མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ཞི་ཅིན་ཕིང་དང་སྐུ་ཟླ་ཕེང་ལི་ཡོན་རྣམ་གཉིས་ཀྱིས་གསོལ་སྟོན་བཤམས་ནས་ཨ་རིའི་ཙུང་ཐུང་
ཐེ་རོན་ཕུ་དང་སྐུ་ཟླ་མའེ་ལ་ཉི་ཡ་རྣམ་གཉིས་ལ་དགའ་བསུ་ཞུས་པ། 

གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 11ཚེས་11ཉིན། 12:39】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

         མི་དམངས་དྲ་བའི་འཕྲིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་དང་སྐུ་ཟླ་ཕེང་ལི་ཡོན་རྣམ་གཉིས་ཀྱིས་གོང་ཚེས་ཉིན་མི་དམངས་ཚོགས་ཁང་ཆེ་མོར་གསོལ་སྟོན་བཤམས་ནས་ཨ་རིའི་ཙུང་ཐུང་ཐེ་རོན་ཕུ་དང་སྐུ་ཟླ་མའེ་ལ་ཉི་ཡར་དགའ་བསུ་ཞུས་པ་རེད། ལི་ཁེ་ཆང་དང་། ཀྲང་ཏེ་ཅང་། ཡུས་ཀྲེང་ཧྲེང་། ཀྲང་ཀའོ་ལི། ལི་ཀྲན་ཧྲུའུ། དབང་དབྱང་། ཝང་ཧུའུ་ཉིང་། ཀྲའོ་ལེ་ཅི། ཧན་ཀྲེང་། ལིའུ་ཡུན་ཧྲན། ཝང་ཆི་ཧྲན་བཅས་གསོལ་སྟོན་ལ་ཞུགས་པ་རེད།
        མི་དམངས་ཚོགས་ཁང་ཆེ་མོའི་གསེར་མདོག་ཚོམས་ཆེན་ནས་གཟི་བྱིན་རབ་ཏུ་འབར་བ་དང་བཞུགས་གྲལ་སྐུ་མགྲོན་གྱིས་ཁེངས་ཤིང་། རྒྱལ་ཁབ་གཉིས་ཀྱི་གཙོ་བདག་གིས་གསོལ་སྟོན་ཐོག་སྤྲོ་སེམས་རབ་ཏུ་འཁོལ་བའི་གསུང་བཤད་གནང་བ་རེད།
        ཞི་ཅིན་ཕིང་གིས་བསྟན་དོན། ཀྲུང་ཨ་རྒྱལ་ཁབ་གཉིས་པོའི་དབར་ས་ཐག་རིང་པོ་ཆོད་ཀྱང་ས་ཁམས་བར་ཐག་དབང་གིས་རླབས་ཆེན་གྱི་རྒྱལ་ཁབ་གཉིས་པོ་ཕན་ཚུན་འཆམ་མཐུན་ཡོང་རྒྱུར་བཀག་འགོག་ཐུབ་མེད། ཕྱོགས་གཉིས་པོས་མཛའ་གྲོགས་སྤེལ་རེས་དང་གཉིས་ཕན་མཉམ་ལས་ཐད་འབད་བརྩོན་ལྷོད་མེད་བྱས་ཡོད། ལོ་45ཡི་གོང་དུ་ཙུང་ཐུང་ཉི་ཁེ་སུང་ཀྲུང་གོར་འཚམས་འདྲིར་ཕེབས་ནས་ཀྲུང་ཨ་རྒྱལ་ཁབ་གཉིས་པོའི་སྤེལ་རེས་ཀྱི་སྒོ་མོ་སླར་ཡང་ཕྱེས་ཚུན། ཀྲུང་ཨ་རྒྱལ་ཁབ་གཉིས་པོའི་འགོ་ཁྲིད་མི་རབས་འགའ་དང་རྒྱལ་ཁབ་གཉིས་པོའི་མི་དམངས་ཀྱི་ཐུན་མོང་གི་འབད་བརྩོན་འོག