མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ཀྲུང་གོ་གུང་ཁྲན་ཏང་གི་རྒྱལ་ཡོངས་འཐུས་མི་ཚོགས་ཆེན་ཐེངས་བཅུ་དགུ་པའི་ཐོག་གི་སྙན་སྒྲོན།

གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 11ཚེས་03ཉིན། 15:58】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

          བློ་མཐུན་རྣམ་པ། ང་ཚོའི་དམག་དཔུང་ནི་མི་དམངས་དམག་དཔུང་ཡིན་ཞིང་། ང་ཚོའི་རྒྱལ་སྲུང་ནི་དམངས་ཡོངས་ཀྱི་རྒྱལ་སྲུང་ཡིན་པས། ང་ཚོས་དམངས་ཡོངས་ཀྱི་རྒྱལ་སྲུང་སློབ་གསོར་ཤུགས་སྣོན་རྒྱག་པ་དང་། དམག་སྲིད་དང་དམག་དམངས་དབར་གྱི་མཐུན་སྒྲིལ་སྲ་བརྟན་དུ་བཏང་ནས། ཀྲུང་གོའི་ཕུགས་འདུན་དང་དམག་དཔུང་སྟོབས་ལྡན་ཅན་དུ་འགྱུར་བའི་ཕུགས་འདུན་མངོན་འགྱུར་ཡོང་ཕྱིར་སྟོབས་ཤུགས་ཆེན་པོ་གཅིག་ཏུ་བསྒྲིལ་དགོས།
          བཅུ་གཅིག “རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས”མཐའ་འཁྱོངས་བྱས་ཏེ། མེས་རྒྱལ་གོང་བུ་གཅིག་གྱུར་ལ་སྐུལ་སྤེལ་གཏོང་དགོས།
         ཤང་ཀང་དང་ཨའོ་མོན་མེས་རྒྱལ་གྱི་པང་དུ་ལོག་པ་ནས་བཟུང་སྟེ། “རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས”ལག་ལེན་བསྟར་བར་འཛམ་གླིང་ཡོངས་ཀྱིས་ཁས་ལེན་པའི་ལེགས་འགྲུབ་བྱུང་ཡོད། “རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས”འཛིན་པ་ནི་ལོ་རྒྱུས་ཐོག་ཤང་ཀང་དང་ཨའོ་མོན་གྱི་གནད་དོན་འཕྲོ་ལུས་ཐག་གཅོད་པའི་ཐབས་ཇུས་ལེགས་ཤོས་ཡིན་ལ། ཤང་ཀང་དང་ཨའོ་མོན་མེས་རྒྱལ་གྱི་པང་དུ་ལོག་རྗེས་དུས་ཡུན་རིང་པོར་དར་རྒྱས་དང་བརྟན་ལྷིང་ཡོང་བ་རྒྱུན་འཁྱོངས་བྱེད་པའི་ལམ་ལུགས་ལེགས་ཤོས་ཀྱང་ཡིན་པ་དོན་དངོས་ལས་ར་འཕྲོད་བྱུང་ཡོད།
         ཤང་ཀང་དང་ཨའོ་མོན་དུས་ཡུན་རིང་པོར་དར་རྒྱས་དང་བརྟན་ལྷིང་ཡོང་བ་རྒྱུན་འཁྱོངས་བྱེད་པར“རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས”དང་། “ཤང་ཀང་བས་ཤང་ཀང་སྐྱོང་བ” “ཨའོ་མོན་བས་ཨའོ་མོན་སྐྱོང་བ” ཚད་མཐོའི་རང་སྐྱོང་བྱེད་པ་བཅས་ཀྱི་བྱེད་ཕྱོགས་ངེས་པར་དུ་ཕྱོགས་ཡོངས་ནས་ལག་བསྟར་གནད་འཁེལ་བྱེད་དགོས་ཤིང་། རྩ་ཁྲིམས་དང་གཞི་རྩའི་བཅའ་ཁྲིམས་གཞིར་བཟུང་ནས་ལས་དོན་དམ་ནན་བསྒྲུབ་དགོས་པ་དང་། གཞི་རྩའི་བཅའ་ཁྲིམས་ལག་བསྟར་བྱེད་པ་དང་འབྲེལ་བ་ཡོད་པའི་ལམ་ལུགས་དང་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་དགོས། དམིགས་བསལ་སྲིད་འཛིན་ཁུལ་གྱི་སྲིད་གཞུང་དང་སྲིད་འཛིན་དཔོན་གྱིས་ཁྲིམས་མཐུན་ལྟར་སྲིད་སྐྱོང་བ་དང་། ལས་དོན་ཧུར་ཐག་སྒྲུབ་པར་རྒྱབ་སྐྱོར་བྱེད་དགོས་ལ། ཤང་ཀང་དང་ཨའོ་མོན་གྱི་ལས་རིགས་ཁག་གི་མི་སྣར་མཐུན་སྒྲིལ་དང་ཁོང་ཚོའི་སྣེ་ཁྲིད་དེ་སྟོབས་ཤུགས་གཅིག་སྒྲིལ་གྱིས་འཕེལ་རྒྱས་ཡོང་བར་བརྩོན་པ་དང་། འཆམ་མཐུན་ཡོང་བའི་སྐུལ་སྤེལ་གཏོང་བ། དམངས་འཚོ་འགན་སྲུང་དང་ལེགས་བཅོས་བྱེད་ཅིང་དམངས་གཙོ་གོ་རིམ་ལྡན་པའི་སྒོ་ནས་སྐུལ་སྤེལ་གཏོང་བ་དང་། སྤྱི་ཚོགས་ཀྱི་བརྟན་ལྷིང་སྲུང་སྐྱོང་བྱེད་པ། རྒྱལ་ཁབ་ཀྱི་བདག་དབང་དང་། བདེ་འཇགས། འཕེལ་རྒྱས་བཅས་ཀྱི་ཁེ་ཕན་སྲུང་སྐྱོང་བྱེད་པའི་རྩ་ཁྲིམས་ཀྱི་འགན་འཁྲི་སྒྲུབ་པ་བཅས་ཀྱི་རོགས་རམ་བྱེད་དགོས།
          ཤང་ཀང་དང་ཨའོ་མོན་འཕེལ་རྒྱས་གཏོང་བ་ནི་མེས་རྒྱལ་ནང་སའི་འཕེལ་རྒྱས་དང་དམ་པོར་འབྲེལ་ཡོད་པས། ཤང་ཀང་དང་ཨའོ་མོན་རྒྱལ་ཁབ་འཕེལ་རྒྱས་གཏོང་བའི་སྤྱི་ཡོངས་དང་འདྲེས་པར་རྒྱབ་སྐྱོར་བྱེད་ཅིང་། ཡུའེ་ཀང་ཨའོ་ཁུག་ཆེན་ཁུལ་འཛུགས་སྐྲུན་དང་། ཡུའེ་ཀང་ཨའོ་མཉམ་ལས། ཀྲུའུ་ཅང་ཟུར་གསུམ་གླིང་ཁུལ་ཁོངས་མཉམ་ལས་བཅས་གཙོ་གནད་དུ་བཟུང་སྟེ། ནང་སས་ཤང་ཀང་ཨའོ་མོན་དག་དང་ཕན་ཚུན་གཉིས་ཕན་མཉམ་ལས་བྱེད་པར་ཁྱོན་ཡོངས་ནས་སྐུལ་སྤེལ་དང་། ཤང་ཀང་དང་ཨའོ་མོན་གྱི་གྲོང་མི་ནང་སར་འཕེལ་རྒྱས་ཡོང་བར་བྱེད་པའི་སྲིད་ཇུས་དང་བྱེད་ཐབས་གཏན་འབེབས་དང་འཐུས་སྒོ་ཚང་དུ་གཏོང་དགོས།
          ང་ཚོས་རྒྱལ་གཅེས་པ་བྱེད་པོ་གཙོ་བོར་གྱུར་པའི“ཤང་ཀང་བས་ཤང་ཀང་སྐྱོང་བ”དང“ཨའོ་མོན་བས་ཨའོ་མོན་སྐྱོང་བ”མཐའ་འཁྱོངས་བྱེད་པ་དང་། རྒྱལ་གཅེས་ཀང་གཅེས་ཨའོ་གཅེས་བཅས་ཀྱི་སྟོབས་ཤུགས་གོང་སྤེལ་དང་རྒྱ་སྐྱེད་བཏང་ནས། སྤུན་ཟླ་ཤང་ཀང་བ་དང་སྤུན་ཟླ་ཨའོ་མོན་བའི་རྒྱལ་ཁབ་ཀྱི་འདུ་ཤེས་དང་རྒྱལ་གཅེས་ཀྱི་བསམ་པ་ཆེ་རུ་གཏོང་བ་དང་། སྤུན་ཟླ་ཤང་ཀང་བ་དང་སྤུན་ཟླ་ཨའོ་མོན་བར་མེས་རྒྱལ་གྱི་མི་དམངས་དང་མཉམ་དུ་མི་རིགས་བསྐྱར་དར་གྱི་ལོ་རྒྱུས་འགན་འཁྲི་འཁུར་དུ་འཇུག་པ་དང་། མེས་རྒྱལ་སྟོབས་འབྱོར་མངའ་ཐང་རྒྱས་པའི་གཟི་བརྗིད་རླབས་པོ་ཆེ་མཉམ་རོལ་བྱེད་དུ་འཇུག་དགོས།
