ་གྱི་ཚོང་པས་མ་དངུལ་འཇོག་པའི་ཁྲིམས་མཐུན་ཁེ་དབང་སྲུང་སྐྱོང་བཅས་བྱེད་དགོས། རང་རྒྱལ་གྱི་མངའ་ཁོངས་ནང་ཐོ་བཀོད་པའི་ཁེ་ལས་ཚང་མར་ཉེ་རིང་ཕྱོགས་རིས་མེད་པ་དང་། འདྲ་མཉམ་གཅིག་མཐུན་གྱི་ལྟ་སྟངས་འཛིན་དགོས། ས་ཁོངས་སྒོ་འབྱེད་ཀྱི་བཀོད་པ་ལེགས་སྒྱུར་བྱས་ནས། ནུབ་རྒྱུད་སྒོ་མོ་འབྱེད་པའི་ཤུགས་ཚད་ཇེ་ཆེར་གཏོང་དགོས། རང་མོས་ཉོ་འཚོང་ཚོད་ལྟ་ཁུལ་ལ་སྒྱུར་བཅོས་ཀྱི་རང་བདག་དབང་ཆ་སྔར་ལས་ཆེན་པོ་སྤྲོད་པ་དང་། རང་མོས་ཉོ་འཚོང་གྲུ་ཁ་འཛུགས་སྐྲུན་བྱེད་པའི་འཚོལ་ཞིབ་བྱེད་དགོས། ཕྱི་ཕྱོགས་སུ་མ་དངུལ་འཇོག་སྟངས་གསར་དུ་གཏོད་པ་དང་། རྒྱལ་སྤྱིའི་ཐོན་ནུས་མཉམ་ལས་ལ་སྐུལ་འདེད་བཏང་སྟེ། གོ་ལ་ཧྲིལ་པོར་ཕྱོགས་པའི་ཉོ་འཚོང་དང་། མ་དངུལ་གཏོང་སྡུད། ཐོན་སྐྱེད། ཞབས་ཞུ་བཅས་ཀྱི་དྲ་བ་ཆགས་པར་བྱེད་པ་དང་། རྒྱལ་སྤྱིའི་དཔལ་འབྱོར་མཉམ་ལས་དང་འགྲན་རྩོད་ཀྱི་དགེ་མཚན་གསར་པ་མགྱོགས་མྱུར་སྐྱེད་སྲིང་བྱེད་དགོས།

【1】  【2】  【3】  【4】  【5】  【6】  【7】  【8】  【9】  【10】