མི་དམངས་དྲ་བ།

༄༅།།ཞི་ཅིན་ཕིང་གིས་འཕྲིན་ཡིག་སྤྲིངས་ཏེ་རྒྱལ་སྤྱིའི་སྨྱུག་བསླས་རྩ་འཛུགས་བཙུགས་ནས་ལོ་
20འཁོར་བར་རྟེན་འབྲེལ་ཞུས་གནང་བ།

གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 11ཚེས་08ཉིན། 10:45】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

         མི་དམངས་དྲ་བའི་འཕྲིན། ཟླ་11ཚེས་6ཉིན། རྒྱལ་སྤྱིའི་སྨྱུག་བསླས་རྩ་འཛུགས་བཙུགས་ནས་ལོ་20འཁོར་བར་རྟེན་འབྲེལ་ཞུ་བ་དང་སྨྱུག་བསླས་ལྗང་མདོག་འཕེལ་རྒྱས་དང་ལྷོ་ལྷོའི་མཉམ་ལས་ཀྱི་པུའུ་ཀྲང་རིམ་པའི་མཐོ་རིམ་གླེང་སྟེགས་ཚེས་6ཉིན་པེ་ཅིང་དུ་འཚོགས་ཤིང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་རྒྱལ་སྤྱིའི་སྨྱུག་བསླས་རྩ་འཛུགས་ལ་རྟེན་འབྲེལ་ཞུ་བའི་འཕྲིན་ཡིག་སྤྲིངས་གནང་བ་རེད།
        ཞི་ཅིན་ཕིང་གིས་རྒྱལ་སྤྱིའི་སྨྱུག་བསླས་རྩ་འཛུགས་བཙུགས་ནས་ལོ་20སོང་རིང་གོ་ལ་ཧྲིལ་པོའི་སྨྱུག་བསླས་ཐོན་ཁུངས་གསར་སྤེལ་བྱེད་མགྱོགས་སུ་གཏོང་བ་དང་། སྨྱུག་བསླས་ཐོན་ཁུལ་དབུལ་སྒྲོལ་དང་དབུལ་པོ་ཉུང་དུ་གཏོང་བ། སྨྱུག་བསླས་ཐོན་རྫས་ཀྱི་ཉོ་ཚོང་གྲ་རྒྱས་སུ་གཏོང་བ། རྒྱུན་མཐུད་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་ཆེད་དགེ་མཚན་ལྡན་པའི་ནུས་པ་བཏོན་ཡོད་ཅེས་གསུངས་པ་རེད།
         ཞི་ཅིན་ཕིང་གིས་ཀྲུང་གོ་གུང་ཁྲན་ཏང་རྒྱལ་ཡོངས་འཐུས་མི་ཚོགས་ཆེན་ཐེངས་བཅུ་དགུ་པའི་ཐོག་ཀྲུང་གོས་མི་དང་རང་བྱུང་ཁམས་འཆམ་མཐུན་མཉམ་གནས་མཐའ་འཁྱོངས་བྱས་ཏེ་སྤྱི་ཚོགས་རིང་ལུགས་ཀྱི་སྣོད་བཅུད་ཤེས་དཔལ་འཛུགས་སྐྱོང་ཐད་གཞོལ་བ་དང་། ལྗང་མདོག་འཕེལ་རྒྱས་ཀྱི་འགྲོ་ལམ་ཐོག་སྐྱོད་པ། མཛེས་སྡུག་ལྡན་པའི་ཀྲུང་གོ་འཛུགས་སྐྲུན་བྱེད་དགོས་ཞེས་བཏོན་གནང་ཡོད། ཀྲུང་གོས་རྒྱལ་སྤྱིའི་སྨྱུག་བསླས་རྩ་འཛུགས་ཀྱི་ལས་དོན་ལ་མུ་མཐུད་རྒྱབ་སྐྱོར་བྱས་ནས་རྒྱལ་སྤྱིའི་སྤྱི་ཚོགས་དང་མཉམ་དུ་2030ལོར་སླེབས་སྐབས་རྒྱུན་མཐུད་འཕེལ་རྒྱས་ཀྱི་གྲོས་རིམ་དོན་འཁྱོལ་ཧུར་ཐག་བྱས་ཏེ་གོ་ལ་ཧྲིལ་པོའི་སྣོད་བཅུད་ཤེས་དཔལ་འཛུགས་སྐྱོང་ལ་སྐུལ་མ་གཏོང་བ་དང་མིའི་རིགས་ཀྱི་ལས་དབང་གཅིག་མཐུན་འདུས་གྲུབ་འཛུགས་རྒྱུར་སྐུལ་མ་བཏང་ནས་དེ་བས་མཛེས་སྡུག་ལྡན་པའི་འཛམ་གླིང་ཐུན་མོང་ཐོག་བསྐྲུན་འདོད་ཡོད་ཅེས་གསུངས་པ་རེད།