          ཐའེ་དབན་གྱི་གནད་དོན་ཐག་གཅོད་བྱས་ཏེ་མེས་རྒྱལ་རྦད་དེ་གོང་བུ་གཅིག་གྱུར་ཡོང་བར་བྱེད་རྒྱུ་ནི་ཀྲུང་ཧྭའི་བུ་ཕྲུག་ཡོངས་ཀྱི་ཐུན་མོང་གི་རེ་འདུན་ཡིན་པ་དང་། ཀྲུང་ཧྭ་མི་རིགས་ཀྱི་རྩ་བའི་ཁེ་ཕན་གནས་ས་ཡིན་པས། “ཞི་བའི་གཅིག་གྱུར་དང་། རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས”ཀྱི་བྱེད་ཕྱོགས་ངེས་པར་མུ་མཐུད་མཐའ་འཁྱོངས་བྱས་ཏེ། ངོགས་གཉིས་ཀྱི་འབྲེལ་བ་ཞི་བའི་སྒོ་ནས་འཕེལ་རྒྱས་ཡོང་བར་བྱས་ནས་མེས་རྒྱལ་ཞི་བའི་སྒོ་ནས་གཅིག་གྱུར་ཡོང་བའི་འཕེལ་རིམ་ལ་སྐུལ་འདེད་གཏོང་དགོས།
          ཀྲུང་གོ་གཅིག་གི་རྩ་དོན་ནི་ངོགས་གཉིས་ཀྱི་འབྲེལ་བའི་ཆབ་སྲིད་རྨང་གཞི་ཡིན་པས། ཀྲུང་གོ་གཅིག་གི་རྩ་དོན་མཚོན་པའི“དགུ་གཉིས་ཐུན་མོང་ལྟ་བ”ཡིས་ངོགས་གཉིས་ཀྱི་འབྲེལ་བའི་རྩ་བའི་ངོ་བོ་གསལ་འབྱེད་བྱས་ཤིང་། ངོགས་གཉིས་ཀྱི་འབྲེལ་བ་ཞི་བའི་ངང་ནས་འཕེལ་རྒྱས་ཡོང་བར་འགན་ལེན་བྱེད་པའི་འགག་རྩ་ཡིན། “དགུ་གཉིས་ཐུན་མོང་ལྟ་བ”ཡི་ལོ་རྒྱུས་དངོས་ཁས་ལེན་པ་དང་། ངོགས་གཉིས་ཀྲུང་གོ་གཅིག་ལ་གཏོགས་པ་ངོས་འཛིན་གཅིག་མཐུན་བྱུང་ན། ངོགས་གཉིས་དབར་གླེང་མོལ་བྱེད་རེས་ཐུབ་པ་དང་། ངོགས་གཉིས་ཀྱི་སྤུན་ཟླ་ཚོས་སེམས་ཁུར་བྱེད་པའི་གནད་དོན་གྲོས་མོལ་ཐོག་ནས་ཐག་གཅོད་བྱེད་ཐུབ་ཅིང་། ཐའེ་དབན་གྱི་སྲིད་ཏང་དང་ཚོགས་པ་གང་ཞིག་ཡིན་རུང་སྐམ་ས་དང་འབྲེལ་བ་བྱེད་པར་གེགས་ཆ་ཡོང་མི་སྲིད།
          ངོགས་གཉིས་ཀྱི་སྤུན་ཟླ་ནི་ལས་དབང་གཅིག་མཐུན་གྱི་ཤ་རུས་གཅིག་པའི་སྤུན་ཟླ་ཡིན་ཞིང་། རིགས་རྒྱུད་གཅིག་ལས་མཆེད་པའི་ཁྱིམ་ཚང་གཅིག་ལྟ་བུ་ཡིན། ང་ཚོས“ངོགས་གཉིས་ཁྱིམ་ཚང་གཅིག་ལྟར་ཡིན་པའི”བསམ་གཞི་ཟབ་མོར་བཅངས་ནས། ཐའེ་དབན་གྱི་ད་ཡོད་སྤྱི་ཚོགས་ལམ་ལུགས་དང་སྤུན་ཟླ་ཐའེ་དབན་བའི་འཚོ་བ་སྐྱེལ་སྟངས་ལ་བརྩི་བཀུར་བྱེད་པ་དང་། སྔོན་ལ་སྤུན་ཟླ་ཐའེ་དབན་བ་དང་མཉམ་དུ་སྐམ་ས་འཕེལ་རྒྱས་ཀྱི་གོ་སྐབས་མཉམ་སྤྱོད་བྱེད་འདོད་ཡོད། ང་ཚོས་ངོགས་གཉིས་ཀྱི་དཔལ་འབྱོར་དང་རིག་གནས་སྤེལ་རེས་དང་མཉམ་ལས་རྒྱ་ཆེར་གཏོང་བ་དང་། ཕན་ཚུན་ཕན་རེས་ཡོང་བར་བྱས་ནས་སྤུན་ཟླ་ཐའེ་དབན་བ་སྐམ་ས་རུ་སློབ་སྦྱོང་དང་ལས་གཏོད། ལས་ཞུགས། འཚོ་བ་སྐྱེལ་བ་བཅས་སུ་འོང་བར་སྐམ་སའི་སྤུན་ཟླ་དང་གཅིག་མཚུངས་ཀྱི་ཐོབ་ཐང་རིམ་པར་འདོན་སྤྲོད་བྱས་ཏེ། སྤུན་ཟླ་ཐའེ་དབན་བའི་ཕན་བདེ་ཆེ་རུ་བསྐྱེད་དགོས། ངོགས་གཉིས་ཀྱི་སྤུན་ཟླས་ཐུན་མོང་ཐོག་ཀྲུང་ཧྭའི་རིག་གནས་དར་འཕེལ་ཡོང་བར་བྱེད་པ་དང་། བསམ་པ་གཅིག་མཐུན་ཡོང་བ་བྱེད་པར་ང་ཚོས་སྐུལ་མ་གཏོང་དགོས།
           ང་ཚོས་རྒྱལ་ཁབ་ཀྱི་བདག་དབང་དང་མངའ་ཁོངས་ཆ་ཚང་སྲུང་སྐྱོང་མཐའ་གཅིག་ཏུ་བྱས་ཏེ། རྒྱལ་ཁབ་ཁ་ཕྲལ་བའི་ལོ་རྒྱུས་ཀྱི་སྐྱོ་གར་དེ་ཡང་བསྐྱར་འཁྲབ་སྟོན་བྱེད་དུ་གཏན་ནས་མི་འཇུག རྒྱལ་ཁབ་ཁ་ཕྲལ་བའི་བྱེད་སྤྱོད་ཐམས་ཅད་ལ་ཀྲུང་གོ་བ་ཡོངས་ཀྱིས་ངོ་རྒོལ་མཐའ་གཅིག་ཏུ་བྱེད་ངེས་ཡིན། ང་ཚོར་རྣམ་པ་གང་རུང་གི“ཐའེ་དབན་རང་བཙན”བྱེད་པའི་ཁ་ཕྲལ་གྱི་ངན་ཇུས་གཏོར་ཕམ་གཏོང་བའི་བློ་སྟོབས་བརྟན་པོ་དང་། ཡིད་ཆེས་ཟབ་མོ། ནུས་ཤུགས་འདང་ངེས་བཅས་ཡོད། མི་སུ་ཡིན་དང་། ཚོགས་པ་གང་ཡིན། སྲིད་ཏང་གང་ཡིན། དུས་ནམ་ཡིན། རྣམ་པ་གང་ཞིག་སྤྱོད་མིན་བཅས་ལ་མ་བལྟོས་པར། ང་ཚོས་ཀྲུང་གོའི་མངའ་ཁོངས་ཀྱི་ས་ཆ་གང་ཞིག་ཀྱང་ཀྲུང་གོ་ནས་ཁ་ཕྲལ་དུ་གཏན་ནས་མི་འཇུག་ཐག་ཆོད་ཡིན།
           བློ་མཐུན་རྣམ་པ། ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེ་ཡོང་བར་བྱེད་རྒྱུ་ནི་ཀྲུང་གོ་བ་ཡོངས་ཀྱི་ཐུན་མོང་གི་ཕུགས་འདུན་ཡིན། སྤུན་ཟླ་ཀང་ཨའོ་ཐའེ་ཚུད་པའི་ཀྲུང་ཧྭའི་བུ་ཕྲུག་ཡོངས་ཀྱིས་ལོ་རྒྱུས་ཀྱི་འཕེལ་ཕྱོགས་ཆེན་པོར་བསྟུན་པ་དང་། མི་རིགས་ཀྱི་བདེན་དོན་མཉམ་འཁུར་བྱས་ནས། མི་རིགས་ཀྱི་ལས་སྐལ་དེ་རང་ཉིད་ཀྱི་ལག་ཏུ་དམ་པོར་བཟུང་ཕྱིན། ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེའི་ཕུགས་འདུན་བཟང་པོ་ལྷན་དུ་གཏོད་ཐུབ་ངེས་ཡིན་པར་ང་ཚོར་ཡིད་ཆེས་བརྟན་པོ་ཡོད།
          བཅུ་གཉིས། ཞི་བའི་འཕེལ་རྒྱས་ཀྱི་བགྲོད་ལམ་དུ་མཐའ་འཁྱོངས་བར་བསྐྱོད་དེ། མིའི་རིགས་ཀྱི་ལས་དབང་གཅིག་པའི་ཐུན་མོང་ཚོགས་པ་འཛུགས་སྐྱོང་ལ་སྐུལ་སྤེལ་གཏོང་དགོས།
          ཀྲུང་གོ་གུང་ཁྲན་ཏང་ནི་ཀྲུང་གོའི་མི་དམངས་ལ་བདེ་སྐྱིད་སྐྲུན་མཁན་གྱི་སྲིད་ཏང་ཞིག་ཡིན་ལ། མིའི་རིགས་ཡར་ཐོན་ཡོང་བའི་བྱ་གཞག་གི་དོན་དུ་འབད་བརྩོན་བྱེད་མཁན་སྲིད་ཏང་ཞིག་ཀྱང་ཡིན་པས། ཀྲུང་གོ་གུང་ཁྲན་ཏང་གིས་མིའི་རིགས་ལ་ལེགས་སྐྱེས་གསར་པ་སྔར་བས་ཆེན་པོ་འབུལ་རྒྱུ་དེ་ཐོག་མཐའ་བར་གསུམ་དུ་རང་ཉིད་ཀྱི་འགན་འཁྲིར་བརྩིས་ཡོད། 
