མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ཀྲུང་གོ་གུང་ཁྲན་ཏང་གི་རྒྱལ་ཡོངས་འཐུས་མི་ཚོགས་ཆེན་ཐེངས་བཅུ་དགུ་པའི་ཐོག་གི་སྙན་སྒྲོན།

གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 11ཚེས་03ཉིན། 15:59】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

         བློ་མཐུན་རྣམ་པ། འཛམ་གླིང་གི་ལས་དབང་ནི་རྒྱལ་ཁབ་ཁག་གི་མི་དམངས་ཀྱི་ལག་ཏུ་ཡོད་ལ། མིའི་རིགས་ཀྱི་མདུན་ལམ་ནི་རྒྱལ་ཁབ་ཁག་གི་མི་དམངས་ཀྱི་གདམ་གར་རག་ལས་ཡོད། ཀྲུང་གོའི་མི་དམངས་ཀྱིས་རྒྱལ་ཁབ་ཁག་གི་མི་དམངས་དང་མཉམ་དུ། མིའི་རིགས་ཀྱི་ལས་དབང་གཅིག་པའི་ཚོགས་པ་འཛུགས་སྐྱོང་ལ་སྐུལ་སྤེལ་གཏོང་བ་དང་། ཐུན་མོང་ཐོག་མིའི་རིགས་ཀྱི་བདེ་སྐྱིད་ལྡན་པའི་མ་འོངས་པ་གཏོད་འདོད་ཡོད།
          བཅུ་གསུམ། བློ་བརྟན་འགྱུར་མེད་ཀྱིས་ཕྱོགས་ཡོངས་ནས་ཏང་ནན་པོར་བསྐྱངས་ཏེ། ཏང་གི་སྲིད་སྐྱོང་ནུས་པ་དང་འགོ་ཁྲིད་ཀྱི་ཆུ་ཚད་རྒྱུན་མ་ཆད་པར་མཐོ་རུ་གཏོང་དགོས། 
          ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་འདི་དུས་རབས་གསར་པར་སླེབས་པས། ང་ཚོའི་ཏང་ལ་རྣམ་པ་གསར་པ་དང་བྱས་རྗེས་གསར་པ་ངེས་པར་ཡོད་དགོས། ལྕགས་རྡུང་བར་ཐོ་བ་ངེས་པར་མཁྲེགས་དགོས། ཏང་གིས་མི་དམངས་ལ་མཐུན་སྒྲིལ་དང་སྣེ་ཁྲིད་དེ་འཐབ་རྩོད་རླབས་པོ་ཆེ་བྱེད་པ་དང་། བྱ་གཞག་རླབས་པོ་ཆེར་སྐུལ་སྤེལ་གཏོང་བ། ཕུགས་འདུན་རླབས་པོ་ཆེ་མངོན་འགྱུར་བཅས་བྱེད་ན། ཏང་གི་འགོ་ཁྲིད་ངེས་པར་བློ་བརྟན་འགྱུར་མེད་ཀྱིས་མཐའ་འཁྱོངས་དང་འཐུས་ཚང་དུ་གཏོང་དགོས་པ་དང་། ཏང་སྔར་ལས་ཞུམ་མེད་སྟོབས་ལྡན་ཞིག་ཏུ་བློ་བརྟན་འགྱུར་མེད་ཀྱིས་འཛུགས་སྐྱོང་བྱེད་དགོས། 
         ཕྱོགས་ཡོངས་ནས་ཏང་ནན་པོར་སྐྱོང་བའི་ལས་ཀ་དེ་ནམ་ཡང་སྒྲུབ་བཞིན་པའི་ལམ་ན་ཡོད། སྲིད་ཏང་ཞིག་དང་། སྲིད་དབང་ཞིག་གི་མདུན་ལམ་དང་ལས་དབང་ནི་ཀུན་གྱིས་བློ་ཕྱོགས་གཏད་མིན་ལ་རག་ལས་པ་ཡིན། མི་དམངས་མང་ཚོགས་ཀྱིས་ངོ་རྒོལ་དང་ཞེ་སྡང་བྱེད་ཡུལ་གང་ཡིན་པ་དེར་ང་ཚོས་དོགས་ཟོན་དང་ཡོ་བསྲང་མཐའ་གཅིག་ཏུ་བྱེད་དགོས། ང་ཚོའི་ཏང་གི་མདུན་དུ་ལྷགས་པའི་སྲིད་སྐྱོང་གི་ཁོར་ཡུག་རྙོག་འཛིང་ཡིན་ལ། ཏང་གི་སྔོན་ཐོན་རང་བཞིན་ལ་གནོད་པ་དང་། ཏང་གི་ལྷད་མེད་རང་བཞིན་ཇེ་ཞན་དུ་གཏོང་བའི་རྒྱུ་རྐྱེན་ཡང་རྙོག་འཛིང་ཡིན་པ། ཏང་ནང་ཁུལ་དུ་བསམ་བློ་དང་། རྩ་འཛུགས། སྤྱོད་ཚུལ་གསུམ་མི་གཙང་བའི་གནད་དོན་འབུར་དུ་ཐོན་པའང་རྩ་བ་ནས་ཐག་གཅོད་ཐུབ་མེད་པ། ཏང་གི་མདུན་དུ་ལྷགས་པའི་སྲིད་སྐྱོང་གི་ཉམས་སད་དང་། སྒྱུར་བཅོས་སྒོ་འབྱེད་ཀྱི་ཉམས་སད། ཚོང་རའི་དཔལ་འབྱོར་གྱི་ཉམས་སད། ཕྱིའི་ཁོར་ཡུག་གི་ཉམས་སད་བཅས་ཀྱི་ཡུན་རིང་རང་བཞིན་དང་རྙོག་འཛིང་རང་བཞིན་ལ་ངོས་འཛིན་ཟབ་མོ་ཐུབ་པར་བྱེད་དགོས་པ་དང་། ཏང་གི་མདུན་དུ་ལྷགས་པའི་བསམ་པ་རྣམ་གཡེང་གི་ཉེན་ཁ་དང་། འཇོན་ནུས་མི་འདང་བའི་ཉེན་ཁ། མང་ཚོགས་དང་ཁ་བྲལ་བའི་ཉེན་ཁ། སྒྱིད་ལུག་རུལ་སུངས་སུ་འགྱུར་བའི་ཉེན་ཁ་བཅས་ཀྱི་རྣོ་ངར་ཆེ་བའི་རང་བཞིན་དང་ཛ་དྲག་ཆེ་བའི་རང་བཞིན་ངོས་འཛིན་གཏིང་ཟབ་ཐུབ་པར་དགོས་ཤིང་། གནད་དོན་འཛིན་ཕྱོགས་མཐའ་འཁྱོངས་དང་། འཐབ་ཇུས་ངེས་ཤུགས་རྒྱུན་འཁྱོངས་བྱས་ཏེ། ཕྱོགས་ཡོངས་ནས་ཏང་ནན་པོར་སྐྱོང་བ་འདི་འཕེལ་རྒྱས་གཏིང་ཟབ་འགྲོ་རྒྱུར་སྐུལ་འདེད་གཏོང་དགོས།
          དུས་རབས་གསར་པར་ཏང་ལེགས་སྐྱོང་བྱེད་པའི་སྤྱིའི་བླང་བྱ་ནི། ཏང་གིས་ཕྱོགས་ཡོངས་ནས་འགོ་ཁྲིད་བྱེད་རྒྱུ་མཐའ་འཁྱོངས་དང་འགོ་ཁྲིད་བྱེད་ཤུགས་ཆེ་རུ་གཏོང་བ་དང་། ཏང་གིས་ཏང་ཉིད་དོ་དམ་དང་། ཕྱོགས་ཡོངས་ནས་ཏང་ནན་པོར་སྐྱོང་བ་མཐའ་འཁྱོངས་བྱས་ཏེ། སྲིད་ཡུན་རིང་སྐྱོང་བའི་ཏང་གི་ནུས་པ་ཆེ་རུ་གཏོང་བ་དང་། སྔོན་ཐོན་རང་བཞིན་དང་དྭངས་གཙང་རང་བཞིན་ལེགས་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་བ་གཙོ་གནད་དུ་འཛིན་པ་དང་། ཏང་གི་ཆབ་སྲིད་ལེགས་སྐྱོང་བྱ་རྒྱུ་གཙོ་རྐང་དུ་འཛིན་པ། ཕུགས་འདུན་དང་དད་སེམས་འགྱུར་མེད་བརྟན་པོ་ཡོང་བར་བྱེད་པའི་དམིགས་ཡུལ་གཞི་རྩར་འཛིན་པ། ཏང་ཡོངས་ཀྱི་ཧུར་སེམས་དང་རང་འགུལ་རང་བཞིན། གསར་གཏོད་རང་བཞིན་བཅས་སྐུལ་སློང་བྱེད་རྒྱུ་ཤུགས་འདོན་སར་བྱས་ཏེ། ཏང་གི་ཆབ་སྲིད་ལེགས་སྐྱོང་དང་། བསམ་བློ་ལེགས་སྐྱོང་། རྩ་འཛུགས་ལེགས་སྐྱོང་། ཀུན་སྤྱོད་ལེགས་སྐྱོང་། སྒྲིག་ཁྲིམས་སྲུང་སྐྱོང་བཅས་ཕྱོགས་ཡོངས་ནས་སྐུལ་སྤེལ་གཏོང་བ་དང་། ལམ་ལུགས་འཛུགས་སྐྱོང་བྱེད་རྒྱུ་འདི་དེ་དག་གི་ཁྲོད་དཀྱུས་གཅིག་ཏུ་ཁྱབ་པར་བྱས་ནས། རུལ་རྒོལ་གྱི་འཐབ་རྩོད་ལ་སྐུལ་སྤེལ་གཏིང་ཟབ་བྱེད་པ་དང་། ཏང་འཛུགས་སྐྱོང་གི་སྤུས་ཀ་རྒྱུན་མ་ཆད་པར་ཇེ་བཟང་དུ་བཏང་ནས། ཏང་འཛུགས་སྐྱོང་བྱེད་རྒྱུ་འདི་ཉིད་ཐོག་མཐའ་བར་གསུམ་དུ་དུས་རབས་ཀྱི་མདུན་གྲལ་དུ་བསྐྱོད་ཅིང་། མི་དམངས་ཀྱིས་སྙིང་ཐག་པ་ནས་བརྩི་བཀུར་ཞུ་བ་དང་། རང་ཉིད་གསར་བརྗེ་བྱེད་ཕོད་པ། དཀའ་ངལ་སྣ་ཚོགས་ཀྱི་ཉམས་སད་ཐེག་ཐུབ་པ། སྐྱེས་སྟོབས་ཀྱི་དཔལ་འབར་བ་བཅས་ཀྱི་མར་ཁེ་སི་རིང་ལུགས་ཀྱི་སྲིད་སྐྱོང་ཏང་ཞིག་ཏུ་འཛུགས་སྐྱོང་བྱེད་དགོས།
(གཅིག) ཏང་གི་ཆབ་སྲིད་ལེགས་སྐྱོང་བྱེད་པ་འདི་ཨང་དང་པོར་འཇོག་དགོས། ལྟ་བ་གསལ་སྟོན་གྱིས་ཆབ་སྲིད་ལ་དང་དོད་བྱེད་པ་ནི་རང་རེའི་ཏང་འདི་ཉིད་མར་ཁེ་སི་རིང་ལུགས་ཀྱི་སྲིད་ཏང་ཞིག་ཡིན་པའི་ཆ་ནས་རྩ་བའི་བླང་བྱ་ཡིན། ཏང་གི་ཆབ་སྲིད་ལེགས་སྐྱོང་ནི་ཏང་གི་རྩ་བའི་རང་བཞིན་གྱི་ལེགས་སྐྱོང་ཡིན་ཞིང་། ཏང་ལེགས་སྐྱོང་གི་ཁ་ཕྱོགས་དང་ཕན་འབྲས་གང་ཡོང་ལ་ཐུག་པ་ཡིན། ཏང་ཡོངས་ཀྱིས་ཀྲུང་དབྱང་ལ་བརྩི་སྲུང་ཞུ་བའི་འགན་ལེན་བྱེད་པ་དང་། ཏང་ཀྲུང་དབྱང་གི་དབང་གྲགས་དང་གཅིག་སྡུད་གཅིག་གྱུར་དུ་འགོ་ཁྲིད་མཐའ་འཁྱོངས་བྱེད་པ་ནི་ཏང་གི་ཆབ་སྲིད་འཛུགས་སྐྱོང་གི་ལས་འགན་གཙོ་བོ་ཡིན། ཏང་ཡོངས་ཀྱིས་ཏང་གི་ཆབ་སྲིད་ལམ་ཕྱོགས་ལག་ལེན་བརྟན་པོར་བྱེད་དགོས་པ་དང་། ཆབ་སྲིད་ཀྱི་སྒྲིག་ལམ་དང་ཆབ་སྲིད་ཀྱི་སྲོལ་ལུགས་ནན་པོར་བསྲུང་དགོས་ཤིང་། ཆབ་སྲིད་ཀྱི་ལངས་ཕྱོགས་དང་། ཆབ་སྲིད་ཀྱི་ཁ་ཕྱོགས། ཆབ་སྲིད་ཀྱི་རྩ་དོན། ཆབ་སྲིད་ཀྱི་བགྲོད་ལམ་བཅས་ཀྱི་ཐད་ནས་ཏང་ཀྲུང་དབྱང་དང་ཚད་མཐོའི་གཅིག་གྱུར་བྱེད་དགོས། ཏང་གི་སྒྲིག་ཡིག་ལ་གོང་བཀུར་དགོས་པ་དང་། གནས་བབ་གསར་པའི་འོག་ཏང་ནང་ཁུལ་གྱི་ཆབ་སྲིད་འཚོ་བའི་ཚད་གཞི་འགའ་ཞིག་ལག་བསྟར་ནན་པོར་བྱས་ཏེ། ཏང་ནང་ཁུལ་གྱི་ཆབ་སྲིད་འཚོ་བའི་ཆབ་སྲིད་རང་བཞིན་དང་། དུས་རབས་རང་བཞིན། རྩ་དོན་རང་བཞིན། འཐབ་འཛིང་རང་བཞིན་བཅས་ཆེ་རུ་བཏང་ནས། ཚོང་ཟོག་བརྗེ་རེས་ཀྱི་རྩ་དོན་གྱིས་ཏང་ནང་ཁུལ་གྱི་འཚོ་བར་བསླད་སྐྱོན་ཐེབས་ཚུལ་རང་འགུལ་ངང་ནས་བཀག་འགོག་བྱས་ནས། སྲོལ་བཟང་སྤྱོད་བཟང་གི་ཆབ་སྲིད་སྐྱེ་ཁམས་བཟང་པོ་ཞིག་སྐྲུན་དགོས། དམངས་གཙོ་གཅིག་སྡུད་ལམ་ལུགས་ཀྱི་ལམ་ལུགས་ཁག་འཐུས་ཚང་དང་དོན་འཁྱོལ་བྱེད་པ་དང་། དམངས་གཙོ་གཞིར་བྱས་པའི་གཅིག་སྡུད་དང་གཅིག་སྡུད་དུ་སློབ་སྟོན་བྱེད་པའི་དམངས་གཙོ་ཟུང་འབྲེལ་མཐའ་འཁྱོངས་བྱས་ཏེ། དམངས་གཙོ་དར་སྤེལ་གང་ལེགས་གཏོང་དགོས་ལ། གཅིག་སྡུད་དང་གཅིག་གྱུར་ཀྱང་མཁས་པོར་བྱེད་དགོས། བློ་དཀར་ཟོལ་མེད་དང་། གཞུང་དྲང་ཚུལ་མཐུན། དངོས་ཐོག་བདེན་འཚོལ། སྲིད་བརྩོན་སྤྱོད་གཙང་སོགས་ཀྱི་རིན་ཐང་ལྟ་བ་དར་སྤེལ་གཏོང་དགོས་ཤིང་། རང་དོན་རིང་ལུགས་དང་། ཁ་ཐོར་རིང་ལུགས། རང་མོས་རིང་ལུགས། རང་གཅེས་རིང་ལུགས། མི་བཟང་རིང་ལུགས་བཅས་སྔོན་འགོག་དང་ངོ་རྒོལ་མཐའ་གཅིག་ཏུ་བྱེད་དགོས་པ་དང་། ཕྱོགས་རིས་རིང་ལུགས་དང་། ཤོག་ཁའི་རིག་གནས། གྲུ་ཁའི་རིག་གནས་བཅས་སྔོན་འགོག་དང་ངོ་རྒོལ་མཐའ་གཅིག་ཏུ་བྱེད་དགོས་པ་དང་། ཌ་རུ་མགོ་དང་མགོ་གཉིས་མར་ངོ་རྒོལ་མཐའ་གཅིག་ཏུ་བྱེད་དགོས། ཏང་ཡོངས་ཀྱི་བློ་མཐུན་དང་ལྷག་པར་དུ་མཐོ་རིམ་ལས་བྱེད་པས་ཏང་གཤིས་སྦྱོང་བརྡར་བྱེད་ཤུགས་ཆེ་རུ་བཏང་ནས། ཆབ་སྲིད་གོ་རྟོགས་དང་ཆབ་སྲིད་ནུས་པ་རྒྱུན་ཆད་མེད་པར་ཇེ་ཆེར་གཏོང་བ་དང་། ཏང་ལ་བློ་དཀར་ཞིང་། ཏང་གི་དཀའ་ངལ་སེལ་རོགས་དང་། ཏང་དོན་དུ་རང་འགན་གཙང་སྒྲུབ། དམངས་དོན་དུ་བདེ་སྐྱིད་སྐྲུན་པ་བཅས་ཆབ་སྲིད་ཀྱི་འགན་ཁུར་རྩ་བར་བརྩིས་ཏེ། གུང་ཁྲན་ཏང་མིའི་ཆབ་སྲིད་ཀྱི་རང་མདངས་ཉམས་མེད་བསྲུང་དགོས།
