མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ལི་ཁེ་ཆང་གིས་རྒྱལ་ཡོངས་ཀྱི་དགུན་དཔྱིད་དུས་སུ་ཞིང་ནང་ཆུ་བེད་གཞི་རྩའི་འཛུགས་སྐྲུན་གྱི་
བརྙན་འཕྲིན་ཁ་པར་ཚོགས་འདུར་མཆན་བཀོད་མཛུབ་སྟོན་གལ་ཆེན་གནང་བ།  

གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 11ཚེས་06ཉིན། 09:21】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

          མི་དམངས་དྲ་བའི་འཕྲིན། ཟླ་11ཚེས་3ཉིན། རྒྱལ་ཡོངས་ཀྱི་དགུན་དཔྱིད་དུས་སུ་ཞིང་ནང་ཆུ་བེད་གཞི་རྩའི་འཛུགས་སྐྲུན་གྱི་བརྙན་འཕྲིན་ཁ་པར་ཚོགས་འདུ་པེ་ཅིང་དུ་འཚོགས་ཤིང་། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུ་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཁེ་ཆང་གིས་མཆན་བཀོད་མཛུབ་སྟོན་གལ་ཆེན་གནང་བ་རེད། མཆན་བཀོད་མཛུབ་སྟོན་ནང་བསྟན་དོན། ཞིང་ནང་ཆུ་བེད་གཞི་རྩའི་འཛུགས་སྐྲུན་ལ་ཤུགས་སྣོན་རྒྱག་པ་ནི་ཞིང་ལས་ཀྱི་མཁོ་སྤྲོད་ཕྱོགས་ཀྱི་གྲུབ་ཆའི་རང་བཞིན་ལ་སྒྱུར་བཅོས་གཏིང་ཟབ་བྱེད་པ་དང་ཞིང་སྟོབས་ཞིང་ཕན་ཞིང་ཕྱུག་མངོན་འགྱུར་བྱེད་པའི་ཁ་ཚ་དགོས་གཏུགས་ཀྱི་རེ་འདུན་དང་རྨང་གཞིའི་འགན་ལེན་ཡིན། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན་ས་གནས་ཁག་དང་འབྲེལ་ཡོད་སྡེ་ཚན་ཁག་གིས་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཐབས་ཇུས་བཀོད་སྒྲིག་ལག་བསྟར་ནན་ཏན་བྱས་ཏེ་ཞིང་ནང་ཆུ་བེད་གཞི་རྩའི་འཛུགས་སྐྲུན་ལ་སྐུལ་འདེད་ཏན་ཏིག་བཏང་བས་ཕན་འབྲས་མངོན་གསལ་དོད་པོ་ཐོན་ཏེ་ཞིང་ལས་ལ་ལོ་བསྟུད་མར་ལོ་ལེགས་ཡོང་བ་དང་། ཞིང་པའི་ཡོང་འབབ་རྒྱུན་མཐུད་ངང་འཕར་བ། གྲོང་གསེབ་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་སྐྱོན་བྲལ་ངང་འཕེལ་རྒྱས་འགྲོ་བ་བཅས་མངོན་འགྱུར་བྱ་རྒྱུར་རྨང་གཞིའི་འདེགས་སྐྱོར་ནུས་ལྡན་བྱས་ཡོད། ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱེད་པ་དང་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱས་ཏེ་འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་དོན་འཁྱོལ་ནན་ཏན་བྱེད་པ་དང་། གྲོང་གསེབ་དར་རྒྱས་ཀྱི་འཐབ་ཇུས་ལག་བསྟར་དང་དབུལ་སྒྲོལ་འགག་སྒྲོལ་ལ་སྐུལ་འདེད་གཏོང་རྒྱུར་དམིགས་པ། སྲིད་གཞུང་གི་གཙོ་ཁྲིད་ལ་ཤུགས་སྣོན་རྒྱག་པ། སྒྲིག་གཞི་དང་ལམ་སྲོལ་གསར་གཏོད་བྱེད་པ། གྲོང་གསེབ་ཀྱི་ཆུ་རིན་ཕྱོགས་བསྡུས་སྒྱུར་བཅོས་གཙོ་གནད་དུ་བྱས་པའི་འབྲེལ་ཡོད་སྒྱུར་བཅོས་ལ་སྐུལ་འདེད་གཏོང་བ། སྤྱི་ཚོགས་ཕྱོགས་ཁག་གི་སྟོབས་ཤུགས་དང་ལྷག་དོན་དུ་རྒྱ་ཆེའི་ཞིང་པས་དགུན་དཔྱིད་དུས་སུ་ཆུ་བེད་གསར་སྐྲུན་དང་རྒྱུན་གཏན་གྱི་བདག་སྐྱོང་བྱ་རྒྱུ་རྒྱ་ཁྱབ་ངང་སྐུལ་སློང་བྱེད་པ། ཆུ་བེད་ཀྱི་རྨང་གཞིའི་སྒྲིག་བཀོད་དྲ་བ་དང་ཆུ་བཅོས་སྒྲིག་གི་ལམ་ལུགས་མ་ལག་གང་མགྱོགས་འཐུས་སྒོ་ཚང་དུ་གཏོང་བ། ཆུ་བེད་འཛུགས་སྐྲུན་གྱི་ཞན་ཆ་ནུས་ཤུགས་ཡོད་རྒུས་གསབ་པ། ཞིང་ལས་ཀྱི་ཕྱོགས་བསྡུས་ཐོན་སྐྱེད་ནུས་པ་དང་། གནོད་འཚེ་སྔོན་འགོག་དང་ཉུང་གཏོང་ནུས་པ། ཆུའི་ཐོན་ཁུངས་གྲོན་ཆུང་དང་བེད་སྤྱོད་ནུས་པ་བཅས་སྔར་བས་ཆེ་རུ་གཏོང་བ་བཅས་བྱས་ནས་དེང་རབས་ཅན་གྱི་ཞིང་ལས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་པའི་རྒྱལ་ཁ་ཕུ་ཐག་གཅོད་ཐུབ་པ་བྱ་ཆེད་ལེགས་སྐྱེས་གསར་པ་འབུལ་དགོས།