          ཀྲུང་གོས་ཞི་བདེ་དང་། འཕེལ་རྒྱས། མཉམ་ལས། མཉམ་རྒྱལ་བཅས་ཀྱི་དར་ཆ་མཐོན་པོར་བསྒྲེངས་ནས། འཛམ་གླིང་གི་ཞི་བདེ་སྲུང་སྐྱོང་དང་། ཐུན་མོང་ཐོག་གོང་དུ་འཕེལ་བར་བྱེད་པའི་ཕྱི་འབྲེལ་སྲིད་ཇུས་ཀྱི་དགོངས་དོན་དམ་སྲུང་བྱས་པ་དང་། བློ་བརྟན་འགྱུར་མེད་ངང་ནས་ཞི་བདེ་མཉམ་གནས་ཀྱི་རྩ་དོན་ལྔ་པོའི་རྨང་གཞིའི་ཐོག་རྒྱལ་ཁབ་ཁག་དང་མཛའ་མཐུན་མཉམ་ལས་སྤེལ་རྒྱུ་དང་། ཕན་ཚུན་བརྩི་འཇོག་དང་། དྲང་སྙོམས་དྲང་བདེན། མཉམ་ལས་མཉམ་རྒྱལ་བཅས་ཀྱི་རྒྱལ་སྤྱིའི་འབྲེལ་བ་གསར་པ་འཛུགས་པའི་སྐུལ་འདེད་གཏོང་རྒྱུ་ཡིན། 
         འཛམ་གླིང་ནི་འཕེལ་རྒྱས་ཆེན་པོ་དང་འཕོ་འགྱུར་ཆེན་པོ། ལེགས་སྒྲིག་ཆེན་པོ་བཅས་བྱེད་སྒང་དུ་གནས་ཡོད་པ་དང་། ཞི་བདེ་དང་འཕེལ་རྒྱས་གཉིས་ནི་སྔར་བཞིན་དུས་རབས་ཀྱི་བརྗོད་བྱ་གཙོ་བོ་ཡིན། འཛམ་གླིང་སྣེ་མང་ཅན་དང་། དཔལ་འབྱོར་གོ་ལ་ཧྲིལ་པོ་ཅན། སྤྱི་ཚོགས་ཆ་འཕྲིན་ཅན། རིག་གནས་སྣ་མང་ཅན་བཅས་སུ་འཕེལ་རྒྱས་གཏིང་ཟབ་ཏུ་སོང་བ་དང་། གོ་ལ་ཧྲིལ་པོའི་བཅོས་སྐྱོང་མ་ལག་དང་རྒྱལ་སྤྱིའི་སྒྲིག་ལམ་འཕོ་འགྱུར་ཇེ་མགྱོགས་སུ་འགྲོ་བཞིན་པ། རྒྱལ་ཁབ་ཁག་ཕན་ཚུན་འབྲེལ་གཏུག་དང་བརྟེན་རེས་ཇེ་ཟབ་ཏུ་འགྲོ་བཞིན་པ། རྒྱལ་སྤྱིའི་སྟོབས་ཤུགས་ཀྱི་བསྡུར་ཚད་དོ་མཉམ་ཇེ་ཆེར་གྱུར་པ་བཅས་ཀྱི་རྐྱེན་པས། ཞི་བདེ་དང་འཕེལ་རྒྱས་ཀྱི་འཕེལ་ཕྱོགས་ཆེན་པོ་ལྡོག་ཐབས་མེད་པར་གྱུར་ཡོད། དུས་མཚུངས་སུ། འཛམ་གླིང་ཐོག་གཏན་འཇགས་མིན་པ་དང་གཏན་མ་འཁེལ་བའི་ཆ་མངོན་གསལ་དོད་པོར་གྱུར་པ་དང་། འཛམ་གླིང་གི་དཔལ་འབྱོར་འཕེལ་བར་བྱེད་པའི་ནུས་པ་མི་འདང་བ། དབུལ་ཕྱུག་གཉིས་སུ་གྱེས་ཚུལ་ཚབས་ཇེ་ཆེར་འགྲོ་བ། ས་ཁུལ་གྱི་གླེང་ཆ་ཆེ་བའི་གནད་དོན་གཅིག་འཇགས་གཅིག་ལངས་ཡིན་པ། འཇིགས་སྐུལ་རིང་ལུགས་དང་། དྲ་སྦྲེལ་བདེ་འཇགས། རིམས་ནད་ཚབས་ཆེན། གནམ་གཤིས་འགྱུར་ལྡོག་སོགས་སྲོལ་རྒྱུན་མ་ཡིན་པའི་བདེ་འཇགས་ཀྱི་འཇིགས་པ་བསྟུད་མར་མཆེད་བཞིན་ཡོད་པས། མིའི་རིགས་ལ་ཐུན་མོང་གི་འགྲན་སློང་མང་པོ་འཕྲད་བཞིན་ཡོད། 