         (གཉིས) དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་བསམ་བློས་ཏང་ཡོངས་ལ་དྲག་ཆས་སྤྲོས་དགོས། བསམ་བློ་ལེགས་པར་སྐྱོང་བ་ནི་ཏང་གི་རྨང་གཞིའི་རང་བཞིན་གྱི་འཛུགས་སྐྱོང་ཡིན། གསར་བརྗེའི་ཕུགས་བསམ་དགུང་སྔོན་དབྱིངས་ལས་མཐོ། གུང་ཁྲན་རིང་ལུགས་ཀྱི་ཕུགས་བསམ་ཆེན་མོ་དང་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་ཐུན་མོང་ཕུགས་བསམ་ནི། ཀྲུང་གོའི་གུང་ཁྲན་ཏང་མིའི་བསམ་པའི་བརྟེན་གཞི་དང་ཆབ་སྲིད་ཀྱི་བླ་སྲོག་ཡིན་ལ། ཏང་གི་མཐུན་སྒྲིལ་གཅིག་གྱུར་རྒྱུན་འཁྱོངས་བྱེད་པའི་བསམ་བློའི་རྨང་གཞིའང་ཡིན། ཕུགས་བསམ་དང་དད་སེམས་བརྟན་པོར་འཆང་བ་དེ་ཏང་གི་བསམ་བློ་ལེགས་སྐྱོང་གི་ལས་འགན་གཙོ་བོར་བཟུང་སྟེ། ཏང་ཡོངས་ལ་ཏང་གི་དམིགས་ཡུལ་བློ་ལ་བརྟན་པོར་ངེས་རྒྱུའི་སློབ་གསོ་དང་སྣེ་ཁྲིད་བྱེད་པ་དང་། གུང་ཁྲན་ཏང་མིའི་བསམ་པའི་སྒལ་རུས་འདྲོང་བར་བྱས་ཐོག འཇིག་རྟེན་ལྟ་བ་དང་། མི་ཚེའི་ལྟ་བ། རིན་ཐང་ལྟ་བ་བཅས་ཀྱི“གཅུས་ཕུར་གཙོ་བོ”ལྟ་བུའི་གནད་དོན་ཐག་གཅོད་ལེགས་པར་བྱས་ནས། གུང་ཁྲན་རིང་ལུགས་ཀྱི་ཕུགས་བསམ་ཆེན་མོ་དང་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་ཐུན་མོང་ཕུགས་བསམ་གཡོ་མེད་ཀྱི་དད་མོས་མཁན་དང་བློ་དཀར་གྱི་ལག་བསྟར་མཁན་རང་རྟོགས་ངང་ནས་བྱེད་དགོས། མར་ཁེ་སི་རིང་ལུགས་ཀྱི་སློབ་སྲོལ་དར་སྤེལ་དང་། “སློབ་སྦྱོང་གཉིས་དང་ཚད་ལོན་གཅིག”སློབ་སྦྱོང་དང་སློབ་གསོ་རྒྱུན་རྣམ་ཅན་དང་ལམ་ལུགས་ཅན་དུ་འགྱུར་བར་བྱེད་པར། རྫོང་དང་ཁྲུའུ་རིམ་པ་ཡན་གྱི་འགོ་ཁྲིད་ལས་བྱེད་པ་གཙོ་བོར་བཟུང་སྟེ། ཏང་ཡོངས་སུ“ཐོག་མའི་བསམ་འདུན་མ་བརྗེད་པར། འགན་འཁྲི་ཡིད་ལ་བརྟན་པོར་འཆང་”ཞེས་པ་བརྗོད་གཞི་གཙོ་བོར་འཛིན་པའི་སློབ་གསོ་སྤེལ་ནས། ཏང་གི་རིགས་པའི་གཞུང་ལུགས་གསར་དུ་གཏོད་པར་བརྟེན་ནས་བསམ་བློར་དྲག་ཆས་སྤྲས་ཏེ། ཏང་ཡོངས་ཀྱིས་དུས་རབས་གསར་པར་ཏང་གི་ལོ་རྒྱུས་ཀྱི་ལས་འགན་མངོན་འགྱུར་ཡོང་བར་རང་རྟོགས་སྔར་ལས་ཆེ་བའི་ཐོག་ནས་འབད་བརྩོན་ལྷོད་མེད་བྱེད་དགོས།
         (གསུམ) བྱང་ཚད་མཐོ་ཞིང་ཆེད་ལས་ཅན་དུ་འགྱུར་བའི་ལས་བྱེད་པའི་དཔུང་ཁག་འཛུགས་སྐྱོང་བྱེད་དགོས། ཏང་གི་ལས་བྱེད་པ་ནི་ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་གི་རྐང་བྱེད་སྟོབས་ཤུགས་ཤིག་ཡིན། ཏང་གིས་ལས་བྱེད་པར་དོ་དམ་བྱེད་པའི་རྩ་དོན་མཐའ་འཁྱོངས་དང་། སྤྱོད་ཡོན་གཉིས་ལྡན་དང་སྤྱོད་ཚུལ་གཙོ་བོར་འཛིན་རྒྱུ་མཐའ་འཁྱོངས། ཕྱོགས་བཞི་མཚམས་བརྒྱད་ནས་ཡོང་བའི་སྤྱོད་ཡོན་གཉིས་ལྡན་གྱི་མི་དང་མཛངས་མི་ཁོ་ན་བསྐོ་གཞག་བྱ་རྒྱུ་མཐའ་འཁྱོངས། བྱ་གཞག་གོང་དུ་བཀུར་བ་དང་གཞུང་དྲང་ཚུལ་མཐུན་བྱ་རྒྱུ་མཐའ་འཁྱོངས་བཅས་བྱས་ཏེ་ལས་བྱེད་པ་བཟང་པོའི་ཚད་གཞི་དོན་ཐོག་ཏུ་འཁྱོལ་བར་བྱེད་དགོས། མི་སྣ་འདེམས་སྤྱོད་ཀྱི་ཁྲིད་ཕྱོགས་ཡང་དག་མཐའ་འཁྱོངས་བྱས་ནས། མི་སྣ་འདེམས་སྤྱོད་ཀྱི་དར་སྲོལ་ལེགས་སུ་གཏོང་བ་དང་། ཆབ་སྲིད་ཀྱི་ཚད་གཞི་འབུར་ཐོན་ཡོང་བར་བྱེད་པ། “འདུ་ཤེས་བཞི”དང་“གདེང་ཚོད་བཞི”བརྟན་པོར་འཆང་བ་དང་། ཏང་ཀྲུང་དབྱང་གི་དབང་གྲགས་སྲུང་སྐྱོང་མཐའ་གཅིག་ཏུ་བྱེད་པ། ཏང་གི་རིགས་པའི་གཞུང་ལུགས་དང་ལམ་ཕྱོགས། བྱེད་ཕྱོགས། སྲིད་ཇུས་བཅས་ཕྱོགས་ཡོངས་ནས་ལག་ལེན་མཐར་ཕྱིན་བསྟར་བ། ལྷག་བསམ་དཀར་ཞིང་སྤྱོད་པ་གཙང་བ། འགན་ཁུར་ཕོད་པ་བཅས་ཀྱི་ལས་བྱེད་པ་གནས་སྤོར་དང་གལ་གནད་ཆེ་སར་བསྐོ་གཞག་བྱེད་པ། འགོ་ཁྲིད་ཚན་པ་རིམ་པ་ཁག་ལེགས་འདེམས་ཧྲག་སྒྲིག་བྱེད་དགོས། ཆེད་ལས་ཀྱི་ནུས་པ་དང་ཆེད་ལས་ཀྱི་སྙིང་སྟོབས་སྐྱེད་སྲིང་བྱ་རྒྱུར་མཐོང་ཆེན་བྱས་ཏེ། དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་འཕེལ་རྒྱས་གཏོང་བའི་བླང་བྱ་དང་འཚམ་པར་བྱེད་པའི་ལས་བྱེད་པའི་དཔུང་ཁག་གི་ནུས་པ་ཆེ་རུ་གཏོང་དགོས། ན་གཞོན་ལས་བྱེད་པ་འཚོལ་བསྡུ་ཤུགས་ཆེན་བྱས་ནས་གཞི་རིམ་གྱི་ལས་ཡུལ་དངོས་དང་དཀའ་ངལ་དང་དཀའ་ཚེགས་ཆེ་ཁུལ་དུ་ན་གཞོན་ལས་བྱེད་པ་གསོ་སྐྱོང་དང་སྦྱོང་བརྡར་བྱ་རྒྱུར་མཐོང་ཆེན་བྱས་ཏེ། ལག་ལེན་ནང་ཉམས་སད་ཐེག་པའི་ཕུལ་བྱུང་ན་གཞོན་ལས་བྱེད་པ་རྒྱུན་ཆད་མེད་པར་འདེམས་སྤྱོད་བྱེད་དགོས། བུད་མེད་ལས་བྱེད་པ་དང་། གྲངས་ཉུང་མི་རིགས་ལས་བྱེད་པ། ཏང་ཕྱིའི་ལས་བྱེད་པ་བཅས་གསོ་སྐྱོང་དང་འདེམས་སྒྲུག་གི་ལས་དོན་གཅིག་གྱུར་འཆར་འགོད་ཀྱིས་ཡག་པོར་བསྒྲུབ་དགོས། ལས་བྲལ་དང་ལས་འཁྱུར་ངལ་གསོ་བརྒྱབ་པའི་ལས་བྱེད་པའི་ལས་དོན་ནན་ཏན་ངང་ཡག་པོར་བསྒྲུབ་དགོས། དོ་དམ་ནན་པོ་དང་ལྟ་སྐྱོང་ཟུང་འབྲེལ་དང་སྐུལ་ལྕག་དང་གཅུན་འདོམས་གལ་ཆེ་མཉམ་དུ་འཛིན་རྒྱུ་མཐའ་འཁྱོངས་བྱེད་པ་དང་། ལས་བྱེད་པར་དཔྱད་ཞིབ་གདེང་འཇོག་བྱེད་པའི་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་བ། སྐུལ་ལྕག་ལམ་སྲོལ་དང་ནོར་འཛོལ་རུང་ལ་ནོར་འཁྲུལ་ཡོ་བསྲང་གི་ལམ་སྲོལ་འཛུགས་པ་བཅས་བྱས་ནས་འགན་ཁུར་ཕོད་པ་དང་། ལས་དོན་ཏན་ཏིག་ངང་སྒྲུབ་པ། སྒེར་དོན་མི་གཉེར་བ་བཅས་ཀྱི་ལས་བྱེད་པ་རྣམས་ལ་ལྟ་བ་གསལ་སྟོན་གྱིས་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་ གཏོང་དགོས། ཏང་རྩ་འཛུགས་རིམ་པ་ཁག་གིས་གཞི་རིམ་གྱི་ལས་བྱེད་པར་སེམས་ཁུར་དང་གཅེས་སྐྱོང་བྱས་ཏེ་རང་འགུལ་ངང་ཁོང་ཚོའི་སེམས་ཁྲལ་དང་དཀའ་ངལ་སེལ་རོགས་བྱེད་དགོས།
         ཤེས་ལྡན་མི་སྣ་ནི་མི་རིགས་དར་རྒྱས་ཡོང་བར་བྱེད་པ་དང་རྒྱལ་སྤྱིའི་འགྲན་རྩོད་དུ་རང་འགུལ་དབང་ཆ་ཐོབ་པར་བྱེད་པའི་འཐབ་ཇུས་ཀྱི་འབྱུང་གཞི་ཡིན་པས། ཏང་གིས་ཤེས་ལྡན་མི་སྣར་དོ་དམ་བྱེད་པའི་རྩ་དོན་མཐའ་འཁྱོངས་བྱས་ཏེ་གནམ་འོག་གི་ཤེས་ཡོན་རྨད་བྱུང་ཅན་བསྡུས་ནས་སྤྱོད་པ་དང་། ཤེས་ལྡན་མི་སྣར་བརྟེན་པའི་རྒྱལ་ཁབ་སྟོབས་ཆེན་འཛུགས་སྐྲུན་གང་མགྱོ གས་བྱེད་དགོས། ཤེས་ལྡན་མི་སྣའི་སྲིད་ཇུས་དགེ་མཚན་སྔར་ལས་ཆེ་བ་དང་། སྒོ་མོ་ཇེ་ཆེར་ཕྱེ་བ། ཕན་ནུས་སྔར་ལས་ཆེ་བ་བཅས་ལག་ལེན་བསྟར་ནས། ཤེས་ལྡན་པ་རྟོགས་པའི་བློ་རིག་དང་། ཤེས་ལྡན་པར་གཅེས་པའི་གཞུང་སེམས་དྲང་པོ། ཤེས་ལྡན་པ་སྤྱོད་པའི་བློ་ཁོག ཤེས་ལྡན་པ་དང་འདྲིས་པའི་བློ་རྒྱ། ཤེས་ལྡན་པ་འདུ་བའི་ཐབས་མཆོག་བཅས་ལ་བརྟེན་ནས་ཏང་ཕྱི་ནང་དང་རྒྱལ་ཁབ་ཕྱི་ནང་གི་ཕྱོགས་གང་ཅིའི་ཤེས་ལྡན་པ་ཕུལ་བྱུང་ཏང་དང་མི་དམངས་ཀྱི་འཐབ་རྩོད་རླབས་པོ་ཆེའི་ནང་འདུ་བར་བྱེད་པ་དང་། ཤེས་ལྡན་མི་སྣ་བས་མཐའི་དབུལ་ཕོངས་ས་ཁུལ་དང་། མཐའ་མཚམས་ཀྱི་མི་རིགས་ས་ཁུལ། གསར་བརྗེའི་གནས་ཁུལ་རྙིང་པ། གཞི་རིམ་གྱི་འཐབ་ཕྱོགས་དང་པོ་བཅས་སུ་སྐྱོད་པར་སྐུལ་ལྕག་དང་ཁྲིད་སྟོན་བྱས་ནས། མི་ཚང་མ་འཇོན་ཐང་ཅན་དུ་འགྱུར་འདོད་ཡོད་པ་དང་། མི་ཚང་མས་འཇོན་ཐང་ཅན་དུ་འགྱུར་བར་འབད་པ། མི་ཚང་མ་འཇོན་ཐང་ཅན་དུ་འགྱུར་ཐུབ་པ། མི་ཚང་མས་འཇོན་ཐང་ངོམ་ཐུབ་པ་བཅས་ཀྱི་རྣམ་པ་བཟང་པོ་ཞིག་ཆགས་པར་བྱས་ཐོག ལས་རིགས་ཁག་གི་ཤེས་ལྡན་མི་སྣའི་གསར་སྐྲུན་གྱི་གསོན་ཤུགས་གཅིག་རྗེས་གཉིས་མཐུད་དུ་འདོན་པ་དང་། སྤྱང་གྲུང་དང་བློ་རིག་ཡོད་ཚད་འདོན་དུ་འཇུག་དགོས།
          (བཞི) གཞི་རིམ་གྱི་རྩ་འཛུགས་འཛུགས་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་དགོས། ཏང་གི་གཞི་རིམ་རྩ་འཛུགས་ནི་ཏང་གི་ལམ་ཕྱོགས་དང་། བྱེད་ཕྱོགས། སྲིད་ཇུས་དང་། ཐབས་ཇུས་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་འགན་ལེན་ཏན་ཏིག་བྱེད་པའི་རྨང་གཞི་ཡིན་པས། རྩ་འཛུགས་བྱེད་ཤུགས་ཆེ་རུ་གཏོང་རྒྱུ་གཙོ་གནད་དུ་བཟུང་ནས་ཆབ་སྲིད་ཀྱི་ཕན་ནུས་མངོན་གསལ་དོད་པོ་ཡོང་བར་བྱེད་པ་དང་། ཁེ་ལས་དང་། གྲོང་གསེབ། ལས་ཁུངས། སློབ་གྲྭ ཚན་རིག་ཞིབ་འཇུག་ཁང་། ཁྲོམ་གཞུང་གི་སྡེ་ཁུལ། སྤྱི་ཚོགས་ཀྱི་རྩ་འཛུགས་སོགས་པའི་གཞི་རིམ་གྱི་ཏང་རྩ་འཛུགས་དེ་དག་ཏང་གི་འདོད་ཚུལ་དྲིལ་སྒྲོག་དང་། ཏང་གི་གྲོས་ཆོད་ལག་བསྟར། གཞི་རིམ་བཅོས་སྐྱོང་གི་འགོ་ཁྲིད། མང་ཚོགས་ལ་མཐུན་སྒྲིལ་དང་སྐུལ་སློང་། སྒྱུར་བཅོས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་བཅས་ཀྱི་འཐབ་འཛིང་གི་བཙན་རྫོང་ཞིག་ཏུ་སྐྲུན་དགོས། ཏང་ཀྲི་པུའུ་ཡིས་ཏང་ཡོན་ལ་སློབ་གསོ་རྒྱག་པ་དང་། ཏང་ཡོན་ལ་དོ་དམ། ཏང་ཡོན་ལ་ལྟ་སྐུལ། དེ་བཞིན་མང་ཚོགས་སྒྲིག་འཛུགས་དང་། མང་ཚོགས་ལ་དྲིལ་སྒྲོག མང་ཚོགས་གོང་བུར་བསྒྲིལ་བ། མང་ཚོགས་ལ་ཞབས་འདེགས་ཞུ་བ་བཅས་ཀྱི་ཐད་ཀའི་འགན་འཁྲི་ཡག་པོར་ཁུར་ནས། རྒྱ་ཆེའི་ཏང་ཡོན་རྣམས་ལ་གདོང་ལེན་དཔེ་བཟང་གི་ནུས་པ་འདོན་སྤེལ་བྱ་རྒྱུའི་ཁྲིད་སྟོན་བྱེད་དགོས། “ཚོགས་འདུ་གསུམ་དང་སློབ་ཚན་གཅིག”གི་ལམ་ལུགས་མཐའ་འཁྱོངས་བྱས་ཏེ་ཏང་གི་གཞི་རིམ་རྩ་འཛུགས་སྒྲིག་བཀོད་དང་བྱེད་སྒོ་སྤེལ་སྟངས་གསར་གཏོད་ལ་སྐུལ་འདེད་གཏོང་བ་དང་། གཞི་རིམ་ཏང་རྩ་འཛུགས་ཀྱི་སྣེ་ཁྲིད་པའི་དཔུང་ཁག་འཛུགས་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་བ། གཞི་རིམ་ཏང་རྩ་འཛུགས་ཀྱི་ཁྱབ་རྒྱ་ཆེ་རུ་གཏོང་བ་བཅས་བྱས་ཏེ། གཞི་རིམ་ཏང་རྩ་འཛུགས་ཁ་ཤས་ཞན་འགྱུར་དང་དོན་སྟོང་། མཐར་ལུས་བཅས་ཀྱི་གནད་དོན་ཐག་གཅོད་གང་ཐུབ་བྱེད་དགོས། ཏང་ནང་ཁུལ་གྱི་གཞི་རིམ་དམངས་གཙོ་རྒྱ་ཆེར་གཏོང་བ་དང་། ཏང་དོན་ཡོངས་བསྒྲགས་ལ་སྐུལ་འདེད་བཏང་སྟེ་ཏང་ཡོན་ཏང་ནང་ཁུལ་གྱི་ལས་དོན་ལ་ཞུགས་པ་དང་། ཏང་རྩ་འཛུགས་དང་ལས་བྱེད་པར་ལྟ་སྐུལ་བྱེད་པ། གོང་རིམ་ཏང་རྩ་འཛུགས་ལ་བསམ་འཆར་དང་གྲོས་འགོ་འདོན་པ་བཅས་ཀྱི་ཐབས་ལམ་ཤར་བགྲོད་ཡོང་བར་བྱེད་དགོས། ཐོན་ལས་བཟོ་པ་དང་། ཞིང་པ་ན་གཞོན། ཤེས་ཡོན་ཆེ་བ་བཅས་ཀྱི་ཚོགས་སྤྱིའི་ཁྲོད་དང་། སྤྱི་དབང་མིན་པའི་ལམ་ལུགས་ཀྱི་དཔལ་འབྱོར་རྩ་འཛུགས་དང་། སྤྱི་ཚོགས་ཀྱི་རྩ་འཛུགས་ཁྲོད་ཏང་ཡོན་འཕེལ་རྒྱས་གཏོང་བར་མཐོང་ཆེན་བྱེད་དགོས། ཏང་ནང་ཁུལ་དུ་སྐུལ་ལྕག་དང་། སེམས་ཁུར། རོགས་སྐྱོར་བཅས་བྱེད་ཤུགས་ཆེ་རུ་གཏོང་དགོས། ཏང་ཡོན་ལ་སློབ་གསོ་དང་དོ་དམ་བྱེད་པའི་དམིགས་བྱ་ལྡན་པ་དང་ཕན་ནུས་ལྡན་ཤུགས་ཇེ་ཆེར་གཏོང་བ་དང་། ཚད་མ་ལོན་པའི་ཏང་ཡོན་ལ་རྩ་འཛུགས་ཀྱིས་ཐག་གཅོད་བྱེད་པའི་ལས་དོན་བརྟན་པོ་དང་གོ་རིམ་ལྡན་པའི་ངང་ནས་སྤེལ་དགོས།
