མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ཀྲུང་གོ་གུང་ཁྲན་ཏང་གི་རྒྱལ་ཡོངས་འཐུས་མི་ཚོགས་ཆེན་ཐེངས་བཅུ་དགུ་པའི་ཐོག་གི་སྙན་སྒྲོན།

གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 11ཚེས་03ཉིན། 15:56】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

           བློ་མཐུན་རྣམ་པ། རྒྱ་ཆེའི་མི་དམངས་ཀྱི་རྩ་བའི་ཁེ་ཕན་ནི་ངེས་པར་དུ་ཏང་གི་ལས་དོན་ཡོད་ཚད་ཀྱི་ཚད་གཞི་མཐོ་ཤོས་སུ་འཇོག་དགོས། ང་ཚོས་མི་དམངས་མང་ཚོགས་ཀྱི་དོན་ཆུང་རྣམས་རང་ཉིད་ཀྱི་དོན་ཆེན་དུ་འཛིན་རྒྱུ་མཐའ་འཁྱོངས་བྱས་ནས། མི་དམངས་མང་ཚོགས་ཀྱིས་དོ་ཁུར་བྱེད་པའི་དོན་དག་ནས་བརྩམས་པ་དང་། མི་དམངས་མང་ཚོགས་འདོད་བློ་ཚིམ་པར་བྱེད་པའི་དོན་དག་ནས་འགོ་བརྩམས་ཏེ། མི་དམངས་ཀྱི་སྣེ་ཁྲིད་དེ་བདེ་སྐྱིད་ལྡན་པའི་འཚོ་བ་རྒྱུན་མ་ཆད་པར་སྐྲུན་དགོས།
         དགུ། སྐྱེ་ཁམས་དཔལ་ཡོན་གྱི་སྒྲིག་སྲོལ་སྒྱུར་བཅོས་གང་མགྱོགས་བྱས་ཏེ། ཡིད་སྨོན་གྱི་ཀྲུང་གོ་སྐྲུན་དགོས།
         མི་དང་རང་བྱུང་ནི་ཚེ་སྲོག་གི་ཕུང་པོ་གཅིག་འདུས་ཡིན་པས། མིའི་རིགས་ཀྱིས་ངེས་པར་དུ་རང་བྱུང་ལ་བརྩི་འཇོག་དང་། རང་བྱུང་ལ་བསྟུན་པ། རང་བྱུང་སྲུང་སྐྱོང་བཅས་བྱེད་དགོས། མིའི་རིགས་ཀྱིས་རང་བྱུང་གི་ཆོས་ཉིད་ལ་བརྩི་འཇོག་བྱས་ཚེ་ད་གཟོད་རང་བྱུང་གསར་སྤེལ་དང་བཀོལ་སྤྱོད་བྱེད་པའི་ཐད་ལམ་ལོག་ཏུ་སྐྱོད་ཚུལ་སྔོན་འགོག་ནུས་ལྡན་བྱེད་ཐུབ། མིའི་རིགས་ཀྱིས་རང་བྱུང་ཁམས་ཆེན་མོར་གནོད་འཚེ་བཏང་ཚེ་མཐའ་མཇུག་ཏུ་མིའི་རིགས་རང་ཉིད་ལ་གནོད་འཚེ་ཕོག་པ་ནི་ལྡོག་ཏུ་མེད་པའི་ཆོས་ཉིད་ཡིན།
          ང་ཚོས་འཛུགས་སྐྲུན་བྱེད་པའི་དེང་རབས་ཅན་ནི་མི་དང་རང་བྱུང་འཆམ་མཐུན་མཉམ་གནས་ཀྱི་དེང་རབས་ཅན་ཡིན་པས། དངོས་པོའི་རྒྱུ་ནོར་དང་བསམ་པའི་རྒྱུ་ནོར་གང་མང་གསར་སྐྲུན་བྱས་ཏེ་མི་དམངས་ཀྱི་བདེ་སྐྱིད་འཚོ་བའི་དགོས་མཁོ་ཉིན་བཞིན་ཆེ་རུ་འགྲོ་ཚུལ་བསྐོང་དགོས་ལ། སྐྱེ་ཁམས་ཐོན་རྫས་སྤུས་ལེགས་སྔར་ལས་མང་པོ་མཁོ་སྤྲོད་བྱས་ཏེ་མི་དམངས་ཀྱི་སྐྱེ་ཁམས་ཁོར་ཡུག་ཡིད་དུ་འོང་བའི་དགོས་མཁོ་ཉིན་བཞིན་ཆེ་རུ་འགྲོ་ཚུལ་ཡང་བསྐོང་དགོས། གྲོན་ཆུང་དང་སྲུང་སྐྱོང་ལ་དམིགས་བསལ་གཟིགས་སྐྱོང་དང་། རང་བྱུང་སླར་གསོ་གཙོ་བོར་འཛིན་པའི་བྱེད་ཕྱོགས་ངེས་པར་དུ་མཐའ་འཁྱོངས་བྱས་ནས། ཐོན་ཁུངས་གྲོན་ཆུང་དང་ཁོར་ཡུག་སྲུང་སྐྱོང་བྱེད་པའི་བར་སྟོང་གི་གནས་སྟངས་དང་། ཐོན་ལས་ཀྱི་གྲུབ་ཚུལ། ཐོན་སྐྱེད་བྱེད་སྟངས། འཚོ་བ་སྐྱེལ་སྟངས་བཅས་ཆགས་པར་བྱས་ཏེ། རང་བྱུང་ཁམས་ལྷིང་འཇགས་འཆམ་མཐུན་དང་མཛེས་སྡུག་བསྐྱར་ལྷོགས་ཡོང་བར་བྱེད་དགོས།
         (གཅིག) ལྗང་མདོག་འཕེལ་རྒྱས་ཡོང་བར་སྐུལ་འདེད་གཏོང་དགོས། ལྗང་མདོག་ཐོན་སྐྱེད་དང་འཛད་སྤྱོད་ཀྱི་བཅའ་ཁྲིམས་ལམ་ལུགས་དང་སྲིད་ཇུས་ཀྱི་ཁྲིད་ཕྱོཌ་མགྱོགས་པོར་འཛུགས་པ་དང་། ལྗང་མདོག་ཐཱན་ཉུང་དང་རྒྱུན་འཁོར་འཕེལ་རྒྱས་འགྲོ་བའི་དཔལ་འབྱོར་མ་ལག་འཛུཌ་པ་དང་ཆ་ཚང་དུ་གཏོང་དགོས། ཚོང་རས་ཁྲིད་སྟོན་བྱེད་པའི་ལྗང་མདོག་ལག་རྩལ་གསར་གཏོད་མ་ལག་འཛུགས་པ་དང་། ལྗང་མདོག་དངུལ་རྩ་འཕེལ་རྒྱས་གཏོང་བ། ནུས་ཁུངས་གྲོན་ཆུང་དང་ཁོར་ཡུག་སྲུང་སྐྱོང་གི་ཐོན་ལས་དང་། སྦགས་མེད་ཐོན་སྐྱེད་ཀྱི་ཐོན་ལས། སྦགས་མེད་ནུས་ཁུངས་ཀྱི་ཐོན་ལས་བཅས་དར་རྒྱས་གཏོང་དགོས། ནུས་ཁུངས་ཐོན་སྐྱེད་དང་འཛད་སྤྱོད་ཀྱི་གསར་བརྗེར་སྐུལ་འདེད་གཏོང་བ་དང་། སྦགས་མེད་ཐཱན་ཉུང་དང་། ཉེན་མེད་ཆོད་ཆེའི་ནུས་ཁུངས་མ་ལག་འཛུགས་དགོས། ཐོན་ཁུངས་ཕྱོགས་ཡོངས་ནས་གྲོན་ཆུང་དང་རྒྱུན་འཁོར་བེད་སྤྱོད་བྱེད་པར་སྐུལ་འདེད་གཏོང་བ་དང་། རྒྱལ་ཁབ་ཀྱི་ཆུ་གྲོན་ཆུང་གི་བྱ་སྤྱོད་སྤེལ་བ། ནུས་ཁུངས་ཟད་གྲོན་དང་དངོས་རྫས་ཟད་གྲོན་ཆུང་དུ་གཏོང་བ། ཐོན་སྐྱེད་མ་ལག་དང་འཚོ་བའི་མ་ལག་རྒྱུན་འཁོར་སྦྲེལ་མཐུད་ཐུབ་པ་བཅས་བྱེད་དགོས། བབ་ཆགས་ཚད་མཐུན་དང་། ལྗང་མདོག་ཐཱན་ཉུང་གི་འཚོ་བ་སྐྱེལ་སྟངས་དར་སྤེལ་གཏོང་བ་དང་། རྒྱས་སྤྲོས་ཆུད་ཟོས་དང་ཚུལ་མིན་འཛད་སྤྱོད་ལ་ངོ་རྒོལ་བྱེད་པ། གྲོན་ཆུང་ཅན་གྱི་ལས་ཁུངས་དང་། ལྗང་མདོག་ཁྱིམ་ཚང་། ལྗང་མདོག་སློབ་གྲྭ། ལྗང་མདོག་སྡེ་ཁུལ་བཅས་འཛུགས་པ་དང་། ལྗང་མདོག་ཕྱོགས་ཐོན་བཅས་ཀྱི་བྱ་སྤྱོད་སྤེལ་དགོས།
