མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ཞི་ཅིན་ཕིང་ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེ་མོའི་ཁུལ་གྱི་དཔལ་འབྱོར་མཉམ་ལས་རྩ་འཛུགས་ཀྱི་
འགོ་ཁྲིད་པའི་དངོས་གཞི་མིན་པའི་ཚོགས་འདུ་ཐེངས་ཉེར་ལྔ་པར་ཞུགས་པ། 

གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 11ཚེས་12ཉིན། 15:45】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

༄༅།།ཞི་ཅིན་ཕིང་ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེ་མོའི་ཁུལ་གྱི་དཔལ་འབྱོར་མཉམ་ལས་རྩ་འཛུགས་ཀྱི་
འགོ་ཁྲིད་པའི་དངོས་གཞི་མིན་པའི་ཚོགས་འདུ་ཐེངས་ཉེར་ལྔ་པར་ཞུགས་པ།

         མི་དམངས་དྲ་བའི་འཕྲིན། ཟླ་11ཚེས་10ཉིན་ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་ཝེ་ཐེ་ནམ་གྱི་ཤན་ཀང་དུ་ཕེབས་འབྱོར་ཟིན་ནས། ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེ་མོའི་ཁུལ་གྱི་དཔལ་འབྱོར་མཉམ་ལས་རྩ་འཛུགས་ཀྱི་འགོ་ཁྲིད་པའི་དངོས་གཞི་མིན་པའི་ཚོགས་འདུ་ཐེངས་ཉེར་ལྔ་པར་ཞུགས་པ་དང་སྦྲགས། ཝེ་ཐེ་ནམ་སྤྱི་ཚོགས་རིང་ལུགས་སྤྱི་མཐུན་རྒྱལ་ཁབ་ལ་རྒྱལ་དོན་འཚམས་འདྲི་ཡང་གནང་བ་རེད།
     ས་གནས་དེ་གའི་དུས་ཚོད་ཕྱི་དྲོའི་ཆུ་ཚོད་དང་པོ་ཙམ་ལ་ཞི་ཅིན་ཕིང་བཞུགས་པའི་ཆེད་གཏོང་གནམ་གྲུ་ཤན་ཀང་རྒྱལ་སྤྱིའི་གནམ་ཐང་དུ་འབྱོར་ཞིང་། ཞི་ཅིན་ཕིང་གནམ་གྲུའི་སྒོ་ནས་ཐོན་མ་ཐག་ཝེ་ཐེ་ནམ་སྲིད་གཞུང་གི་པུའུ་ཀྲང་སོགས་མཐོ་རིམ་དཔོན་རིགས་ཀྱིས་སྤྲོ་སེམས་འཁོལ་བའི་ངང་དགའ་བསུ་ཞུས་པ་རེད། ཝེ་ཐེ་ནམ་གྱི་གཞོན་ནུས་ཞི་ཅིན་ཕིང་ལ་མེ་ཏོག་སོས་པ་ཕུལ་བ་དང་ས་གདན་དམར་པོའི་གཞོགས་གཉིས་སུ་གུས་དམག་རུ་སྟར་སྒྲིག་ནས་ཡོད་པ་རེད།
     ཞི་ཅིན་ཕིང་གིས་གནམ་ཐང་དུ་ཡིག་ཐོག་གསུང་བཤད་གནང་བ་དང་། ཀྲུང་གོ་གུང་ཁྲན་ཏང་དང་། ཀྲུང་གོ་སྲིད་གཞུང་། ཀྲུང་གོའི་མི་དམངས་བཅས་ཀྱི་ཚབ་ཞུས་ནས་སྤུན་ཟླ་ཝེ་ཐེ་ནམ་གུང་ཁྲན་ཏང་དང་། ཝེ་ཐེ་ནམ་སྲིད་གཞུང་། ཝེ་ཐེ་ནམ་མི་དམངས་བཅས་ལ་ལྷག་བསམ་ཟོལ་མེད་ཀྱི་འཚམས་འདྲི་དང་སྨོན་འདུན་བཟང་པོ་ཞུས་པ་རེད། ཞི་ཅིན་ཕིང་གིས་བསྟན་དོན། ཀྲུང་ཝེ་རྒྱལ་ཁབ་གཉིས་པོ་ནི་རི་ཆུ་འབྲེལ་བའི་མཛའ་གྲོགས་ཁྱིམ་མཚེས་རྒྱལ་ཁབ་ཡིན་པ་མ་ཟད། ཆབ་སྲིད་ལམ་ལུགས་གཅིག་མཚུངས་དང་། འཕེལ་རྒྱས་ཀྱི་ལམ་བུ་འདྲ་མཚུངས། མདུན་ལམ་དང་ལས་དབང་འབྲེལ་ཡོད་པ་བཅས་རེད། ཕྱི་འབྲེལ་བཙུགས་ནས་ལོ་67ཚུན་དུ་ཀྲུང་ཝེ་རྒྱལ་ཁབ་གཉིས་པོའི་འབྲེལ་བའི་ནང་དོན་རྒྱུན་ཆད་མེད་པར་ཕུན་སུམ་ཇེ་ཚོགས་དང་ཕྱོགས་གཉིས་ཀྱི་མཉམ་ལས་ཆུ་ཚད་རྒྱུན་ཆད་མེད་པར་མཐོ་རུ་ཕྱིན་ཡོད། ལོ་རྒྱུས་ཀྱི་དུས་སྐབས་གསར་པར་སླེབས་པ་དང་རྒྱལ་ཁབ་གཉིས་པོའི་ཕྱོགས་ཡོངས་ཀྱི་འཐབ་ཇུས་མཉམ་ལས་རོགས་ཟླའི་འབྲེལ་བ་རྒྱུན་ཆད་མེད་པར་གཏིང་ཟབ་ཏུ་ཕྱིན་ནས་རྒྱལ་ཁབ་གཉིས་པོའི་མི་དམངས་ལ་ཁེ་ཕན་ཏན་ཏིག་བསྐྲུན་ཡོད་ལ། ས་ཁུལ་ཞི་བདེ་དང་། བརྟན་ལྷིང་། དར་རྒྱས་བཅས་ཡོང་བར་ལེགས་སྐྱེས་གལ་ཆེན་ཕུལ་ཡོད། ཏང་གཉིས་དང་རྒྱལ་ཁབ་གཉིས་ཀྱི་འགོ་ཁྲིད་པའི་དབར་གྲུབ་པའི་ཐུན་མོང་གི་ངོས་འཛིན་དོན་འཁྱོལ་ཐུབ་བཞིན་ཡོད་པས། ཀྲུང་ཝེ་རྒྱལ་ཁབ་གཉིས་ཀྱི་འཐབ་ཇུས་མཉམ་ལས་ཁྱབ་ཚད་དང་ཟབ་ཚད་གསར་པའི་ཕྱོགས་སུ་འཕེལ་རྒྱས་འགྲོ་བཞིན་ཡོད། ཀྲུང་གོ་ཕྱོགས་ཀྱིས་ཝེ་ཐེ་ནམ་དབར་གྱི་འབྲེལ་བར་ཚད་མཐོའི་མཐོང་ཆེན་བྱེད་ཀྱི་ཡོད། ངས་སྤྱི་ཁྱབ་ཧྲུའུ་ཅི་རོན་ཧྥུའུ་ཀྲུང་དང་། ཀྲུའུ་ཞི་ཁྲེན་ཏ་ཀོང་སོགས་ཝེ་ཐེ་ནམ་གྱི་ཏང་དང་རྒྱལ་ཁབ་ཀྱི་འགོ་ཁྲིད་བློ་མཐུན་དང་དེ་བཞིན་ཝེ་ཐེ་ནམ་གྱི་ལས་རིགས་ཁག་གི་མི་སྣ་དང་འབྲེལ་གཏུག་རྒྱ་ཁྱབ་ངང་བྱས་ནས། ཀྲུང་ཝེ་ཏང་གཉིས་དང་རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་དང་དེ་བཞིན་ཐུན་མོང་ཐོག་དོ་ཁུར་བྱེད་པའི་རྒྱལ་སྤྱི་དང་ས་ཁུལ་གྱི་གནད་དོན་ཐད་བསམ་འཆར་བརྗེ་རེས་གཏིང་ཟབ་བྱས་ཐོག སྲོལ་རྒྱུན་གྱི་མཛའ་གྲོགས་བརྟན་དུ་གཏོང་བ་དང་འབྱུང་འགྱུར་གྱི་འཕེལ་རྒྱས་གཏོང་ཕྱོགས་འཆར་འགོད་བྱས་ནས་ཀྲུང་ཝེ་རྒྱལ་ཁབ་གཉིས་པོའི་ཕྱོགས་ཡོངས་ཀྱི་འཐབ་ཇུས་མཉམ་ལས་རོགས་ཟླའི་འབྲེལ་བ་སྐས་རིམ་གསར་པ་ཞིག་ཏུ་སླེབས་ཕྱིར་སྐུལ་འདེད་གཏོང་ཐུབ་པའི་རེ་སྒུག་བྱེད་བཞིན་ཡོད་ཅེས་གསུངས་པ་རེད།
     ཏིང་ཞུའེ་ཞང་དང་། ལིའུ་ཧེ། དབྱང་ཅེ་ཁྲེ་སོགས་ཕེབས་རོགས་མི་སྣ་ལྷན་དུ་ཕེབས་འབྱོར་ཟིན་ཡོད་པ་རེད།
     སྔོན་ཚུད་ནས་ཕེབས་འབྱོར་ཟིན་པའི་ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེ་མོའི་ཁུལ་གྱི་དཔལ་འབྱོར་མཉམ་ལས་རྩ་འཛུགས་ཀྱི་འགོ་ཁྲིད་པའི་དངོས་གཞི་མིན་པའི་ཚོགས་འདུ་ཐེངས་ཉེར་ལྔ་པར་ཞུགས་མཁན་ཤང་ཀང་དམིགས་བསལ་སྲིད་འཛིན་ཁུལ་གྱི་སྲིད་འཛིན་དཔོན་ལིན་ཀྲེན་གཡོད་ཨེ་ཡིས་གནམ་ཐང་དུ་ཕེབས་སྒུག་ཞུ་བར་ཕེབས་ཡོད་པ་དང་། ཝེ་ཐེ་ནམ་དུ་བཅའ་སྡོད་ཀྲུང་གོའི་གཞུང་ཚབ་ཆེ་མོ་བ་ཧུང་ཞའོ་ཡུང་ཡང་གནམ་ཐང་དུ་ཕེབས་བསུར་བཅར་ཡོད་པ་རེད།
     ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེ་མོའི་ཁུལ་གྱི་དཔལ་འབྱོར་མཉམ་ལས་རྩ་འཛུགས་ཀྱི་འགོ་ཁྲིད་པའི་དངོས་གཞི་མིན་པའི་ཚོགས་འདུ་ཐེངས་ཉེར་ལྔ་པར་ཞུགས་པ་དང་སྦྲགས་ཝེ་ཐེ་ནམ་དུ་རྒྱལ་དོན་འཚམས་འདྲི་གནང་གྲུབ་རྗེས་ཞི་ཅིན་ཕིང་གིས་ད་དུང་ལོ་སིར་རྒྱལ་དོན་འཚམས་འདྲི་གནང་རྒྱུ་ཡིན་པ་རེད།