         (ལྔ) སྤྱོད་བཟང་སྒྲིག་ནན་རྒྱུན་འཁྱོངས་ལྷོད་མེད་བྱེད་དགོས། རང་རེའི་ཏང་ནི་མི་དམངས་ཁྲོད་ནས་བྱུང་བ་དང་། མི་དམངས་ཁྲོད་དུ་རྩ་བ་ཚུགས་པ། མི་དམངས་ལ་ཞབས་འདེགས་ཞུ་བ་བཅས་ཡིན་པས། མང་ཚོགས་དང་ཁ་བྲལ་ཕྱིན་གསོན་ཤུགས་བརླག་ངེས་རེད། ཀུན་སྤྱོད་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པར་ངེས་པར་དུ་ཏང་དང་མི་དམངས་མང་ཚོགས་དབར་གྱི་ཤ་རུས་ལྟ་བུའི་འབྲེལ་བ་རྒྱུན་འཁྱོངས་བྱ་རྒྱུར་རྩེ་གཅིག་ཏུ་དམིགས་ཏེ། མང་ཚོགས་ཀྱི་ལྟ་བ་དང་མང་ཚོགས་ཀྱི་བརྩེ་སེམས་ཟབ་ཏུ་བཏང་ནས་ཏང་གིས་སྲིད་སྐྱོང་བའི་མང་ཚོགས་ཀྱི་རྨང་གཞི་རྒྱུན་མི་ཆད་པར་ཟབ་ཏུ་གཏོང་དགོས། མང་ཚོགས་ཀྱིས་བསམ་འཆར་ཆེན་པོ་འདོན་པའི་གནད་དོན་ཡིན་ཕྱིན་སྒམ་ནན་ངང་ནས་བསྒྲུབ་དགོས་པ་དང་། མང་ཚོགས་ཀྱི་ཁེ་ཕན་ལ་གནོད་པའི་བྱ་སྤྱོད་ཡིན་ཕྱིན་ཡོ་བསྲང་མཐའ་གཅིག་ཏུ་བྱེད་དགོས། གོང་གིས་འོག་ལ་སྣེ་ཁྲིད་རྒྱུ་མཐའ་འཁྱོངས་བྱས་ཏེ་ཀྲུང་དབྱང་གི་གཏན་འབེབས་བརྒྱད་ཀྱི་དགོངས་དོན་གྱི་གྲུབ་འབྲས་སྲ་བརྟན་དང་། རྒྱ་སྐྱེད། དོན་འཁྱོལ་བཅས་བྱེད་པ་དང་། “སྤྱོད་ཚུལ་བཞི”ཡི་གནད་དོན་མུ་མཐུད་དུ་བཅོས་སྒྲིག་བྱས་ཏེ། ཁྱད་དབང་གི་བསམ་བློ་དང་ཁྱད་དབང་གི་སྣང་ཚུལ་ལ་ངོ་རྒོལ་མཐའ་གཅིག་ཏུ་བྱེད་དགོས། ཆབ་སྲིད་ཀྱི་སྒྲིག་ཁྲིམས་དང་རྩ་འཛུགས་ཀྱི་སྒྲིག་ཁྲིམས་གཙོ་གནད་ཐོག་ནན་དུ་བཏང་སྟེ་སྤྱོད་གཙང་གི་སྒྲིག་ཁྲིམས་དང་། མང་ཚོགས་ཀྱི་སྒྲིག་ཁྲིམས། ལས་ཀའི་སྒྲིག་ཁྲིམས། འཚོ་བའི་སྒྲིག་ཁྲིམས་བཅས་དམ་ནན་ཡོང་བའི་སྣེ་འཁྲིད་དགོས། སྐྱོན་བརྗོད་དང་རང་སྐྱོན་རང་བརྗོད་མཐའ་འཁྱོངས་དང་། སྔ་བསླབ་ཕྱི་འདོམས་དང་ནད་བཅོས་སྲོག་སྐྱོབ་མཐའ་འཁྱོངས། སྒྲིག་བསྟར་ལ་ལྟ་སྐུལ“རྣམ་པ་བཞི”ལ་བརྟེན་ཏེ་ཆུང་ངུ་དང་སྔ་ཙམ་ནས་དམ་འཛིན་དང་། མ་བྱུང་གོང་ནས་སྔོན་འགོག་བྱེད་དགོས། ལས་བྱེད་པར་དོ་དམ་བྱེད་དབང་ཡོད་པའི་ཏང་རྩ་འཛུགས་ལ་དེ་མཚུངས་སུ་སྒྲིག་ཁྲིམས་ཀྱི་ཆད་པ་གཅོད་དབང་སྤྲད་དེ་ལྟ་སྐུལ་སྒྲིག་སྲུང་གི་འགན་འཁྲི་རྩད་གཅོད་བྱེད་ཤུགས་ཆེ་རུ་གཏོང་དགོས། སྒྲིག་ཁྲིམས་ཀྱི་སློབ་གསོ་རྒྱག་ཤུགས་ཆེ་རུ་གཏོང་བ་དང་། སྒྲིག་ཁྲིམས་ལག་བསྟར་བྱེད་ཤུགས་ཆེ་རུ་བཏང་ནས་ཏང་ཡོན་དང་། ལས་བྱེད་པ་རྣམས་ལ་འཇིགས་བཀུར་ཤེས་པ་དང་། དོགས་ཟོན་ལྡན་པ། གཞི་ཐིག་བརྟན་སྲུང་བཅས་བྱེད་དུ་འཇུག་པ་དང་། ལྟ་སྐུལ་དང་གཅུན་འདོམས་ཀྱི་ཁོར་ཡུག་ཁྲོད་ལས་ཀ་བྱེད་པ་དང་འཚོ་བ་སྐྱེལ་བར་གོམས་སུ་འཇུག་དགོས།
         (དྲུག) རུལ་སུངས་ལ་རྒོལ་བའི་འཐབ་རྩོད་ལ་ཟིལ་གྱིས་ནོན་པའི་རྒྱལ་ཁ་ལེན་དགོས། མི་དམངས་མང་ཚོགས་ཀྱིས་རུལ་སུངས་ཀྱི་སྣང་ཚུལ་ལ་ཞེ་སྡང་ཆེ་ཤོས་བྱེད་པ་ཡིན་ཞིང་། རུལ་སུངས་ནི་རང་རེའི་ཏང་ལ་འཕྲད་པའི་འགྲན་སློང་ཆེ་ཤོས་དེ་ཡིན། རུལ་སུངས་ལ་རྒོལ་བ་ནམ་ཡང་སྒྲུབ་བཞིན་པའི་ལམ་ཁར་ཡོད་པའི་བློ་རྩ་བརྟན་པོ་དང་སྙིང་རུས་ཆེན་པོས། རྩ་ལག་མཉམ་བཅོས་ཟབ་ཏུ་སྤེལ་ནས། ལས་བྱེད་པ་སྤྱོད་གཙང་དང་། སྲིད་གཞུང་གཙང་སྐྱོང་། ཆབ་སྲིད་དྭངས་གཙང་བཅས་ཀྱི་འགན་ལེན་བྱས་ཚེ། ད་གཟོད་ལོ་རྒྱུས་ཀྱི་རེས་འཁོར་དུས་ཡུན་གྱི་ཚད་ལས་ཐོན་ཏེ། ཏང་དང་རྒྱལ་ཁབ་ཡུན་རིང་བདེ་བར་འགོད་པའི་འགན་ལེན་བྱེད་ཐུབ། དེང་སྐབས། རུལ་སུངས་ལ་རྒོལ་བའི་འཐབ་རྩོད་ཀྱི་གནས་བབ་སྔར་བཞིན་ཛ་དྲག་དང་རྙོག་འཛིང་ཆེ་བས། ཟིལ་གྱིས་མནན་ཚུལ་སྲ་བརྟན་དང་། ཟིལ་གནོན་ངང་ཚུལ་གྱི་རྒྱལ་ཁ་བརྩོན་ལེན་བྱེད་པའི་ཆོད་སེམས་ངེས་པར་དུ་གཡོ་མེད་བརྟན་པོར་ལྡན་དགོས། བཀག་སྡོམ་ཁུལ་མེད་པ་དང་། ཀུན་ལ་ཁྱབ་པ། བཟོད་སྒོམ་གཏན་ནས་མེད་པ་བཅས་མཐའ་འཁྱོངས་བྱེད་པ་དང་། བཀག་སྡོམ་གལ་ཆེན་དང་། མཐོ་གནོན་དྲག་པོ། ཡུན་རིང་ཟིལ་ཤུགས་བཅས་མཐའ་འཁྱོངས། ལྐོག་རྔན་ལེན་མཁན་དང་སྤྲོད་མཁན་མཉམ་དུ་རྩད་གཅོད་མཐའ་འཁྱོངས་བཅས་བྱས་ནས། ཏང་ནང་དུ་ཁེ་ཕན་གྱི་ཚོགས་ཁག་ཆགས་ཚུལ་བཀག་