        (གཉིས) ཁོར་ཡུག་གི་གནད་དོན་མངོན་གསལ་དོད་པོ་ཐག་གཅོད་གང་ཐུབ་བྱེད་དགོས། དམངས་ཡོངས་ཀྱིས་མཉམ་དུ་བཅོས་སྐྱོང་དང་། རྩ་བ་ནས་འགོག་བཅོས་མཐའ་འཁྱོངས་བྱེད་པ་དང་། རླུང་ཁམས་ཆེན་མོའི་སྦགས་བཙོག་འགོག་བཅོས་ཀྱི་བྱ་སྤྱོད་རྒྱུན་མཐུད་ངང་སྤེལ་ནས། མཁའ་རླུང་གཙང་མར་སྲུང་བའི་འཐབ་རྩོད་ལས་རྣམ་པར་རྒྱལ་བར་བྱེད་དགོས། ཆུའི་སྦགས་བཙོག་འགོག་བཅོས་ཇེ་མགྱོགས་སུ་གཏོང་བ་དང་། ཆུ་འབབ་རྒྱུད་ཀྱི་ཁོར་ཡུག་དང་མཚོ་འགྲམ་ཉེ་རྒྱུད་ཕྱོགས་བསྡུས་ཀྱིས་བཅོས་སྐྱོང་བྱེད་དགོས། ས་རྒྱུའི་སྦགས་བཙོག་ལྟ་སྡོམ་དང་ཉམས་གསོ་བྱེད་ཤུགས་ཇེ་ཆེར་གཏོང་བ་དང་། ཞིང་ལས་ཀྱི་ཁ་གཏིང་གཉིས་ཀྱི་སྦགས་བཙོག་འགོག་བཅོས་བྱེད་ཤུགས་ཆེ་རུ་གཏོང་བ། གྲོང་གསེབ་ཀྱི་གྲོང་མིའི་འཚོ་གནས་ཁོར་ཡུག་བཅོས་སྐྱོང་གི་བྱེད་སྒོ་སྤེལ་བ་བཅས་བྱེད་དགོས། སྲ་དངོས་སྙིགས་རོ་དང་གད་སྙིགས་གཙང་སེལ་བྱེད་ཤུགས་ཆེ་རུ་གཏོང་དགོས། སྦགས་བཙོག་འབུད་པའི་ཚད་གཞི་ཇེ་མཐོར་གཏོང་བ་དང་། འབུད་གཏོང་མཁན་གྱི་འགན་འཁྲི་ཇེ་ཆེར་གཏོང་བ། ཁོར་ཡུག་སྲུང་སྐྱོང་གི་ཡིད་རྟོན་དཔྱད་འཇོག་དང་། ཆ་འཕྲིན་བཙན་ཤེད་རང་བཞིན་གྱིས་ཡོངས་བསྒྲགས་བྱེད་པ། ཉེས་ཆད་ནན་པོ་དང་དངུལ་ཆད་ལྗིད་པོ་གཅོད་པ་སོགས་ཀྱི་ལམ་ལུགས་ཆ་ཚང་དུ་གཏོང་དགོས། སྲིད་གཞུང་གིས་གཙོ་ཁྲིད་བྱེད་པ་དང་། ཁེ་ལས་བྱེད་པོར་འཛིན་པ། སྤྱི་ཚོགས་ཀྱི་རྩ་འཛུགས་དང་མང་ཚོགས་ལྷན་དུ་ཞུགས་པ་བཅས་ཀྱི་ཁོར་ཡུག་བཅོས་སྐྱོང་མ་ལག་འཛུགས་དགོས། གོ་ལ་ཧྲིལ་པོའི་ཁོར་ཡུག་བཅོས་སྐྱོང་ཁྲོད་ཧུར་ཐག་ངང་ཞུགས་པ་དང་། བཙོག་སྐྱོན་ཉུང་དུ་གཏོང་བའི་ཁས་ལེན་དོན་འཁྱོལ་བྱེད་དགོས།
