མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ཁེ་གསུམ་གྲོང་ཚོར་ཏང་དར་ལྷབ་ལྷུབ་གཡོ།

གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 11ཚེས་06ཉིན། 10:32】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

             ཞོགས་པ་སྔ་པོ་ནས་ལོ་68ལ་སླེབས་པའི་ཏང་ཡོན་རྡོ་རྗེ་གྲོང་ཚོའི་རྒྱང་བསྒྲགས་ཀྱིས་གཉིད་ལས་སད། ཏང་གི་ཚོགས་ཆེན་བཅུ་དགུ་པའི་འཐུས་མི་གྲོང་ཚོའི་ནང་སྒྲོག་འགྲེལ་བྱེད་པར་ཕེབས་པ་གོ་ཐོས་བྱུང་བས་གྲོང་ཚོའི་ནང་གི་གྲོང་མི་རྒན་གཞོན་ཚང་མས་ལུས་ལ་གཟབ་མཆོར་ལེགས་པར་སྤྲས་ནས་སྔ་པོ་ནས་གྲོང་ཚོ་ཨུ་ལྷན་གྱི་སྒོ་འགྲམ་དུ་ཡོང་སྟེ་དམར་མདངས་བཀྲ་བའི་ཏང་དར་རྒྱབ་ལྗོངས་སུ་བྱས་པའི“ཡར་ལངས་ཞིང་བྲན་གྱིས་གླུ་དབྱངས་ལེན”ཞེས་པའི་འཇིམ་རྐོས་ཆེན་པོའི་མདུན་དུ་འདུ་འཛོམས་བྱས། སྔོན་ནས་བསྒྲིགས་པའི་རྐུབ་སྟེགས་བཅུ་ཕྲག་དག་ཚང་མ་མིས་ཁེངས་ཡོད་པས་རྗེས་སུ་སླེབས་པའི་མི་100ལྷག་ཙམ་ས་ཐོག་ཏུ་སྡོད་རྒྱུ་ལས་མ་འདས།
             སྔ་དྲོའི་ཆུ་ཚོད་10པའི་ཐོག་ཏང་གི་ཚོགས་ཆེན་བཅུ་དགུ་པའི་ཚོགས་ཞུགས་ལག་ཁྱེར་བཏགས་པའི་ལོ་27ལ་སླེབས་པའི་ལྷོ་ཁ་གྲོང་ཁྱེར་གྱི་བོད་རིགས་མི་དམངས་ཉེན་རྟོག་པ་ཡའོ་ཁྲེ་འཆད་སྟེགས་མདུན་དུ་བསྐྱོད་ནས“ངས་ས་གནས་ས་ཐོག་ཏུ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་གནང་བའི་སྙན་སྒྲོན་ཉན་རྒྱུ་བྱུང་བར་ཧ་ཅང་དགའ་པོ་བྱུང་། ལྷོ་ཁར་ལོག་རྗེས་ངས་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་དང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ང་ཚོ་བོད་རིགས་མི་དམངས་ལ་བཅངས་པའི་བརྩེ་སེམས་ཟབ་མོ་གང་མགྱོགས་ཚང་མར་བརྒྱུད་བསྒྲགས་བྱེད་རྒྱུ་བྱུང་ན་བསམས་བྱུང”ཞེས་བརྗོད།
             ཁེ་གསུམ་གྲོང་ཚོར“བོད་ཀྱི་དམངས་གཙོའི་བཅོས་སྒྱུར་གྱི་གྲོང་ཚོ་དང་པོ”ཞེས་འབོད་ཅིང་། 1959ལོར་བོད་ཀྱི་གྲོང་གསེབ་ཀྱི་ཏང་ཀྲི་པུའུ་ཐོག་མ་དེ་དེ་གར་བཙུགས་ཡོད། ན་ནིང་གྲོང་ཚོ་ཡོངས་ཀྱི་དུད་ཚང་241ཚང་མ་དབུལ་སྒྲོལ་ཐུབ་ནས་མི་རེའི་ཆ་སྙོམས་ཡོང་འབབ་སྒོར་ཁྲི་1.5ལྷག་ཙམ་ཟིན་ཡོད་པ་རེད།
             “ང་ཚོ་མང་ཚོགས་ཀྱིས་དོ་ཁུར་ཆེ་ཤོས་བྱེད་པའི་གནད་དོན་ལ་ཏང་གི་ཚོགས་ཆེན་བཅུ་དགུ་པའི་སྙན་སྒྲོན་ནང་ལན་བཏབ་ཡོད། ཧྲུའུ་ཅི་ཝུའུ་དབྱིང་ཅེས་ང་ཚོའི་ཆེས་གཅེས་པར་འོས་པའི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་མཇལ་བ་རེད། ད་ལྟ་ཧྲུའུ་ཅི་ཝུའུ་ལགས་ཀྱིས་ང་ཚོར་ཟུར་ཁྲིད་གནང་རོགས་ཞུ་རྒྱུ་ཡིན”ཞེས་གྲོང་ཚོའི་ཏང་ཀྲི་པུའི་ཧྲུའུ་ཅི་སྤེན་པ་ཚེ་རིང་གིས་སྐད་དུང་ཁྱེར་ནས་ཚང་མར་བཤད།