ཀྲུང་ཨ་རྒྱལ་ཁབ་གཉིས་པོའི་འབྲེལ་བར་ལོ་རྒྱུས་རང་བཞིན་གྱི་འཕེལ་རྒྱས་བྱུང་ནས། རྒྱལ་ཁབ་གཉིས་པོའི་མི་དམངས་ལ་བདེ་རྩ་བསྐྲུན་པ་དང་འཛམ་གླིང་གི་གནས་བབ་ལ་ཡང་འགྱུར་ལྡོག་བཏང་ཡོད། ད་ཆ་ཀྲུང་ཨ་རྒྱལ་ཁབ་གཉིས་པོའི་འབྲེལ་བ་ཕན་ཚུན་འབྲལ་ཐབས་མེད་པའི་ཁེ་ཕན་གཅིག་མཐུན་འདུས་གྲུབ་ཏུ་གྱུར་ཡོད། ད་ཆ་རྒྱལ་ཁབ་གཉིས་པོས་འཛམ་གླིང་གི་ཞི་བདེ་སྲུང་སྐྱོང་དང་། ཐུན་མོང་འཕེལ་རྒྱས་ལ་སྐུལ་འདེད་གཏོང་ཕྱོགས་ཐད་ཐུན་མོང་གི་ཁེ་ཕན་དེ་བས་མང་བ་དང་དེ་བས་རྒྱ་ཆེ་བ་ཡོད་པ་མ་ཟད། ཕྲག་ཐོག་ཏུ་ཐུན་མོང་གི་འགན་འཁྲི་དེ་བས་ཆེ་བ་དང་དེ་བས་ལྕི་བ་འཁུར་ནས། ཀྲུང་ཨ་རྒྱལ་ཁབ་གཉིས་པོའི་འབྲེལ་བའི་འཐབ་ཇུས་དོན་སྙིང་དང་གོ་ལ་ཧྲིལ་པོར་ཤུགས་རྐྱེན་ཐེབས་ཤུགས་སྔར་བས་ཆེ་རུ་ཕྱིན་ཡོད།
        ཞི་ཅིན་ཕིང་གིས་ནན་བཤད་གནང་དོན། ཙུང་ཐུང་ཐེ་རོན་ཕུ་ད་ཐེངས་ཀྲུང་གོར་འཚམས་འདྲི་གནང་བར་ཕེབས་པར་ལོ་རྒྱུས་ཀྱི་དོན་སྙིང་གལ་ཆེན་ལྡན་ཡོད། ཉིན་གཉིས་རིང་། ངས་ཙུང་ཐུང་ཐེ་རོན་ཕུ་དང་མཉམ་དུ་མ་འོངས་དུས་སྐབས་གཅིག་རིང་གི་ཀྲུང་ཨ་རྒྱལ་ཁབ་གཉིས་པོའི་འབྲེལ་བ་འཕེལ་རྒྱས་གཏོང་བའི་འཆར་གཞི་བཀོད་པ་ཡིན།
         ཐེ་རོན་ཕུས། ཀྲུའུ་ཞི་ཞི་ཅིན་ཕིང་གིས་ང་རང་རླབས་ཆེན་གྱི་རྒྱལ་ཁབ་ཀྲུང་གོར་འཚམས་འདྲིར་ཡོང་བར་སྤྲོ་སེམས་རབ་ཏུ་འཁོལ་བའི་ངང་སྣེ་ལེན་གནང་བར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། ཨ་རིའི་མི་དམངས་ཀྱིས་ཀྲུང་གོའི་ཡུན་རིང་པོའི་ཤེས་དཔལ་རྒྱུན་འཛིན་ལ་མོས་གུས་ཚད་མེད་བྱེད་ཀྱི་ཡོད། ལོ་རྒྱུས་རང་བཞིན་གྱི་དུས་འདིར་ཨ་ཀྲུང་རྒྱལ་ཁབ་གཉིས་པོའི་མཉམ་ལས་ཀྱིས་ཨ་ཀྲུང་རྒྱལ་ཁབ་གཉིས་པོའི་མི་དམངས་ལ་བདེ་རྩ་བསྐྲུན་ཐུབ་པ་མ་ཟད། འཛམ་གླིང་ལ་ཞི་བདེ་དང་། བདེ་འཇགས། དར་རྒྱས་བཅས་བསྐྲུན་ཐུབ་རྒྱུའི་ཡིད་ཆེས་ང་ལ་ཡོད་ཅེས་གསུངས་པ་རེད།