          ང་ཚོ་འཚོ་བཞིན་པའི་འཛམ་གླིང་འདིར་རེ་བས་ཁེངས་ཡོད་ལ། འགྲན་སློང་གིས་ཀྱང་ཁེངས་ཡོད་པས། དོན་དངོས་རྙོག་འཛིང་ཆེ་བའི་དབང་གིས་ང་ཚོས་ཕུགས་འདུན་འདོར་མི་རུང་བ་དང་། ཕུགས་བསམ་རྒྱང་ཐག་རིང་བའི་དབང་གིས་བརྩོན་ལེན་བྱ་རྒྱུ་འདོར་མི་རུང་། མིའི་རིགས་ལ་འཕྲད་པའི་འགྲན་སློང་སྣ་ཚོགས་ལ་རང་གཅིག་པུས་ཁ་གཏད་འཇལ་ཐུབ་མཁན་གྱི་རྒྱལ་ཁབ་གཅིག་ཀྱང་མེད་ལ། རང་ལམ་རང་བཀག་གི་ཁེར་ཆགས་གླིང་ཕྲན་དུ་ཕྱིར་ལོག་ཐུབ་མཁན་རྒྱལ་ཁབ་ཀྱང་གཏན་ནས་མེད།
          རྒྱལ་ཁབ་ཁག་གི་མི་དམངས་ཀྱིས་སེམས་ཤུགས་གཅིག་སྒྲིལ་བྱས་ཏེ་མིའི་རིགས་ཀྱི་ལས་དབང་གཅིག་པའི་ཐུན་མོང་ཚོགས་པ་འཛུགས་སྐྱོང་དང་། ཡུན་རིང་ཞི་བདེ་དང་། བདེ་འཇགས་ཡོངས་ཁྱབ། ཐུན་མོང་དུ་དར་རྒྱས། སྒོ་འབྱེད་ཁོང་ཡངས། དྭངས་གཙང་ཡིད་འོང་བཅས་ཀྱི་འཛམ་བུ་གླིང་འཛུགས་སྐྲུན་དགོས་ལུགས་ང་ཚོས་འབོད་སྐུལ་བྱེད་རྒྱུ་ཡིན། ཕན་ཚུན་བརྩི་བཀུར་དང་། འདྲ་མཉམ་ཐོག་གྲོས་མོལ་བྱེད་དགོས་ཤིང་། འཇམ་འཐབ་ཀྱི་བསམ་ཕྱོགས་དང་བཙན་དབང་ཆབ་སྲིད་མཐའ་གཅིག་ཏུ་དོར་ནས། གླེང་མོལ་བྱེད་པ་ལས་འགྲན་རྒོལ་མི་བྱེད་པ་དང་། གྲོགས་པོ་སྒྲིག་པ་ལས་མནའ་འབྲེལ་དུ་མི་ཞུགས་པའི་རྒྱལ་ཁབ་དང་རྒྱལ་ཁབ་དབར་གྱི་འབྲེལ་བ་འཛུགས་པའི་བགྲོད་ལམ་གསར་པར་བསྐྱོད་དགོས། གླེང་མོལ་གྱི་ཐབས་ལ་བརྟེན་ནས་རྩོད་གཞི་ཐག་གཅོད་དང་། གྲོས་མོལ་གྱི་ཐབས་ལ་བརྟེན་ནས་འགལ་བ་སེལ་རྒྱུ་མཐའ་འཁྱོངས་བྱེད་དགོས་པ་དང་། སྲོལ་རྒྱུན་དང་སྲོལ་རྒྱུན་མ་ཡིན་པའི་བདེ་འཇགས་ཀྱི་འཇིགས་སྐུལ་ལ་གཅིག་གྱུར་འཆར་འགོད་ཀྱིས་ཁ་གཏད་འཇལ་ནས། འཇིགས་སྐུལ་རིང་ལུགས་ཀྱི་རྣམ་པ་མཐའ་དག་ལ་ངོ་རྒོལ་བྱེད་དགོས། ཕྱར་བ་གྲུ་འདེགས་དང་། ཉོ་འཚོང་དང་དངུལ་འཇོག་རང་མོས་ཅན་དང་སྟབས་བདེ་ཅན་དུ་འགྱུར་བར་བྱེད་པ་དང་། དཔལ་འབྱོར་གོ་ལ་ཧྲིལ་པོ་ཅན་དུ་སྔར་བས་སྒོ་འབྱེད་དང་། ཁོང་ཡངས། ཀུན་ཕན། དོ་མཉམ། མཉམ་རྒྱལ་བཅས་ཀྱི་ཕྱོགས་སུ་འཕེལ་བར་བྱེད་དགོས། འཛམ་གླིང་གི་དཔལ་ཡོན་སྣ་མང་རང་བཞིན་ལ་བརྩི་འཇོག་བྱེད་དགོས་པ་དང་། དཔལ་ཡོན་སྤེལ་རེས་ལ་བརྟེན་ནས་དཔལ་ཡོན་གྱི་འགལ་རྐྱེན་སེལ་བ་དང་། དཔལ་ཡོན་དཔེ་བལྟ་བྱེད་རེས་ལ་བརྟེན་ནས་དཔལ་ཡོན་གྱི་འགལ་ཟླ་སེལ་བ། དཔལ་ཡོན་མཉམ་གནས་ལ་བརྟེན་ནས་དཔལ་ཡོན་གྱི་ཁྱད་འཕགས་ལས་བརྒལ་དགོས། ཁོར་ཡུག་མཛའ་མཐུན་མཐའ་འཁྱོངས་བྱས་ཏེ་མཉམ་ལས་ཐོག་ནས་གནམ་གཤིས་ཀྱི་འགྱུར་བར་ཁ་གཏད་བཅག་སྟེ། མིའི་རིགས་ཆགས་ས་རྟེན་སའི་གོ་ལའི་ཁྱིམ་གཞིས་གཅེས་སྐྱོང་བྱེད་དགོས།