        (གསུམ) སྐྱེ་ཁམས་མ་ལག་སྲུང་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་དགོས། སྐྱེ་ཁམས་མ་ལག་འགངས་ཆེན་སྲུང་སྐྱོང་དང་ཉམས་གསོའི་ལས་གྲྭ་གལ་ཆེན་ལག་བསྟར་བྱས་ཏེ། སྐྱེ་ཁམས་བདེ་འཇགས་ཀྱི་སྲུང་ཡོལ་གྱི་མ་ལག་ལེགས་འགྱུར་དང་། སྐྱེ་ཁམས་བར་ཁྱམས་དང་སྐྱེ་དངོས་སྣ་མང་ཅན་དུ་སྲུང་སྐྱོང་བྱེད་པའི་དྲ་སྦྲེལ་འཛུགས་སྐྱོང་བྱས་ཏེ། སྐྱེ་ཁམས་མ་ལག་གི་རྒྱུ་སྤུས་དང་གཏན་འཇགས་རང་བཞིན་ཇེ་ཆེར་གཏོང་དགོས། སྐྱེ་ཁམས་སྲུང་སྐྱོང་གི་དམར་ཐིག་དང་། བརྟན་ཆགས་ཀྱི་གཞི་རྩའི་ཞིང་ཁ། གྲོང་ཁྱེར་དང་གྲོང་རྡལ་གསར་སྤེལ་དང་མཐའ་མཚམས་བཅས་ཚོད་འཛིན་གྱི་མཚམས་ཐིག་གསུམ་འགོད་པའི་ལས་དོན་ལེགས་པར་བསྒྲུབ་དགོས། རྒྱལ་ཁབ་ཀྱི་མངའ་ཁོངས་སྔོ་ལྗང་ཅན་དུ་སྒྱུར་བའི་བྱེད་སྒོ་སྤེལ་ཏེ། མྱ་ངམ་ཐང་དུ་འགྱུར་བ་དང་། བྱེ་རྡོ་ཅན་དུ་འགྱུར་བ། ས་ཆུ་ཤོར་ཚུལ་བཅས་ཕྱོགས་བསྡུས་ཀྱིས་བཅོས་སྐྱོང་བྱེད་པར་སྐུལ་འདེད་གཏོང་ཞིང་། འདམ་ར་སྲུང་སྐྱོང་དང་བསྐྱར་གསོ་བྱེད་ཤུགས་ཆེ་རུ་གཏོང་བ་དང་། ས་གཤིས་ཀྱི་གནོད་འཚེ་འགོག་ཤུགས་ཆེ་རུ་གཏོང་དགོས། རང་བྱུང་ནགས་ཚལ་སྲུང་སྐྱོང་བྱེད་པའི་ལམ་ལུགས་འཐུས་སྒོ་ཚང་དུ་གཏོང་བ་དང་། ཞིང་དོར་ནགས་གསོ་རྩྭ་འདེབས་ཀྱི་རྒྱ་ཁྱོན་ཆེ་རུ་གཏོང་དགོས། རྨོ་ཞིང་སྲུང་སྐྱོང་ནན་པོར་བྱེད་པ་དང་། རྨོ་ཞིང་འདེབས་འཇོག་རེས་མོས་ཀྱི་ཚོད་ལྟ་བྱེད་གནས་རྒྱ་སྐྱེད་པ། རྨོ་ཞིང་དང་། རྩྭ་ཐང་། ནགས་ཚལ། ཆུ་བོ། མཚེའུ་བཅས་སོར་ཆུད་སྐྱེ་འཕེལ་གྱི་ལམ་ལུགས་ཆ་ཚང་དུ་གཏོང་བ། ཚོང་ར་ཅན་དང་སྣ་མང་ཅན་གྱི་སྐྱེ་ཁམས་ཁ་གསབ་ལམ་སྲོལ་འཛུགས་པ་བཅས་བྱེད་དགོས།
        (བཞི) སྐྱེ་ཁམས་ཁོར་ཡུག་ལ་ལྟ་སྐུལ་དོ་དམ་བྱེད་པའི་སྒྲིག་སྲོལ་སྒྱུར་བཅོས་བྱེད་དགོས། སྐྱེ་ཁམས་དཔལ་ཡོན་འཛུགས་སྤེལ་བྱེད་པའི་སྤྱི་ཡོངས་ཀྱི་འཆར་འགོད་དང་རྩ་འཛུགས་ཀྱི་འགོ་ཁྲིད་བྱེད་ཤུགས་ཆེ་རུ་གཏོང་བ་དང་། རྒྱལ་ཁབ་ལ་དབང་བའི་རང་བྱུང་ཐོན་ཁུངས་ཀྱི་རྒྱུ་ནོར་དོ་དམ་དང་རང་བྱུང་སྐྱེ་ཁམས་ཀྱི་ལྟ་སྐུལ་དོ་དམ་ལས་ཁུངས་བཙུགས་ཏེ། སྐྱེ་ཁམས་ཁོར་ཡུག་དོ་དམ་གྱི་ལམ་ལུགས་འཐུས་སྒོ་ཚང་དུ་གཏོང་ཞིང་། དམངས་ཡོངས་ལ་དབང་བའི་རང་བྱུང་ཐོན་ཁུངས་ཀྱི་རྒྱུ་ནོར་བདག་དབང་ཡོད་མཁན་གྱི་འགན་འཁྲི་གཅིག་གྱུར་གྱིས་ལག་བསྟར་དང་། རྒྱལ་ཁབ་ཀྱི་མངའ་ཁོངས་བར་སྟོང་གི་སྤྱོད་སྒོ་རྩིས་སྤྲོད་དོ་དམ་དང་སྐྱེ་ཁམས་སྲུང་སྐྱོང་དང་ཉམས་གསོའི་འགན་འཁྲི་གཅིག་གྱུར་ཐོག་ལག་བསྟར། གྲོང་ཁྱེར་དང་གྲོང་གསེབ་ཀྱི་བཙོག་དངོས་སྣ་ཚོགས་འབུད་གཏོང་དང་སྲིད་འཛིན་ཁྲིམས་བསྟར་གྱི་འགན་འཁྲི་གཅིག་གྱུར་གྱིས་ལག་བསྟར་བཅས་བྱེད་དགོས། རྒྱལ་ཁབ་ཀྱི་མངའ་ཁོངས་བར་སྟོང་གསར་སྤེལ་སྲུང་སྐྱོང་གི་ལམ་ལུགས་འཛུགས་པ་དང་། གཙོ་ནུས་ཐོན་ཁུལ་གྱི་ཆ་འགྲིག་སྲིད་ཇུས་འཐུས་སྒོ་ཚང་དུ་བཏང་སྟེ། རྒྱལ་ཁབ་སྤྱི་གླིང་གཙོ་ཤུགས་སུ་གྱུར་པའི་རང་བྱུང་སྲུང་སྐྱོང་ཁུལ་གྱི་མ་ལག་འཛུགས་སྐྱོང་བྱེད་དགོས། སྐྱེ་ཁམས་ཁོར་ཡུག་གཏོར་སྐྱོན་གཏོང་བའི་བྱ་སྤྱོད་བློ་ཐག་རྦད་ཆོད་ཀྱིས་བཀག་འགོག་བྱེད་པ་དང་ཆད་པ་གཅོད་དགོས། 
          བློ་མཐུན་རྣམ་པ། སྐྱེ་ཁམས་དཔལ་ཡོན་འཛུགས་སྐྱོང་བྱེད་པ་ནི་བྱས་རྗེས་དེང་འདིར་བཞག་ནས། ཕན་འབྲས་བསྐལ་བརྒྱར་ཐོན་པ་ཞིག་ཡིན། ང་ཚོས་སྤྱི་ཚོགས་རིང་ལུགས་ཀྱི་སྐྱེ་ཁམས་དཔལ་ཡོན་གྱི་ལྟ་བ་བརྟན་པོར་འཆང་བ་དང་། མི་དང་རང་བྱུང་ཁམས་འཆམ་མཐུན་ངང་འཕེལ་རྒྱས་འགྲོ་བའི་དེང་རབས་ཅན་དུ་འགྱུར་བའི་འཛུགས་སྐྲུན་གྱི་རྣམ་པ་གསར་པ་ཆགས་པར་བྱས་ཏེ། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་བྱེད་ཕྱིར་ང་ཚོ་མི་རབས་འདིའི་ནུས་ཤུགས་འདོན་དགོས།
          བཅུ། ཀྲུང་གོའི་ཁྱད་ཆོས་ཀྱི་དམག་དཔུང་སྟོབས་ལྡན་གྱི་ལམ་དུ་མཐའ་འཁྱོངས་བར་བསྐྱོད་དེ། རྒྱལ་སྲུང་དང་དམག་དཔུང་དེང་རབས་ཅན་དུ་འགྱུར་བར་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་དགོས།
