མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།འཕེལ་སྒྱུར་ཨུ་ལྷན་གྱིས་ཕྱོགས་བདུན་ཐད་ནས་རིན་གོང་གི་ལམ་སྲོལ་སྒྱུར་བཅོས་གཏིང་ཟབ་
ཏུ་གཏོང་རྒྱུ་ཡིན་པ། 

གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 11ཚེས་12ཉིན། 15:43】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

         མི་དམངས་དྲ་བའི་འཕྲིན། ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་ལག་བསྟར་དོན་འཁྱོལ་བྱ་ཆེད་རྒྱལ་ཁབ་འཕེལ་སྒྱུར་ཨུ་ལྷན་གྱིས་ཚེས་10ཉིན་《རིན་གོང་ལམ་སྲོལ་སྒྱུར་བཅོས་ཕྱོགས་ཡོངས་ནས་གཏིང་ཟབ་ཏུ་གཏོང་རྒྱུའི་སྐོར་གྱི་བསམ་འཆར་》ཡོངས་བསྒྲགས་བྱས་ཡོད། 《བསམ་འཆར་》ནང་རིན་གོང་ཁྲོམ་ར་ཅན་དུ་འགྱུར་རྒྱུའི་སྒྱུར་བཅོས་གཏིང་ཟབ་ཏུ་གཏོང་བ་དང་རིན་གོང་ལྟ་སྡོམ་མ་ལག་འཐུས་སྒོ་ཚང་དུ་བཏང་ནས་རིན་གོང་ལས་ཁྲོམ་རའི་འདོན་སྤྲོད་དང་དགོས་མཁོ་བབ་བསྟུན་ངང་མཚོན་པ་དང་། རིན་གོང་ལམ་སྲོལ་ལས་ཐོན་ཁུངས་བཀོད་སྒྲིག་བྱ་རྒྱུར་ཁྲིད་སྟོན་ཐུབ་པ། རིན་གོང་འཕར་ཆག་གི་བྱ་སྤྱོད་ཚད་ལྡན་དང་གོ་རིམ་ལྡན་པ་བཅས་ཡོང་བ་བྱེད་དགོས་པའི་ནན་བཤད་བྱས་ཡོད། 《བསམ་འཆར་》ནང་འབྱུང་འགྱུར་ལོ་གསུམ་རིང་གི་རིན་གོང་ལམ་སྲོལ་སྒྱུར་བཅོས་ཐད་རྒྱུད་རིམ་ལྡན་པའི་བཀོད་སྒྲིག་བྱས་ནས་ཕྱོགས་བདུན་ཐད་ཀྱི་གཙོ་གནད་བྱ་ཐབས་བཏོན་ཡོད་པ་རེད།
           གོམ་སྟབས་རྗེས་མར་རིམ་ཁག་རིན་གོང་གཙོ་གཉེར་སྡེ་ཚན་གྱིས་སྒེར་སྡེམ་ལས་རིགས་དང་། སྤྱི་པའི་བྱ་གཞག སྤྱི་པའི་ཞབས་ཞུ། སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་། ཞིང་ལས། ཁེ་ལས་དང་འབྲེལ་བའི་གྲོན་བསྡུ། ཁྲོམ་རའི་རིན་གོང་ལྟ་སྡོམ། དམངས་འཚོ་འགན་ལེན་བཅས་ཕྱོགས་བདུན་ཐད་ནས་རིན་གོང་སྒྱུར་བཅོས་ལ་སྐུལ་འདེད་གཏོང་རྒྱུ་རེད། སྒེར་སྡེམ་ལས་རིགས་ཐད་སྒེར་སྡེམ་ལས་རིགས་ཀྱི་རིན་གོང་སྒྱུར་བཅོས་སྔར་བས་གཏིང་ཟབ་ཏུ་གཏོང་རྒྱུ་དང་། “དཀྱིལ་མར་དོ་དམ་དང་། སྣེ་གཉིས་ལྷུག་གཏོང”གི་སྤྱིའི་བསམ་ཕྱོགས་གཞིར་བཟུང་གློག་ཤུགས་དང་། རང་བྱུང་སོལ་རླངས། ལྕགས་ལམ་ཟོག་འདྲེན་སོགས་ཁྱབ་ཁོངས་ཀྱི་རིན་གོང་ཁྲོམ་ར་ཅན་དུ་འགྱུར་རྒྱུའི་སྒྱུར་བཅོས་ལ་སྐུལ་འདེད་གཏོང་རྒྱུ། “ཆོག་འཐུས་མ་གནས་+ལུགས་མཐུན་ཁེ་བཟང”ལྟེ་བར་བྱེད་པ་དང་གཅུན་སྡོམ་དང་ལྕག་སྐུལ་ཕན་ཚུན་ཟུང་དུ་འབྲེལ་བའི་དྲ་རྒྱ་རྣམ་པའི་རང་བྱུང་སྒེར་སྡེམ་ལྷུ་ཚིགས་ཀྱི་རིན་གོང་གཏན་འཁེལ་ལམ་ལུགས་འཛུགས་པ་དང་འཐུས་སྒོ་ཚང་དུ་བཏང་ནས་མ་གནས་ཞིབ་བཤེར་གཏན་འཁེལ་གནད་འཁེལ་དང་། ཁེ་སྤོགས་ཚན་རིག་དང་མཐུན་པའི་ངང་གཏན་འཁེལ། ལྟ་སྡོམ་ནན་པོ་བཅས་བྱ་རྒྱུ། སྤྱི་པའི་བྱ་གཞག་དང་སྤྱི་པའི་ཞབས་ཞུའི་རིན་གོང་ཐད་གྲོང་ཁྱེར་གྱི་ཆུ་དང་། གློག སོལ་རླངས། ཚ་ནུས་བཅས་མཁོ་འདོན་དང་། སྨན་བཅོས་ཞབས་ཞུ། ཡུལ་སྐོར་མཛེས་ལྗོངས་ཁུལ་སོགས་སྤྱི་པའི་བྱ་གཞག་དང་སྤྱི་པའི་ཞབས་ཞུའི་རིན་གོང་སྒྱུར་བཅོས་གཏིང་ཟབ་ཏུ་གཏོང་རྒྱུ། སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་གི་རིན་གོང་ཐད་སྣོད་བཅུད་ཁ་གསབ་ཀྱི་རིན་གོང་དང་གྲོན་བསྡུའི་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་བ་དང་། ཁྱད་པར་ཡོད་པའི་རིན་གོང་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་བ། བསྐྱར་སྐྱེས་ནུས་རྒྱུའི་རིན་གོང་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་བ་བཅས་བྱས་ནས་བཙོག་ཆུ་དང་། གད་སྙིགས་གཙང་སེལ། བསྐྱར་སྐྱེས་ཆུ་ཚུར་བསྡུ་བེད་སྤྱོད། བྱང་ཕྱོགས་ས་ཁུལ་གྱི་དྭངས་གཙང་དྲོད་རླངས་མཁོ་འདོན། བཅོས་སྣུམ་གྱི་སྤུས་ཚད་རིམ་མཐོར་གཏོང་བ་སོགས་ཁྱབ་ཁོངས་ལ་དམིགས་ཏེ་གནོད་མེད་འཛད་སྤྱོད་ཀྱི་རིན་གོང་སྲིད་ཇུས་བཟོ་བ་དང་འཐུས་སྒོ་ཚང་དུ་གཏོང་རྒྱུ། གཞན་ཡང་ཞིང་ལས་ཆུ་སྤྱོད་དང་ཞིང་ལས་ཐོན་ཟོག་གི་རིན་གོང་སྒྱུར་བཅོས་ལ་སྐུལ་འདེད་ཤུགས་ཆེན་གཏོང་བ་དང་། ཁེ་ལས་དང་འབྲེལ་བའི་གྲོན་བསྡུ་གཙང་བཤེར་ཚད་ལྡན་དུ་གཏོང་བ། ཁྲོམ་རའི་རིན་གོང་ལྟ་སྡོམ་ལ་ཤུགས་སྣོན་རྒྱག་པ་དང་གསར་གཏོད་བྱེད་པ། སྤྱི་ཚོགས་ཀྱི་རོགས་སྐྱོབ་དང་འགན་ལེན་ཚད་གཞི་དེ་ཟོག་གོང་འཕར་བ་དང་ཟུང་འབྲེལ་བྱེད་པའི་མཉམ་འགུལ་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་བ་སོགས་བྱ་རྒྱུ་རེད།