          ཀྲུང་གོས་རང་བཙན་རང་བདག་གི་ཞི་བདེའི་ཕྱི་འབྲེལ་སྲིད་ཇུས་བློ་རྩ་བརྟན་པོས་ལག་བསྟར་བྱེད་རྒྱུ་དང་། རྒྱལ་ཁབ་ཁག་གི་མི་དམངས་ཀྱིས་རང་བདག་སྒོ་ནས་འཕེལ་རྒྱས་གཏོང་བའི་བགྲོད་ལམ་གདམ་ག་རྒྱག་དབང་ལ་བརྩི་འཇོག་དང་། རྒྱལ་སྤྱིའི་དྲང་སྙོམ་དྲང་བདེན་སྲུང་སྐྱོང་། རང་ཉིད་ཀྱི་འདོད་བློ་གཞན་ལ་བཙན་འགེལ་བྱེད་པར་ངོ་རྒོལ། རྒྱལ་ཁབ་གཞན་གྱི་ནང་སྲིད་ལ་ཐེ་ཇུས་བྱེད་པར་ངོ་རྒོལ། ཆེ་བས་ཆུང་བཪ་བརྙས་བཅོས་ཀྱི་ཚུལ་ལ་ངོ་རྒོལ་བཅས་བྱེད་རྒྱུ་ཡིན། ཀྲུང་གོས་རྒྱལ་ཁབ་གཞན་པའི་ཁེ་ཕན་བློས་གཏོང་དུ་བཅུག་ནས་རང་ཉིད་འཕེལ་རྒྱས་གཏོང་རིགས་རྩ་བ་ནས་མི་བྱེད་ལ། རང་ཉིད་ཀྱི་ཚུལ་མཐུན་ཁེ་དབང་འདོར་རིགས་ཀྱང་རྩ་བ་ནས་མི་བྱེད། སུ་ཞིག་གིས་ཀྱང་ཀྲུང་གོར་རང་ཉིད་ཀྱི་ཁེ་ཕན་ལ་གནོད་པའི་ངན་འབྲས་འཁྱུར་མིད་གཏོང་དུ་འཇུག་རྒྱུའི་སྟོང་བསམ་མ་འཆང་ཞིག ཀྲུང་གོས་འགོག་སྲུང་རང་བཞིན་གྱི་རྒྱལ་སྲུང་སྲིད་ཇུས་ལག་བསྟར་བྱེད་བཞིན་ཡོད། ཀྲུང་གོའི་འཕེལ་རྒྱས་ཀྱིས་རྒྱལ་ཁབ་གང་ཞིག་ལའང་འཇིགས་སྐུལ་བཟོ་མི་སྲིད། ཀྲུང་གོ་འཕེལ་རྒྱས་ཀྱི་ཚད་ཇི་འདྲ་ཞིག་ཏུ་སླེབས་རུང་ནམ་ཡང་བཙན་དབང་ཧམ་གཉེར་མི་བྱེད་ལ་ནམ་ཡང་རྒྱ་སྐྱེད་མི་གཏོང་།
         ཀྲུང་གོས་གོ་ལ་ཧྲིལ་པོའི་རོགས་ཟླའི་འབྲེལ་བ་འཕེལ་རྒྱས་ཧུར་ཐག་གཏོང་བ་དང་། རྒྱལ་ཁབ་ཁག་དང་ཁེ་ཕན་མཉམ་འདྲེས་ཀྱི་གནས་རྒྱ་ཆེར་གཏོང་བ། རྒྱལ་ཁབ་ཆེ་ཁག་དང་མཐུན་སྦྱོར་མཉམ་ལས་བྱེད་པར་སྐུལ་འདེད་གཏོང་བ། སྤྱི་ཡོངས་ནས་བརྟན་ལྷིང་དང་། འཕེལ་རྒྱས་དོ་མཉམ་གྱི་རྒྱལ་ཁབ་ཆེན་པོའི་འབྲེལ་བའི་གཞི་སྒྲོམ་འཛུགས་སྐྱོང་བྱེད་པ། མཛའ་བརྩེ་ཟོལ་མེད་དང་གཉིས་ཕན་བཟོད་སྒོམ་གྱི་བསམ་གཞི་ལྟར་ཁྱིམ་མཚེས་དང་འཆམ་ཞིང་། ཁྱིམ་མཚེས་དང་འགྲོགས་པའི་ཉེ་འབྲེལ་མཐའ་འཁོར་གྱི་ཕྱི་འབྲེལ་བྱེད་ཕྱོགས་ལ་གཞིགས་ཏེ། མཐའ་འཁོར་རྒྱལ་ཁབ་དབར་དང་འབྲེལ་བ་ཇེ་དམ་དུ་གཏོང་བ་དང་། འོས་འགན་དང་ཁེ་ཕན་གྱི་ལྟ་བ་ཡང་དག་དང་མཛའ་བརྩེ་ཟོལ་མེད་དང་གཉིས་ཕན་བཟོད་སྒོམ་གྱི་བསམ་གཞི་བཅངས་ནས་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་དབར་དང་མཐུན་སྒྲིལ་མཉམ་ལས་བྱེད་ཤུགས་ཆེ་རུ་གཏོང་བཞིན་ཡོད། རྒྱལ་ཁབ་ཁག་གི་སྲིད་ཏང་དང་ཆབ་སྲིད་རྩ་འཛུགས་དབར་དུ་སྤེལ་རེས་མཉམ་ལས་བྱེད་ཤུགས་ཆེ་རུ་བཏང་ནས་མི་དམངས་འཐུས་ཚོགས་དང་། སྲིད་གྲོས། དམག་དཔུང་། ས་གནས། མི་དམངས་ཀྱི་ཚོགས་པ་སོགས་ཀྱི་ཕྱི་ཕྱོགས་འགྲོ་འོང་ལ་སྐུལ་འདེད་གཏོང་རྒྱུ་ཡིན། 