         རྒྱལ་སྲུང་དང་དམག་དཔུང་འཛུགས་སྐྱོང་ནི་ལོ་རྒྱུས་ཀྱི་འགོ་ཚུགས་ས་གསར་པ་ཞིག་ཏུ་གནས་ཡོད། རྒྱལ་ཁབ་ཀྱི་བདེ་འཇགས་ཁོར་ཡུག་ལ་འགྱུར་བ་ཟབ་མོ་བྱུང་བར་དམིགས་པ་དང་། རྒྱལ་ཁབ་དང་དམག་དཔུང་སྟོབས་ལྡན་དུ་གྱུར་བའི་དུས་རབས་ཀྱི་བླང་བྱར་དམིགས་ནས། དུས་རབས་གསར་པར་དམག་དཔུང་སྟོབས་ལྡན་འཛུགས་སྐྱོང་བྱེད་པའི་ཏང་གི་བསམ་བློ་ངེས་པར་དུ་ཕྱོགས་ཡོངས་ནས་དོན་འཁྱོལ་ཡོང་བར་བྱེད་པ་དང་། གནས་བབ་གསར་པའི་འོག་ཏུ་དམག་དོན་འཐབ་ཇུས་བྱེད་ཕྱོགས་དོན་འཁྱོལ་བྱེད་པ། སྟོབས་དང་ལྡན་པའི་དེང་རབས་ཅན་གྱི་སྐམ་དམག་དང་། མཚོ་དམག མཁའ་དམག མེ་ཤུགས་འཕུར་མདའི་དམག འཐབ་ཇུས་ཀྱི་རོགས་སྐྱོར་དམག་དཔུང་བཅས་འཛུགས་པ། བློ་རྩ་བརྟན་ཞིང་ནུས་ཕྱོད་ཆེ་བའི་འཐབ་ཁུལ་མཉམ་ལས་དམག་འཐབ་ཀྱི་བཀོད་འདོམས་ལས་ཁུངས་འཛུགས་པ། ཀྲུང་གོའི་ཁྱད་ཆོས་ཀྱི་དེང་རབས་དམག་འཐབ་ཀྱི་མ་ལག་འཛུགས་པ་བཅས་བྱས་ནས་ཏང་དང་མི་དམངས་ཀྱིས་དཀྲིས་པའི་དུས་རབས་གསར་པའི་འགན་འཁྲི་དང་ལས་འགན་འཁུར་དུ་ལེན་དགོས།
         འཛམ་གླིང་གི་དམག་དོན་གསར་བརྗེ་གསར་པའི་འཕེལ་ཕྱོགས་དང་རྒྱལ་ཁབ་ཀྱི་བདེ་འཇགས་དགོས་མཁོར་འཚམ་པ་དང་། འཛུགས་སྐྱོང་བྱེད་པའི་སྤུས་ཚད་དང་ཕན་ནུས་ཇེ་ཆེར་བཏང་ནས། 2020ལོར་སླེབས་དུས་གཞི་རྩའི་ཆ་ནས་འཕྲུལ་ཆས་ཅན་དུ་འགྱུར་བ་དང་། ཆ་འཕྲིན་ཅན་དུ་འཛུགས་སྐྱོང་བྱེད་པར་གྲུབ་འབྲས་གལ་ཆེན་ཐོབ་པ། འཐབ་ཇུས་ཀྱི་ནུས་པ་ཇེ་ཆེར་འཕེལ་བ་བཅས་ཀྱི་འགན་ལེན་བྱེད་དགོས། རྒྱལ་ཁབ་དེང་རབས་ཅན་དུ་འཕེལ་རིམ་དང་གཅིག་མཚུངས་ཐོག་ནས། དམག་དོན་གྱི་གཞུང་ལུགས་དེང་རབས་ཅན་དང་། དམག་དཔུང་གི་རྩ་འཛུགས་རྣམ་པ་དང་། དམག་དོན་མི་སྣ། གོ་མཚོན་དང་སྒྲིག་ཆས་བཅས་ཕྱོགས་ཡོངས་ནས་དེང་རབས་ཅན་དུ་འགྱུར་བར་བྱས་ཏེ། 2035ལོར་སླེབས་དུས་གཞི་རྩའི་ཆ་ནས་རྒྱལ་སྲུང་དང་དམག་དཔུང་དེང་རབས་ཅན་དུ་མངོན་འགྱུར་ཡོང་བ་དང་། དུས་རབས་འདིའི་དུས་དཀྱིལ་དུ་སླེབས་དུས་མི་དམངས་དམག་དཔུང་འཛམ་གླིང་གི་དམག་དཔུང་རྩེ་གྲའི་གྲས་སུ་ཕྱོགས་ཡོངས་ནས་འཛུགས་སྐྱོང་ཐུབ་པར་བརྩོན་དགོས།