འགོག་མཐའ་གཅིག་ཏུ་བྱེད་དགོས། གྲོང་ཁྱེར་དང་རྫོང་གི་ཏང་ཨུད་དུ་སྐོར་དཔྱོད་ལམ་ལུགས་བཙུགས་ཏེ། མང་ཚོགས་ཀྱི་ཉེ་འཁོར་དུ་བྱུང་བའི་རུལ་སུངས་ཀྱི་སྣང་ཚུལ་བཅོས་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་དགོས། རུལ་སུངས་པ་ཡུལ་གང་དུ་བྲོས་ཀྱང་ཚང་མ་བཟུང་སྟེ་ཁྲིམས་ལ་སྦྱོར་དགོས་པ་དང་། ཁྲིམས་ཀྱིས་གཅུན་དགོས། རུལ་སུངས་ལ་རྒོལ་བའི་རྒྱལ་ཁབ་ཀྱི་ཁྲིམས་འཛུགས་པར་སྐུལ་འདེད་གཏོང་བ་དང་། སྒྲིག་ཁྲིམས་ཞིབ་བཤེར་ལྟ་ཞིབ་མ་ལག་ཏུ་ཁེབས་པའི་ཉེས་འདོན་ཐེར་འདོན་ལས་སྟེགས་སྐྲུན་དགོས། རུལ་སུངས་མི་ཕོད་པའི་ཟིལ་ཤུགས་ཆེ་རུ་གཏོང་བ་དང་། རུལ་སུངས་མི་རུང་བའི་གཟེབ་མ་དམ་དུ་གཏོང་བ། རུལ་སུངས་མི་འདོད་པའི་རང་རྟོགས་ཇེ་ཆེར་གཏོང་བ་བཅས་བྱས་ནས། འབད་པ་ལྷོད་མེད་ཐོག་ནས་དུས་བདེ་ཞོད་འཇགས་དང་། གནམ་ས་གཡའ་དག་རྡུལ་དག་ཡོང་བར་བྱེད་དགོས།
        (བདུན) ཏང་དང་རྒྱལ་ཁབ་ཀྱི་ལྟ་སྐུལ་མ་ལག་ཆ་ཚང་དུ་གཏོང་དགོས། ཏང་གི་རང་ངོས་གཙང་སྐྱོང་ནུས་པ་ཆེ་རུ་གཏོང་བའི་རྩ་བ་དེ་ཏང་གིས་རང་ཉིད་ལ་ལྟ་སྐུལ་དང་མང་ཚོགས་ཀྱིས་ལྟ་སྐུལ་བྱེད་ཤུགས་ཆེ་རུ་གཏོང་བར་བརྟེན་དགོས། དབང་ཆ་སྤྱོད་པར་ཚོད་འཛིན་དང་ལྟ་སྐུལ་བྱེད་ཤུགས་ཆེ་རུ་བཏང་སྟེ། མི་དམངས་ལ་དབང་ཆར་ལྟ་སྐུལ་བྱེད་དུ་འཇུག་པ་དང་། ཀུན་གྱིས་མཐོང་གསལ་དུ་དབང་ཆ་སྤྱོད་དུ་བཅུག་སྟེ། དབང་ཆ་ལམ་ལུགས་ཀྱི་གཟེབ་ཏུ་འཇུག་དགོས། གོང་ནས་འོག་ཏུ་རྩ་འཛུགས་ཀྱི་ལྟ་སྐུལ་བྱེད་ཤུགས་ཆེ་རུ་གཏོང་བ་དང་། འོག་ནས་གོང་དུ་དམངས་གཙོའི་ལྟ་སྐུལ་ལེགས་བཅོས་བྱེད་པ། རིམ་མཉམ་ལྟ་སྐུལ་བྱེད་རེས་ཀྱི་ནུས་པ་འདོན་སྤེལ་བྱེད་པ། ཏང་ཡོན་འགོ་ཁྲིད་ལས་བྱེད་པར་དུས་རྒྱུན་དུ་དོ་དམ་ལྟ་སྐུལ་བྱེད་ཤུགས་ཆེ་རུ་གཏོང་བ་བཅས་བྱེད་དགོས། ཆབ་སྲིད་ཀྱི་སྐོར་གཟིགས་ཟབ་སྤེལ་དང་། གནད་དོན་གསར་རྙེད་དང་། ཟིལ་ཤུགས་ཆགས་པར་གཡོ་འགུལ་མི་གཏོང་བ་མཐའ་འཁྱོངས་བྱས་ཏེ། སྐོར་གཟིགས་སྐོར་དཔྱོད་གོང་འོག་མཉམ་འགུལ་གྱི་ལྟ་སྐུལ་དྲ་སྦྲེལ་འཛུགས་དགོས། རྒྱལ་ཁབ་ཀྱི་ལྟ་ཞིབ་ལམ་ལུགས་སྒྱུར་བཅོས་ཟབ་ཏུ་སྤེལ་བ་དང་། ཚོད་ལྟའི་ལས་དོན་རྒྱལ་ཡོངས་སུ་སྤེལ་དགོས། རྒྱལ་ཁབ་དང་། ཞིང་ཆེན། གྲོང་ཁྱེར། རྫོང་བཅས་ཀྱི་ལྟ་ཞིབ་ཨུ་ཡོན་ལྷན་ཁང་བཙུགས་ནས། ཏང་གི་སྒྲིག་ཁྲིམས་ཞིབ་བཤེར་ལས་ཁུངས་དང་མཉམ་དུ་གཞུང་དོན་བསྒྲུབས་ཏེ། སྤྱི་པའི་དབང་ཆ་སྤྱོད་པའི་གཞུང་དོན་སྒྲུབ་མཁན་ཡོངས་ལ་ལྟ་ཞིབ་ཡོངས་སུ་ཁྱབ་པར་བྱེད་དགོས། རྒྱལ་ཁབ་ཀྱི་ལྟ་ཞིབ་བཅའ་ཁྲིམས་གཏན་ལ་ཕབ་སྟེ། ལྟ་ཞིབ་ཨུ་ཡོན་ལྷན་ཁང་ལ་བཅའ་ཁྲིམས་ལྟར་འགན་དབང་གི་མཚམས་ཚད་དང་བརྟག་དཔྱད་བྱེད་ཐབས་ཁྲིམས་མཐུན་ལྟར་སྤྲད་དེ། ཉར་འཇོག་གིས“གཏན་འཁེལ་གཉིས”བྱེད་ཐབས་ཀྱི་ཚབ་བྱེད་དགོས། རྩིས་བཤེར་དོ་དམ་གྱི་སྒྲིག་སྲོལ་སྒྱུར་བཅོས་བྱས་ཏེ། བསྡོམས་རྩིས་ཀྱི་སྒྲིག་སྲོལ་འཐུས་སྒོ་ཚང་དུ་གཏོང་དགོས། ཏང་གིས་གཅིག་གྱུར་བཀོད་འདོམས་དང་། ཡོངས་སུ་ཁྱབ་པ། ཟིལ་ལྡན་ཆོད་ཆེའི་ལྟ་སྐུལ་མ་ལག་འཛུགས་སྐྱོང་བྱས་ནས། ཏང་ནང་གི་ལྟ་སྐུལ་དེ་རྒྱལ་ཁབ་ལས་ཁུངས་ཀྱི་ལྟ་སྐུལ་དང་། དམངས་གཙོའི་ལྟ་སྐུལ། ཁྲིམས་འཛིན་གྱི་ལྟ་སྐུལ། མང་ཚོགས་ཀྱི་ལྟ་སྐུལ། གླེང་ཕྱོགས་ཀྱི་ལྟ་སྐུལ་བཅས་དང་སྟར་ལ་བརྒྱུས་ནས་ལྟ་སྐུལ་གྱི་འགྲིལ་ཤུགས་ཇེ་ཆེར་གཏོང་དགོས།
         (བརྒྱད) སྲིད་སྐྱོང་གི་འཇོན་ཐང་ཕྱོགས་ཡོངས་ནས་ཇེ་ཆེར་གཏོང་དགོས། མི་འབོར་དུང་ཕྱུར་བཅུ་གསུམ་ལྷག་ཙམ་གྱི་སྤྱི་ཚོགས་རིང་ལུགས་ཀྱི་རྒྱལ་ཁབ་ཆེན་མོར་འགོ་ཁྲིད་བྱེད་པར། རང་རེའི་ཏང་འདི་ཆབ་སྲིད་ཐད་ཉམས་སད་ཐེག་ཐུབ་པ་དགོས་ལ་འཇོན་ཐང་ཡང་ཧ་ཅང་ཆེན་པོ་ལྡན་དགོས། སློབ་སྦྱོང་གི་འཇོན་ཐང་ཇེ་ཆེར་བཏང་ནས། ཏང་ཡོངས་སུ་སློབ་སྦྱོང་བྱེད་མཁས་པོ་དང་། ལག་ལེན་ཕོད་པའི་ཁོར་ཡུག་ལེགས་པོ་སྐྲུན་དགོས་ཤིང་། མར་ཁེ་སི་རིང་ལུགས་ཀྱི་སློབ་སྦྱོང་ཅན་གྱི་སྲིད་ཏང་འཛུགས་སྐྱོང་དང་། སློབ་སྦྱོང་ཅན་གྱི་རྒྱལ་ཁབ་ཆེན་པོ་འཛུགས་སྐྱོང་བྱེད་པར་སྐུལ་འདེད་གཏོང་དགོས། ཆབ་སྲིད་ཀྱི་འགོ་ཁྲིད་འཇོན་ཐང་ཇེ་ཆེར་བཏང་ནས། འཐབ་ཇུས་ཀྱི་བསམ་གཞིགས་དང་། གསར་གཏོད་ཀྱི་བསམ་གཞིགས། རྩོད་སྒྲུབ་ཀྱི་བསམ་གཞིགས། ཁྲིམས་སྐྱོང་གི་བསམ་གཞིགས། གཞི་ཐིག་གི་བསམ་གཞིགས་བཅས་མཐའ་འཁྱོངས་བྱེད་དགོས་པ་དང་། ཏང་གི་ལམ་ཕྱོགས་དང་བྱེད་ཕྱོགས་དང་སྲིད་ཇུས་བཅས་ཚན་རིག་དང་མཐུན་པར་གཏན་འབེབས་དང་བློ་ཐག་རྦད་ཆོད་ཀྱིས་ལག་ལེན་དུ་བསྟར་ནས