མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ཀྲུང་ཨ་རྒྱལ་ཁབ་གཉིས་པོའི་གཙོ་བདག་ལྷན་དུ་ཀྲུང་ཨའི་ཁེ་ལས་མཁས་ཅན་གྱི་གླེང་མོལ་ཚོགས་
འདུའི་མཇུག་འགྲིལ་མཛད་སྒོར་ཕེབས་པ། 

གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 11ཚེས་11ཉིན། 12:38】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

         མི་དམངས་དྲ་བའི་འཕྲིན། ཟླ་11ཚེས་9ཉིན་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་མི་དམངས་ཚོགས་ཁང་ཆེ་མོར་ཀྲུང་གོར་རྒྱལ་དོན་འཚམས་འདྲིར་ཕེབས་པའི་ཨ་རིའི་ཙུང་ཐུང་ཐེ་རོན་ཕུ་དང་ལྷན་དུ་ཀྲུང་ཨའི་ཁེ་ལས་མཁས་ཅན་གྱི་གླེང་མོལ་ཚོགས་འདུའི་མཇུག་འགྲིལ་མཛད་སྒོར་ཕེབས་པ་དང་འབྲེལ་གསུང་བཤད་ཀྱང་གནང་བ་རེད། དབང་དབྱང་ལྷན་དུ་ཕེབས་ཡོད་པ་རེད།
         ཞི་ཅིན་ཕིང་གིས་གསུངས་དོན། འདི་ལོ་ནི་ཀྲུང་ཨ་རྒྱལ་ཁབ་གཉིས་པོས་《ཧྲང་ཧའེ་ཡི་སྤྱི་བསྒྲགས་》སྤེལ་ནས་ལོ་45འཁོར་བའི་ལོ་ཞིག་རེད། ལོ་45ཡི་རིང་ཀྲུང་ཨ་རྒྱལ་ཁབ་གཉིས་པོའི་དཔལ་འབྱོར་ཉོ་ཚོང་གི་འབྲེལ་བར་ལོ་རྒྱུས་རང་བཞིན་གྱི་འཕེལ་རྒྱས་བྱུང་ཡོད། རྒྱལ་ཁབ་གཉིས་པོའི་མི་དམངས་ལ་དེའི་ཁྲོད་ནས་ཕན་པ་མང་པོ་ཐོབ་ཡོད། ཀྲུང་ཨ་རྒྱལ་ཁབ་གཉིས་པོའི་དཔལ་འབྱོར་ཉོ་ཚོང་གི་མཉམ་ལས་གཏིང་ཤུགས་ཧ་ཅང་ཆེ་བ་དང་གཉིས་ཁེ་གཉིས་ཕན་ཡིན་པ་དོན་དངོས་ལས་ར་འཕྲོད་ཡོད།
         ཞི་ཅིན་ཕིང་གིས་ཀྲུང་གོའི་དཔལ་འབྱོར་དུས་བབ་དང་ཀྲུང་ཨ་རྒྱལ་ཁབ་གཉིས་པོའི་དཔལ་འབྱོར་འབྲེལ་བའི་ཐད་གཟིགས་ཚུལ་ཁག་གསུམ་གླེང་གནང་ཞིང་། ཁོང་གིས་གསུངས་དོན། ཀྲུང་གོའི་དཔལ་འབྱོར་ཡུན་རིང་འཕེལ་ཕྱོགས་ལེགས་པའི་མདུན་ལམ་ནི་འོད་ཟེར་ལྡན་པ་ཞིག་ཡོད། མིག་སྔར་ཀྲུང་གོའི་དཔལ་འབྱོར་མགྱོགས་མྱུར་འཕར་བའི་དུས་མཚམས་ནས་སྤུས་ཚད་མཐོ་བའི་ངང་འཕེལ་རྒྱས་འགྲོ་བའི་དུས་མཚམས་སུ་བསྒྱུར་ཡོད། ཀྲུང་གོའི་དཔལ་འབྱོར་གྱི་གྲུབ་ཆ་རྒྱུན་ཆད་མེད་པར་ལེགས་སྒྲིག་བྱེད་བཞིན་ཡོད། ཀྲུང་གོའི་དཔལ་འབྱོར་རྒྱུན་མཐུད་ལེགས་སུ་འགྲོ་རྒྱུར་རྨང་གཞི་དང་། ཆ་རྐྱེན། སྒུལ་ཤུགས་བཅས་ཡོད། རྒྱལ་སྤྱིའི་དངུལ་ལོར་ཐེབས་རྩ་རྩ་འཛུགས་ཀྱིས་འདི་ལོ་ཚུན་དུ་ཀྲུང་གོའི་དཔལ་འབྱོར་འཕར་བའི་སྔོན་དཔག་གནས་ཐང་མཐོ་རུ་ཐེངས་མང་བཏང་ཡོད། དེ་ནི་ཀྲུང་གོའི་དཔལ་འབྱོར་འཕེལ་ཕྱོགས་ལ་ཡིད་ཆེས་ཀྱི་འདེམས་ཤོག་འཕངས་པ་ཞིག་རེད།