         དམག་དཔུང་གི་ཏང་འཛུགས་སྐྱོང་བྱེད་ཤུགས་ཆེ་རུ་བཏང་ནས། “གསར་བརྗེའི་གཞི་རྒྱུ་རྒྱུན་དུ་འཛིན། དམག་དཔུང་སྟོབས་ལྡན་འགན་ལྕི་འཁུར”ཞེས་པའི་བརྗོད་བྱ་གཙོ་བོའི་སློབ་གསོ་སྤེལ་བ་དང་། དམག་མིའི་གཟི་བརྗིད་མཚན་སྙན་མ་ལག་འཛུགས་སྤེལ་ལ་སྐུལ་འདེད་གཏོང་བ། བླ་སྲོག་ལྡན་ལ་འཇོན་ཐང་ཡོད་པ་དང་། ངར་ཤུགས་ཆེ་བ། གཤིས་རྒྱུད་བཟང་བ་བཅས་ཀྱི་དུས་རབས་གསར་པའི་གསར་བརྗེའི་དམག་མི་གསོ་སྐྱོང་བྱས་ཏེ། མི་དམངས་དམག་དཔུང་གི་ངོ་བོ་དང་། དམིགས་ཡུལ། རང་གཤིས་བཅས་ནམ་ཡང་མི་ཉམས་པར་བྱེད་དགོས། རྒྱལ་སྲུང་དང་དམག་དཔུང་སྒྱུར་བཅོས་མུ་མཐུད་ཟབ་སྤེལ་བྱས་ཏེ། དམག་དཔོན་ལས་རིགས་ཅན་གྱི་ལམ་ལུགས་དང་། ཞི་དཔོན་གྱི་ལས་འགན་འཁུར་མཁན་གྱི་ལམ་ལུགས། དམག་ཞབས་ལམ་ལུགས་སོགས་སྲིད་ཇུས་དང་ལམ་ལུགས་འགངས་ཆེན་སྒྱུར་བཅོས་ཟབ་སྤེལ་བྱེད་པ་དང་། དམག་དོན་དོ་དམ་གྱི་གསར་བརྗེར་སྐུལ་སྤེལ་བཏང་ཐོག ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དམག་དོན་ལམ་ལུགས་འཐུས་ཚང་དང་འཕེལ་རྒྱས་གཏོང་དགོས། ཚན་རྩལ་ནི་སྲོག་ཤིང་དུ་གྱུར་པའི་འཐབ་ནུས་ཡིན་པའི་བསམ་བློ་འཆང་དགོས་ཤིང་། ལག་རྩལ་གསར་གཏོད་འགངས་ཆེན་དང་རང་བདག་གསར་གཏོད་ལ་སྐུལ་འདེད་གཏོང་བ་དང་། དམག་དོན་གྱི་འཇོན་ཐང་ལྡན་པའི་མི་སྣ་སྐྱེད་སྲིང་གི་མ་ལག་འཛུགས་པར་ཤུགས་སྣོན་བརྒྱབ་ནས། གསར་གཏོད་ཅན་གྱི་མི་དམངས་དམག་དཔུང་འཛུགས་སྐྱོང་བྱེད་དགོས། ཕྱོགས་ཡོངས་ནས་དམག་སྐྱོང་ནན་པོར་བྱས་ཏེ། དམག་སྐྱོང་བྱེད་ཐབས་རྩ་བ་ནས་འགྱུར་ལྡོག་ཡོང་བར་བྱས་ནས། རྒྱལ་སྲུང་དང་དམག་དཔུང་འཛུགས་སྐྱོང་ཁྲིམས་ལུགས་ཅན་དུ་འགྱུར་བའི་ཆུ་ཚད་ཇེ་མཐོར་གཏོང་དགོས།
         དམག་དཔུང་གིས་དམག་གྲབས་བྱེད་དགོས་པས། ལས་དོན་ཐམས་ཅད་ངེས་པར་དུ་འཐབ་ནུས་ཀྱི་ཚད་གཞི་མཐའ་འཁྱོངས་བྱས་ཏེ། གཡུལ་འགྱེད་ཐུབ་པ་དང་གཡུལ་ལས་རྒྱལ་བའི་ཕྱོགས་སུ་རྩེ་གཅིག་ཏུ་དམིགས་དགོས། འཐབ་ཇུས་ཕྱོགས་ཁག་གི་དམག་དོན་འཐབ་རྩོད་ཀྱི་གྲ་སྒྲིག་ཡག་པོ་ཏན་ཏིག་བྱེད་པ་དང་། སྲོལ་རྒྱུན་གྱི་བདེ་འཇགས་ཁྱབ་ཁོངས་དང་བདེ་འཇགས་ཁྱབ་ཁོངས་དཔེ་གསར་གྱི་དམག་དོན་འཐབ་རྩོད་གྲ་སྒྲིག་གཅིག་གྱུར་གྱིས་སྐུལ་འདེད་བཏང་སྟེ། དམག་འཐབ་ཀྱི་སྟོབས་ཤུགས་དང་འགན་སྲུང་གི་སྟོབས་ཤུགས་དཔེ་གསར་འཕེལ་རྒྱས་གཏོང་བ་དང་། དངོས་འཐབ་ཅན་གྱི་དམག་དོན་སྦྱོང་བརྡར་བྱེད་པ། དམག་དོན་སྟོབས་ཤུགས་སྤྱོད་ཤུགས་ཆེ་རུ་གཏོང་བ། དམག་དོན་རིག་ནུས་ཅན་དུ་འཕེལ་རྒྱས་གང་མགྱོགས་གཏོང་བ། དྲ་སྦྲེལ་གྱི་ཆ་འཕྲིན་མ་ལག་ལ་བརྟེན་པའི་མཉམ་སྦྲེལ་དམག་འཐབ་ཀྱི་ནུས་པ་དང་ཁྱབ་ཁོངས་ཡོངས་ཀྱི་དམག་འཐབ་ནུས་པ་ཆེ་རུ་གཏོང་དགོས་ཤིང་། ཕན་ནུས་ཐོན་པའི་རྒྱས་ཉམས་གཏོད་པ་དང་། ཉམས་ཉེན་ལྟ་འདོམས། དམག་འཐབ་བཀག་འགོག དམག་འཐབ་ལས་རྒྱལ་བ་བཅས་བྱེད་དགོས།
          རྒྱལ་ཁབ་ཕྱུག་འགྱུར་དང་དམག་དཔུང་སྟོབས་ལྡན་གཅིག་གྱུར་ཡོང་བ་མཐའ་འཁྱོངས་བྱས་ཏེ་གཅིག་གྱུར་གྱི་འགོ་ཁྲིད་དང་། རྩེ་རིམ་ཇུས་འགོད། སྒྱུར་བཅོས་གསར་གཏོད། ལས་གཞི་འགངས་ཆེན་དོན་འཁྱོལ་བཅས་བྱེད་ཤུགས་ཆེ་རུ་གཏོང་བ་དང་། རྒྱལ་སྲུང་ཚན་རྩལ་བཟོ་ལས་ལ་སྒྱུར་བཅོས་ཟབ་སྤེལ་བྱས་ཏེ་དམག་དམངས་མཉམ་འདྲེས་གཏིང་ཟབ་ཏུ་འཕེལ་བའི་རྣམ་པ་ཆགས་པ་དང་། རྒྱལ་ཁབ་ཀྱི་འཐབ་ཇུས་མ་ལག་དང་ནུས་པ་གཞི་གཅིག་ཅན་དུ་འཛུགས་སྐྱོང་བྱེད་དགོས། རྒྱལ་སྲུང་སྐུལ་སློང་གི་མ་ལག་འཐུས་སྒོ་ཚང་དུ་བཏང་ནས། དེང་རབས་ཀྱི་མཐའ་མཚམས་དང་མཚོ་རྒྱུད་མཁའ་སྲུང་བཅས་སྟོབས་ཆེན་དང་བརྟན་པོ་འཛུགས་སྐྱོང་བྱེད་དགོས། དམག་ཞབས་ཐིམས་པའི་དམག་མིར་དོ་དམ་འགན་སྲུང་བྱེད་པའི་ལས་ཁུངས་འཛུགས་པ་དང་། དམག་མི་དང་དམག་མིའི་ཁྱིམ་མིའི་ཁྲིམས་མཐུན་ཁེ་དབང་སྲུང་སྐྱོང་བྱས་ཏེ། དམག་མི་སྤྱི་ཚོགས་ཡོངས་ཀྱིས་གོང་དུ་བཀུར་བའི་ལས་རིགས་ཤིག་ཏུ་འགྱུར་བར་བྱེད་དགོས། ཉེན་རྟོག་དྲག་དཔུང་སྒྱུར་བཅོས་ཟབ་སྤེལ་བྱས་ཏེ། དེང་རབས་ཅན་གྱི་དྲག་ཆས་ཉེན་རྟོག་པའི་དཔུང་སྡེ་འཛུགས་སྐྱོང་བྱེད་དགོས།

【1】  【2】  【3】  【4】  【5】  【6】  【7】  【8】  【9】  【10】