            ད་བྱེད་དུས་ཡའོ་ཁྲེས་ཚོགས་ཆེན་བཅུ་དགུ་པའི་འཐུས་མི་བོད་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝུའུ་དབྱིང་ཅེ་དང་ཞལ་ཆད་བྱུང་བ་ལྟར་ཁོང་ཁེ་གསུམ་གྲོང་ཚོར་མཉམ་དུ་སྒྲོག་འགྲེལ་གནང་བར་ཕེབས་ཀྱི་ཡོད་པ་འདྲ།
             ཡའོ་ཁྲེས་འཆད་སྟེགས་སྟེང་དུ་སྒྲོག་འགྲེལ་བྱེད་སྐབས་ཝུའུ་དབྱིང་ཅེས་པར་འདེབས་བྱས་མ་ཐག་པའི་བོད་ཡིག་པར་གཞིའི་ཏང་གི་སྒྲིག་ཡིག་སོགས་ཀྱི་དཔྱད་གཞིའི་ཡིག་རིགས་གྲོང་མི་ཚོར་གནང་བཞིན་ཡོད།
            ཝུའུ་དབྱིང་ཅེས“གྲོང་ཚོ་འདིར་ང་ཡོང་རིམ་བཞིན་འཕོ་འགྱུར་གསར་པ་མཐོང་གི་འདུག གནས་ཚུལ་ཆུང་ཙག་ནས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་ཡང་དག་པ་དང་རླབས་ཆེན་ཡིན་པ་མངོན་གྱི་འདུག”ཅེས་གསུངས་པ་དང་། ཁོང་གིས་གྲོང་མི་ཚོ་དང་ལྷན་དུ་བཞུགས་ནས་གོ་བདེ་ཞིང་ཤེས་སླ་བའི་སྐད་ཆའི་ཐོག་ནས་ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་གསལ་འགྲེལ་གནང་བ་དང་འབྲེལ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བོད་ཀྱི་མི་དམངས་ལ་བྱམས་བརྩེའི་འཚམས་འདྲི་གནང་ལུགས་དང་སྨོན་འདུན་ཞུ་ལུགས་བརྒྱུད་བསྒྲགས་ཀྱང་གནང་ཞིང་། ཁོང་གིས་ཁེ་གསུམ་གྲོང་ཚོས་གསར་བརྗེའི་སྲོལ་རྒྱུན་བཟང་པོ་རྒྱུན་འཛིན་བྱས་ཡོད། ཏང་གི་ཚོགས་ཆེན་བཅུ་དགུ་པའི་སྙན་སྒྲོན་གྱི་བརྗོད་དོན་གཙོ་བོ་ནི་ཐོག་མའི་བསམ་འདུན་མ་བརྗེད་པར་འགན་འཁྲི་བློ་ལ་བརྟན་པོ་ངེས་རྒྱུ་དེ་རེད། ང་ཚོས་ཏང་གི་ཚོགས་ཆེན་བཅུ་དགུ་པའི་མཛུབ་ཁྲིད་འོག་མདུན་སྐྱོད་བྱས་ན་མི་རིགས་ཁག་གི་མང་ཚོགས་དེ་བས་མཛེས་སྡུག་ལྡན་པའི་འཚོ་བ་སྐྱེལ་ཐུབ་ངེས་རེད་ཅེས་གསུངས་པ་རེད།
              གྲོང་མི་སྤེན་པ་ཚེ་རིང་གིས“སྔོན་མ་ཟས་ཀྱིས་གྲོད་པ་མི་རྒྱགས་པ་དང་གོས་ཀྱིས་ལུས་པོ་དྲོད་ཀྱི་མེད། ད་ཆ་ཁྱིམ་ཚང་ཚང་མར་ཐོག་བརྩེགས་ཁང་པ་ཡོད་པ་མ་ཟད། ད་དུང་རླངས་འཁོར་ཡང་ཡོད། ཁེ་གསུམ་གྲོང་ཚོའི་ཏང་ཀྲི་པུའུ་ཧྲུའུ་ཅིའི་ངོས་ནས་ངས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པས་བསམ་བློར་དྲག་ཆས་སྤྲས་ཏེ་གྲོང་ཚོའི་ཏང་ཡོན་མང་ཚོགས་ཡོངས་ཀྱི་སྣེ་ཁྲིད་ནས་བློ་བརྟན་འགྱུར་མེད་ངང་ཏང་གི་བཀའ་ལ་ཉན་པ་དང་ཏང་གི་རྗེས་སུ་འབྲངས་ནས་གངས་ལྗོངས་ས་མཐོར་ཏང་དར་ནམ་ཡང་ལྷབ་ལྷུབ་ཏུ་གཡོ་བར་བྱེད་ཀྱི་ཡིན”ཞེས་བརྗོད་པ་རེད།