        ཞི་ཅིན་ཕིང་གིས་ཀྲུང་ཨ་རྒྱལ་ཁབ་གཉིས་པོའི་བཟོ་ཚོང་ལས་རིགས་ཀྱིས་དུས་ཡུན་རིང་པོའི་ནང་རྒྱལ་ཁབ་གཉིས་པོའི་མཛའ་གྲོགས་འབད་བརྩོན་བྱས་པ་དེ་ནི་ཀྲུང་ཨ་རྒྱལ་ཁབ་གཉིས་པོའི་དཔལ་འབྱོར་ཉོ་ཚོང་མཉམ་ལས་དང་རྒྱལ་ཁབ་གཉིས་པོའི་འབྲེལ་བ་འཕེལ་རྒྱས་ཀྱི་སྟོབས་ཤུགས་གསར་པ་ཞིག་རེད་ཅེས་བསྔགས་བརྗོད་ཆེན་པོ་གནང་ཞིང་། ཁོང་གིས་ཀྲུང་གོའི་གནའ་མིས“ཚོང་འགྲུལ་པ་ནི་ཕན་ཚུན་བརྩི་འཇོག་དང་ཕྱོགས་གཉིས་ཀར་ཁེ་ཕན་ཐོབ་ཐབས་བྱེད་མཁན་ཞིག་རེད”ཅེས་བརྗོད་སྲོལ་ཡོད། རྒྱལ་ཁབ་གཉིས་པོའི་ཁེ་ལས་མཁས་ཅན་དང་བཟོ་ཚོང་ལས་རིགས་ཀྱི་ཐུན་མོང་འབད་བརྩོན་འོག་ཀྲུང་ཨ་རྒྱལ་ཁབ་གཉིས་པོའི་དཔལ་འབྱོར་ཉོ་ཚོང་མཉམ་ལས་ཐད་འདྲ་མཉམ་གཉིས་ཁེའི་རྨང་གཞིའི་ཐོག་གྲུབ་འབྲས་དེ་བས་མང་བ་གཏོད་ངེས་ཡིན་ལ་ཀྲུང་ཨ་རྒྱལ་ཁབ་གཉིས་པོའི་མི་དམངས་ལའང་དེའི་ཁྲོད་ནས་ཁེ་ཕན་དེ་བས་མང་བ་ཐོབ་ངེས་ཡིན་ཞེས་གསུངས་པ་རེད།
        ཐེ་རོན་ཕུས་གསུངས་དོན། ཨ་ཀྲུང་རྒྱལ་ཁབ་གཉིས་པོ་ནི་འབྲེལ་བ་དམ་ཟབ་ཡོད་པའི་མཉམ་ལས་རོགས་ཟླ་ཞིག་ཡིན་པས་དཔལ་འབྱོར་དང་བདེ་འཇགས་སོགས་ཀྱི་ཁྱབ་ཁོངས་སུ་རྒྱ་ཁྱབ་ཀྱི་ཐུན་མོང་གི་ངོས་འཛིན་ཡོད། ཨ་ཀྲུང་རྒྱལ་ཁབ་གཉིས་པོས་མཉམ་ལས་བྱེད་རྒྱ་ཆེ་རུ་གཏོང་རྒྱུ་དེ་རྒྱལ་ཁབ་གཉིས་པོའི་འཕེལ་རྒྱས་འགྲོ་རྒྱུར་ཕན་པ་ཡོད། ཨ་རི་ཕྱོགས་ཀྱིས་ཀྲུང་གོ་ཕྱོགས་དང་མཉམ་དུ་དཔལ་འབྱོར་ཉོ་ཚོང་ཁྱབ་ཁོངས་སུ་གཉིས་ཁེ་མཉམ་ལས་ལ་མུ་མཐུད་ཤུགས་སྣོན་རྒྱག་པ་དང་། ནུས་རྒྱུ་སོགས་ཀྱི་ཁྱབ་ཁོངས་མཉམ་ལས་ལ་ཤུགས་སྣོན་རྒྱག་པ། རྒྱལ་ཁབ་གཉིས་པོ་དར་རྒྱས་ཡོང་རྒྱུར་སྐུལ་འདེད་གཏོང་བ་བཅས་བྱས་ནས་རྒྱལ་ཁབ་གཉིས་པོའི་དཔལ་འབྱོར་ཉོ་ཚོང་འབྲེལ་བའི་ཁྲོད་ཀྱི་གནད་དོན་ཐག་གཅོད་འོས་འཚམ་བྱེད་འདོད་ཡོད། ཨ་ཀྲུང་རྒྱལ་ཁབ་གཉིས་པོའི་བཟོ་ཚོང་ལས་རིགས་ནི་ང་ཚོ་རྒྱལ་ཁབ་གཉིས་ཀྱི་འབྲེལ་ཟམ་གལ་ཆེན་ཞིག་ཡིན་པས་ཨ་ཀྲུང་རྒྱལ་ཁབ་གཉིས་པོའི་མཉམ་ལས་ལ་སྐུལ་འདེད་གཏོང་ཆེད་དགེ་མཚན་ལྡན་པའི་ནུས་པ་མུ་མཐུད་འདོན་སྤེལ་བྱེད་ཆོག་གི་ཡོད།