། ཏང་གིས་ཁྱོན་ཡོངས་ཀྱི་གནས་ཚུལ་འཛིན་སྐྱོང་དང་། ཕྱོགས་གང་ཅི་མཐུན་སྦྱོར་ངང་ནས་དོན་ཐོག་ཏུ་འཁྱོལ་བར་བྱེད་དགོས། སྒྱུར་བཅོས་དང་གསར་གཏོད་ཀྱི་འཇོན་ཐང་ཇེ་ཆེར་བཏང་ནས། བློ་རྩ་བརྟན་པོས་ཡར་རྒྱས་བརྩོན་ལེན་བྱེད་པའི་བསམ་པའི་འཁྱེར་སོ་རྒྱུན་འཁྱོངས་བྱེད་དགོས་པ་དང་། དོན་དངོས་དང་ཟུང་འབྲེལ་བྱས་ནས་གསར་གཏོད་རང་བཞིན་གྱི་ལས་དོན་སྐུལ་འདེད་གཏོང་མཁས་པོ། འཕྲིན་འབྲེལ་དྲ་སྦྲེལ་ལག་རྩལ་དང་ཆ་འཕྲིན་ཅན་གྱི་ཐབས་ལ་བརྟེན་ནས་ལས་དོན་སྒྲུབ་མཁས་པོ་བཅས་བྱེད་དགོས། ཚན་རིག་དང་མཐུན་པར་འཕེལ་རྒྱས་གཏོང་བའི་འཇོན་ཐང་ཇེ་ཆེར་གཏོང་བ་དང་། འཕེལ་རྒྱས་ཀྱི་བསམ་གཞི་གསར་པ་དོན་འཁྱོལ་མཁས་པོར་བྱས་ནས་འཕེལ་རྒྱས་ཀྱི་རྣམ་པ་གསར་པ་རྒྱུན་ཆད་མེད་པར་གཏོད་དགོས། ཁྲིམས་མཐུན་ལྟར་སྲིད་སྐྱོང་བའི་འཇོན་ཐང་ཇེ་ཆེར་བཏང་ནས། ཏང་གི་འགོ་ཁྲིད་དང་ཏང་འཛུགས་སྐྱོང་བྱེད་པའི་ཕྱོགས་གང་ཅིར་ཁེབས་པའི་ཏང་ནང་གི་ཁྲིམས་སྲོལ་དང་ལམ་ལུགས་ཀྱི་མ་ལག་གང་མགྱོགས་ཆགས་པར་བྱེད་པ་དང་། རྒྱལ་ཁབ་ཀྱི་སྲིད་དབང་ལས་ཁུངས་ལ་འགོ་ཁྲིད་བྱེད་ཤུགས་ཇེ་ཆེར་གཏོང་བ་དང་ལེགས་བཅོས་བྱེད་དགོས། མང་ཚོགས་ཀྱི་ལས་དོན་སྒྲུབ་པའི་འཇོན་ཐང་ཇེ་ཆེར་བཏང་ནས། མང་ཚོགས་ཀྱི་ལས་དོན་སྒྲུབ་པའི་སྒྲིག་སྲོལ་ལམ་སྲོལ་དང་བྱེད་སྟངས་བྱེད་ཐབས་གསར་དུ་གཏོད་པ་དང་། བཟོ་ཚོགས་དང་གུང་གཞོན་ཚོགས་པ། བུད་མེད་མཉམ་འབྲེལ་ལྷན་ཚོགས་སོགས་ཚོགས་པའི་རྩ་འཛུགས་ཀྱི་ཆབ་སྲིད་རང་བཞིན་དང་། སྔོན་ཐོན་རང་བཞིན། མང་ཚོགས་རང་བཞིན་བཅས་ཇེ་མཐོར་གཏོང་བར་སྐུལ་འདེད་གཏོང་བ་དང་། མང་ཚོགས་དང་འབྲེལ་གཏུག་བྱེད་པའི་ཟམ་པ་དང་སྦྲེལ་ཐག་ལྟ་བུའི་ནུས་པ་འདོན་སྤེལ་བྱེད་དགོས་ཤིང་། རྒྱ་ཆེའི་མི་དམངས་མང་ཚོགས་རྣམས་བློ་བརྟན་འགྱུར་མེད་ཀྱི་སྒོ་ནས་ཏང་གི་རྗེས་སུ་འབྲང་བའི་སྒྲིག་འཛུགས་བྱེད་པ་དང་སྐུལ་མ་གཏོང་དགོས། དོན་འཁྱོལ་དམ་འཛིན་གྱི་འཇོན་ཐང་ཇེ་ཆེར་བཏང་ནས། སྐད་ཆ་དྲང་པོར་ཤོད་པ་དང་། བྱ་བ་དངོས་སྒྲུབ་པ། སྒྲུབ་ཐབས་གནད་འཁེལ་སྤྱོད་པ། ཕན་འབྲས་ངོ་མ་ཐོན་ཐབས་བཅས་མཐའ་འཁྱོངས་བྱེད་པ་དང་། ཐོག་ལྟར་དྲག་ལ་གློག་ལྟར་མྱུར་བ་དང་། སྙིང་རུས་གཏན་འཁྱོངས་ཟུང་འབྲེལ་དམ་པོར་བྱས་ཏེ། དཀའ་གནད་འགག་སྒྲོལ་ཕོད་པ་དང་། ལྕགས་གཟེར་འདེབས་པ་ལྟ་བུའི་སྙིང་སྟོབས་བཅངས་ཏེ་ལས་དོན་ཁག་དངོས་གཉེར་ཞིབ་གཉེར་ལེགས་གཉེར་བཅས་བྱེད་དགོས། ཉེན་ཁའི་ཁ་ལོ་སྒྱུར་བའི་འཇོན་ཐང་ཇེ་ཆེར་བཏང་ནས། ཕྱོགས་གང་ཅིའི་ཐད་ཀྱི་ཉེན་ཁ་སྔོན་འགོག་ཚོད་འཛིན་གྱི་ལམ་སྲོལ་ཆ་ཚང་དུ་གཏོང་དགོས་པ་དང་། རྙོག་འཛིང་ཆེ་བའི་འགལ་བ་སྣ་ཚོགས་ཐག་གཅོད་མཁས་པོར་བྱེད་པ། མདུན་སྐྱོད་ལམ་བུའི་ཐོག་གི་དཀའ་ངལ་དང་ཉེན་ཁ་སྣ་ཚོགས་ལས་རྒྱལ་ཕོད་པ། ལས་ཀའི་རང་འགུལ་དབང་ཆ་དམ་པོར་འཛིན་པ་བཅས་བྱེད་དགོས།
         བློ་མཐུན་རྣམ་པ། བྱ་གཞག་རླབས་པོ་ཆེར་ངེས་པར་དུ་ཏང་གི་འགོ་ཁྲིད་སྟོབས་དང་ལྡན་པ་ཡོད་དགོས། རང་རེའི་ཏང་གིས་རང་ཉིད་འཛུགས་སྐྱོང་ལེགས་པོ་དང་འཛུགས་སྐྲུན་སྟོབས་དང་ལྡན་པར་བྱས་ཏེ། ཏང་གིས་ཐོག་མཐའ་བར་གསུམ་དུ་མི་དམངས་དང་ལྷན་དུ་བསམས་པ་དང་ལྷན་དུ་བསྒྲུབས་པའི་འགན་ལེན་བྱས་ཚེ། ཀྲུང་གོའི་མི་དམངས་ཀྱི་ཕུགས་བསམ་རླབས་པོ་ཆེ་ཐེག་པའི་གྲུ་གཟིངས་ཀྱི་སྣེ་ཁྲིད་དེ་རླབས་གཤགས་མདུན་སྐྱོད་ཐུབ་ཅིང་། རྒྱལ་ཁའི་ངང་ནས་འོད་སྟོང་འབར་བའི་ཕ་མཐར་བགྲོད་ཐུབ་ངེས་ཡིན།
        བློ་མཐུན་རྣམ་པ། ཀྲུང་ཧྭ་མི་རིགས་ནི་དཀའ་སྡུག་ཁྱད་བསད་དང་། དཔའ་ངར་ཞུམ་མེད་ཀྱི་མི་རིགས་རླབས་པོ་ཆེ་ཡིན་པ་དང་། ཀྲུང་གོའི་མི་དམངས་ནི་བརྩོན་འགྲུས་ལྡན་ལ་དཔའ་ངར་ཆེ་བ་དང་། འབད་བརྩོན་ལྷུར་ལེན་བྱེད་པའི་མི་དམངས་རླབས་པོ་ཆེ་ཡིན་ལ། ཀྲུང་གོ་གུང་ཁྲན་ཏང་ནི་འཐབ་རྩོད་ཕོད་པ་དང་། རྒྱལ་ཁ་ལེན་ཕོད་པའི་སྲིད་ཏང་རླབས་པོ་ཆེ་ཞིག་ཡིན། ལོ་རྒྱུས་ཀྱི་འཁོར་ལོ་མདུན་ནས་མདུན་དུ་བསྐྱོད། དུས་ཀྱི་རླབས་རྒྱུན་དྲག་ནས་དྲག་ཏུ་འཕྱུར། ལོ་རྒྱུས་ཀྱིས་གཡོ་མེད་མཁན་དང་། དཔའ་མཛངས་རྟུལ་ཕོད་མཁན། འཐབ་རྩོད་དྲག་པོ་བྱེད་མཁན་བཅས་ཁོ་ནར་གཟིགས་སྐྱོང་བྱེད་པ་ལས། སོམ་ཉི་ཅན་དང་། སྒྱིད་ལུག་ཅན། དཀའ་འཚེར་ཅན་བཅས་བསྒུག་མི་སྲིད། ཏང་ཡོངས་ཀྱིས་ངེས་པར་དུ་དཀའ་སྤྱད་འབད་འཐབ་དང་། ང་རྒྱལ་འཚབ་འཚུབ་སྤོང་བའི་སྤྱོད་ཚུལ་རྒྱུན་འཁྱོངས་དང་། དུས་ཀྱིས་མི་བསྒུག་པས། སྐར་ཆ་ཙམ་ལའང་བརྩོན་པའི་སྙིང་སྟོབས་བཅངས་ཏེ། དུས་རབས་གསར་པའི་རྒྱང་སྐྱོད་ཀྱི་ལམ་བུར་སྟོབས་ཤུགས་ཆེར་སྐྱེད་ཀྱིས་ལེགས་པོར་བསྐྱོད་དགོས། ཏང་ཡོངས་ཀྱིས་ངེས་པར་དུ་རང་རྟོགས་སྒོ་ནས་ཏང་གི་མཐུན་སྒྲིལ་དང་གཅིག་གྱུར་བསྲུང་དགོས་པ་དང་། ཏང་དང་མི་དམངས་མང་ཚོགས་བར་གྱི་ཤ་ཁྲག་ལྟ་བུའི་འབྲེལ་བ་རྒྱུན་འཁྱོངས། རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་གྱི་མཐུན་སྒྲིལ་ཆེན་མོ་སྲ་བརྟན་དུ་གཏོང་བ། རྒྱལ་ཕྱི་རྒྱལ་ནང་གི་ཀྲུང་ཧྭའི་བུ་ཕྲུག་མཐུན་སྒྲིལ་བྱེད་ཤུགས་ཆེ་རུ་གཏོང་བ། མཐུན་སྒྲིལ་བྱེད་རུང་བའི་སྟོབས་ཤུགས་ཡོད་ཚད་ལ་མཐུན་སྒྲིལ་བཅས་བྱས་ཏེ། སེམས་ཤུགས་གཅིག་སྒྲིལ་ངང་ནས་ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེ་ཡོང་བའི་འོད་སྟོང་འབར་བའི་ལམ་དུ་བསྐྱོད་དགོས། 
        གཞོན་ནུ་དར་རྒྱས་བྱུང་ན་རྒྱལ་ཁབ་དར་རྒྱས་ཡོང་། གཞོན་ནུ་སྟོབས་དང་ལྡན་ན་རྒྱལ་ཁབ་སྟོབས་ཤུགས་ཆེ། གཞོན་རབས་རྣམས་ལ་ཕུགས་བསམ་དང་། འཇོན་ཐང་། འགན་ཁུར་གྱི་བསམ་པ་བཅས་ལྡན་ན། རྒྱལ་ཁབ་ལ་མདུན་ལམ་ཡོང་བ་དང་། མི་རིགས་ལ་ཕུགས་རེ་ཡོད། ཀྲུང་གོའི་ཕུགས་འདུན་ནི་ལོ་རྒྱུས་དང་ད་ལྟའི་ཕུགས་འདུན་ཡིན་ལ། མ་འོངས་པའི་ཕུགས་འདུན་ཡང་ཡིན། ང་ཚོའི་མི་རབས་འདིའི་ཕུགས་འདུན་ཡིན་ལ་དེ་བས་ཀྱང་གཞོན་རབས་པའི་ཕུགས་འདུན་ཡང་ཡིན། ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེ་ཡོང་བའི་ཀྲུང་གོའི་ཕུགས་འདུན་ནི་མཐར་གཏུག་ན་གཞོན་ནུ་མི་རབས་རིམ་པས་གཅིག་རྗེས་གཉིས་མཐུད་དུ་འབད་པ་ལྷོད་མེད་བྱས་ནས་མངོན་འགྱུར་བྱེད་པར་འགྱུར། ཏང་ཡོངས་ཀྱིས་གཞོན་རབས་པར་ཐུགས་ཁུར་དང་གཅེས་སྐྱོང་བྱེད་དགོས་ཤིང་། ཁོ་ཚོའི་མི་ཚེའི་ཕུགས་བསམ་མངོན་འགྱུར་ཡོང་བར་གར་སྟེགས་སྐྲུན་དགོས། རྒྱ་ཆེའི་གཞོན་ནུ་རྣམས་ཀྱིས་ཕུགས་བསམ་དང་དད་སེམས་བརྟན་པོར་འཆང་བ་དང་། ཕུགས་བསམ་ཆེན་པོ་བཅངས་ཏེ། གོམ་པ་བརྟན་པོའི་ངང་ནས་དུས་རབས་ཀྱི་རླབས་གཤགས་ཕོ་རྒོད་པར་བརྩོན་ཏེ། ཀྲུང་གོའི་ཕུགས་འདུན་མངོན་འགྱུར་བྱེད་པའི་གསོན་ཉམས་རྒྱས་པའི་ལག་ལེན་ཁྲོད་ལང་ཚོའི་ཕུགས་འདུན་དགུང་ལ་སྤུར་དགོས་ཤིང་། མི་དམངས་ལ་ཁེ་ཕན་གཉེར་བའི་འབད་འཐབ་ལྷོད་མེད་ཁྲོད་མི་ཚེའི་སྙན་དབྱངས་བརྩམ་དགོས། 
        རྒྱ་ཆེན་མཛད་པ་སྐྱོང་བའི་ཚེ། ས་སྟེང་ཐམས་ཅད་སྤྱི་སྐལ་ཡིན། སྤྱི་ལེ་གྲུ་བཞི་མ་ས་ཡ་དགུ་དང་འབུམ་དྲུག་ལྷག་ཙམ་ཡོད་པའི་ས་གཞི་ཆེན་མོའི་སྟེང་དུ་འགྲེངས་ཤིང་། ཀྲུང་ཧྭ་མི་རིགས་ཀྱིས་དུས་ཡུན་རིང་པོར་འབད་དེ་བསགས་པའི་ལོ་ངོ་སྟོང་ཕྲག་ལྔ་ལྷག་ཙམ་རིང་གི་རིག་གནས་ཀྱི་ཉིང་བཅུད་ལ་རོལ་ཏེ། ཀྲུང་གོའི་མི་དམངས་དུང་ཕྱུར་བཅུ་གསུམ་ལྷག་ཙམ་ལ་གཅིག་ཏུ་འགྲིལ་བའི་སྟོབས་ཤུགས་ཆེན་པོ་ཡོད་པས། ང་ཚོ་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་བགྲོད་ལམ་དུ་བསྐྱོད་པར་འགྲན་ཟླ་བྲལ་བའི་དུས་རབས་ཀྱི་གར་སྟེགས་ཆེན་པོ་ལྡན་ཞིང་། འགྲན་ཟླ་མེད་པའི་ལོ་རྒྱུས་ཀྱི་གཏིང་གཞི་ཟབ་མོ་ཡོད་ལ། འགྲན་ཟླ་མེད་པའི་མདུན་སྐྱོད་ཀྱི་བརྟན་ཤུགས་ཆེན་པོ་ཡོད། ཏང་ཡོངས་དང་རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ཡོངས་ཀྱིས་ཏང་ཀྲུང་དབྱང་གི་མཐའ་སྐོར་དུ་མཐུན་སྒྲིལ་དམ་ཟབ་བྱེད་པ་དང་། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དར་ཆ་རླབས་པོ་ཆེ་མཐོན་པོར་བསྒྲེངས་ཤིང་། བློ་རྩ་བརྟན་པོས་ཡར་རྒྱས་ལྷུར་ལེན་དང་དཀའ་སྤྱད་སྙིང་རུས་ཀྱིས་ལས་ཀ་བྱས་ནས། དེང་རབས་ཅན་དུ་འགྱུར་བའི་འཛུགས་སྐྲུན་ལ་སྐུལ་སྤེལ་དང་། མེས་རྒྱལ་གོང་བུ་གཅིག་ཏུ་འགྱུར་བ། འཛམ་གླིང་གི་ཞི་བདེ་སྲུང་བ་དང་ཐུན་མོང་དུ་འཕེལ་རྒྱས་ཡོང་བར་བྱེད་པ་བཅས་ལོ་རྒྱུས་ཀྱི་ལས་འགན་ཆེན་པོ་གསུམ་འགྲུབ་པའི་ཆེད་དང་། འབྱོར་འབྲིང་སྤྱི་ཚོགས་ཕྱོགས་ཡོངས་ནས་སྐྲུན་ཐུབ་པའི་རྒྱལ་ཁ་ཕུ་ཐག་ཆོད་པར་ལེན་པ་དང་། དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་རྒྱལ་ཁ་རླབས་པོ་ཆེ་བརྩོན་ལེན། ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེ་ཡོང་བའི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་བྱེད་པ། མི་དམངས་ཀྱིས་བདེ་སྐྱིད་ལྡན་པའི་འཚོ་བར་སྨོན་ཚུལ་མངོན་འགྱུར་ཡོང་བ་བཅས་ཀྱི་ཆེད་དུ་མུ་མཐུད་ནས་འབད་བརྩོན་ལྷོད་མེད་བྱེད་དགོས། (སྙན་སྒྲོན་རྩོམ་ཡིག་ཆ་ཚང་ཚོགས་ཆེན་གྱི་དྲུང་ཡིག་ཁྲུའུ་ནས་མཁོ་འདོན་བྱས་པ་གཞིར་བཟུང་།)

【1】  【2】  【3】  【4】  【5】  【6】  【7】  【8】  【9】  【10】