          ཀྲུང་གོས་ཕྱི་ཕྱོགས་ལ་སྒོ་འབྱེད་པའི་གཞི་རྩའི་རྒྱལ་ཇུས་མཐའ་འཁྱོངས་དང་། རྒྱལ་སྒོ་ཕྱེ་ནས་འཛུགས་སྐྲུན་མཐའ་འཁྱོངས། “རྒྱུད་གཅིག་ལམ་གཅིག”གི་རྒྱལ་སྤྱིའི་མཉམ་ལས་ལ་སྐུལ་སྤེལ་ཧུར་ཐག་བཏང་སྟེ། སྲིད་ཇུས་འབྲེལ་མཐུད་དང་། སྒྲིག་བཀོད་མཉམ་སྦྲེལ། ཉོ་འཚོང་ཤར་གཏོང་། མ་དངུལ་རྒྱུན་འཁོར། དམངས་སེམས་གཅིག་མཐུན་བཅས་ཡོང་བའི་འབད་བརྩོན་བྱེད་པ་དང་། རྒྱལ་སྤྱིའི་མཉམ་ལས་ཀྱི་ལས་སྟེགས་གསར་པ་བསྐྲུན་ཏེ། ཐུན་མོང་ཐོག་འཕེལ་རྒྱས་གཏོང་བའི་སྒུལ་ཤུགས་གསར་པ་བསྣན་དགོས། དར་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་དང་ལྷག་པར་དུ་དར་རྒྱས་ཞན་ཤོས་ཀྱི་རྒྱལ་ཁབ་ལ་རོགས་སྐྱོར་བྱེད་ཤུགས་ཇེ་ཆེར་བཏང་སྟེ། ལྷོ་བྱང་འཕེལ་རྒྱས་ཀྱི་ཧེ་བག་ཇེ་ཆུང་དུ་འགྲོ་བར་བྱེད་དགོས། 
         ཀྲུང་གོས་ཕྱོགས་མང་ཉོ་འཚོང་སྒྲིག་སྲོལ་ལ་རྒྱབ་སྐྱོར་བྱས་ཏེ། རང་མོས་ཉོ་འཚོང་ཁུལ་འཛུགས་སྐྲུན་བྱེད་པར་སྐུལ་འདེད་གཏོང་བ་དང་། སྒོ་འབྱེད་ཅན་གྱི་འཛམ་གླིང་གི་དཔལ་འབྱོར་འཛུགས་སྐྲུན་བྱེད་པར་སྐུལ་འདེད་གཏོང་རྒྱུ་ཡིན། ཀྲུང་གོས་མཉམ་གྲོས་མཉམ་སྐྲུན་མཉམ་སྤྱོད་བཅས་ཀྱི་གོ་ལ་ཧྲིལ་པོ་བཅོས་སྐྱོང་གི་ལྟ་བ་རྒྱུན་འཛིན་བྱེད་པ་དང་། དམངས་གཙོ་ཅན་གྱི་རྒྱལ་སྤྱིའི་འབྲེལ་བ་དར་སྤེལ་གཏོང་བ་དང་། རྒྱལ་ཁབ་དག་ལ་ཆེ་ཆུང་དང་། དྲག་ཞན། དབུལ་ཕྱུག་བཅས་ཀྱི་ཁྱད་པར་མི་འབྱེད་པར་ཚང་མ་འདྲ་མཉམ་ཡིན་པ་མཐའ་འཁྱོངས་བྱེད་ཅིང་། མཉམ་འབྲེལ་རྒྱལ་ཚོགས་ཀྱིས་དགེ་མཚན་ལྡན་པའི་ནུས་པ་འདོན་པར་རྒྱབ་སྐྱོར་བྱེད་པ་དང་། རྒྱལ་སྤྱིའི་ལས་དོན་ཁྲོད་དུ་དར་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཀྱི་འཐུས་ཚབ་རང་བཞིན་དང་གཏམ་དབང་ཇེ་ཆེར་གཏོང་བར་རྒྱབ་སྐྱོར་བྱེད་ཀྱི་ཡོད། ཀྲུང་གོས་འགན་འཁྲི་འཁུར་བའི་རྒྱལ་ཁབ་ཆེན་པོའི་ནུས་པ་མུ་མཐུད་དུ་བཏོན་ཏེ། གོ་ལ་ཧྲིལ་པོའི་བཅོས་སྐྱོང་མ་ལག་སྒྱུར་བཅོས་དང་འཛུགས་སྐྲུན་བྱེད་པར་ཧུར་ཐག་ངང་ཐེ་ཞུགས་བྱེད་པ་དང་། ཀྲུང་གོའི་བློ་གྲོས་དང་སྟོབས་ཤུགས་རྒྱུན་མ་ཆད་པར་འབུལ་རྒྱུ་ཡིན།

【1】  【2】  【3】  【4】  【5】  【6】  【7】  【8】  【9】  【10】