མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།བརྗོད་དོན་ཁ་གསལ་ལ་དོན་དངོས་དང་འབྲེལ་ཞིང་མི་སེམས་ལ་སྐུལ་ལྕག་ཐེབས་པ།

གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 11ཚེས་13ཉིན། 10:04】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

         —— ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་སློབ་སྦྱོང་ལག་བསྟར་གྱི་ཀྲུང་དབྱང་སྒྲོག་འགྲེལ་ཚོགས་པས་བོད་ལྗོངས་དང་། ཡུན་ནན། ཧྥུའུ་ཅན་བཅས་སུ་སྒྲོག་འགྲེལ་བྱས་པའི་སྐོར་བཀོད་པ། ཉིནན་ཤས་བསྟུད་མར་ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་སློབ་སྦྱོང་ལག་བསྟར་གྱི་ཀྲུང་དབྱང་སྒྲོག་འགྲེལ་ཚོགས་པ་བོད་ལྗོངས་དང་། ཡུན་ནན། ཧྥུའུ་ཅན་བཅས་སུ་བསྐྱོད་ནས་ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་གྱི་སྙན་ཞུའི་ཚོགས་འདུ་འཚོགས་ཤིང་། བརྗོད་དོན་ཁ་གསལ་ལ་དོན་དངོས་དང་འབྲེལ་བའི་སྒྲོག་འགྲེལ་ལ་ཚང་མའི་དགའ་བསུ་ཐོབ་ནས་རྒྱ་ཆེའི་ལས་བྱེད་མང་ཚོགས་ཚོས་སྙིང་སྟོབས་ཆེར་སྐྱེད་ཀྱིས་དུས་རབས་གསར་པར་བསྐྱོད་པའི་ཡིད་ཆེས་དང་ཆོད་སེམས་བརྟན་དུ་ཕྱིན་ཡོད་པ་རེད། ཚེས་9ཉིན་གྱི་ཕྱི་དྲོ། ཀྲུང་དབྱང་སྒྲོག་འགྲེལ་ཚོགས་པ་བོད་ལྗོངས་ལྷ་སར་འབྱོར་བ་དང་ཀྲུང་དབྱང་སྒྲོག་འགྲེལ་ཚོགས་པའི་ཁོངས་མི་དང་། ཀྲུང་དབྱང་སྒྱུར་བཅོས་གཞུང་ལས་ཁང་གི་རྒྱུན་ལས་ཀྲུའུ་རེན་གཞོན་པ། རྒྱལ་ཁབ་འཕེལ་སྒྱུར་ཨུ་ལྷན་གྱི་ཀྲུའུ་རེན་གཞོན་པ་བཅས་ཡིན་པའི་མུའུ་ཧུང་གིས་ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་སློབ་སྦྱོང་དང་། ལག་བསྟར། དོན་འཁྱོལ་བཅས་བྱ་རྒྱུར་དམིགས་ནས་སྒྲོག་འགྲེལ་སྙན་ཞུ་བྱས་པ་རེད།
         ཆུ་ཚོད་གཉིས་ཙམ་གྱི་སྒྲོག་འགྲེལ་སྙན་ཞུའི་ཚོགས་འདུའི་ཐོག་མུའུ་ཧུང་གིས་ཚོགས་ཆེན་བཅུ་དགུ་པའི་སྙན་སྒྲོན་གྱི་མ་ཡིག་དང་ཟུང་འབྲེལ་དམ་ཟབ་བྱས་ནས་ཚོགས་ཆེན་བཅུ་དགུ་པའི་བརྗོད་དོན་གཙོ་བོ་དང་། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ། ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན་གྱི་ལོ་རྒྱུས་འཕོ་འགྱུར། རང་རྒྱལ་སྤྱི་ཚོགས་རིང་ལུགས་ཀྱི་འགལ་ཟླ་གཙོ་བོར་འགྱུར་ལྡོག་བྱུང་བ་སོགས་ལ་ཞིབ་ཅིང་ཕྲ་བའི་སྒོ་ནས་འགྲེལ་བཤད་བརྒྱབ་པ་རེད། གོ་རིམ་ཁ་གསལ་ལ་བོད་ཀྱི་དོན་དངོས་དང་ཟུང་འབྲེལ་དམ་ཟབ་བྱས་པའི་སྒྲོག་འགྲེལ་ལ་ཚོགས་ར་ཡོངས་ཀྱི་ལས་བྱེད་མང་ཚོགས་ཚོར་ཚུར་སྣང་ལན་ཆ་ཆེན་པོ་བྱུང་ཡོད་པ་རེད།
        བོད་རང་སྐྱོང་ལྗོངས་ལྷོ་ཁ་གྲོང་ཨུད་དྲིལ་བསྒྲགས་པུའུ་རིགས་པའི་གཞུང་ལུགས་ཁོའོ་ཡི་ཁོའོ་ཀྲང་ཁྲེན་ཁུའེ་ཧྲེང་གིས་སྒྲོག་འགྲེལ་གྱི་ནང་དོན་ཟབ་པ་དང་། ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་གྱིས་ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་ཁག་འཕེལ་རྒྱས་འགྲོ་རྒྱུར་རྩ་བའི་གཞི་འཛིན་ས་མཁོ་འདོན་བྱས་ཡོད་པས། གྲོང་གསེབ་ཏུ་བསྐྱོད་རྒྱུའི་ཡིད་ཆེས་ཆེ་རུ་ཕྱིན་ཡོད་པས། ངས་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་ཞིང་འབྲོག་མང་ཚོགས་དངོས་སུ་འཕྲད་པ་བྱས་ནས་སྒྲོག་འགྲེལ་དང་ལག་བསྟར་བྱ་རྒྱུ་ཡིན་ཞེས་བཤད།
         ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་རྔ་ཆེན་ཤང་གཙང་བྲན་སྡེ་ཁུལ་གྲོང་མི་ཨུ་ལྷན་གྱི་ཀྲུའུ་རེན་གཞོན་པ་བསྟན་འཛིན་གྱིས“ང་ཚོའི་སྡེ་ཁུལ་དབུལ་གྲོལ་བྱུང་སོང་། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག་ང་ཚོས་མང་ཚོགས་སྣེ་ཁྲིད་དེ་ལོ་བརྒྱ་གཉིས་ཀྱི་འབད་འཐབ་དམིགས་ཚད་མངོན་འགྱུར་བྱ་རྒྱུའི་ཡིད་ཆེས་དང་། ཆོད་སེམས། འཇོན་ཐང་བཅས་ཡོད”ཅེས་བཤད།
         ཚེས་10ཉིན་གྱི་སྔ་དྲོ་སྒྲོག་འགྲེལ་ཚོགས་པ་ལྷ་ས་སྐྱིད་ཆུའི་འགྲམ་གྱི་གསུམ་ལྡན་གྲོང་ཚོར་བསྐྱོད་དེ་གནས་སྤོས་མང་ཚོགས་ལ་ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་སྒྲོག་འགྲེལ་བྱས་པ་རེད།
        རྟ་དཀར་ཤང་གི་ཏང་ཀྲི་པུའི་ཧྲུའུ་ཅི་མིག་དམར་ཚེ་རིང་གིས“སྒྲོག་འགྲེལ་ཚོགས་པས་ང་ཚོར་ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་སྒྲོག་འགྲེལ་བྱས་པར་བརྟེན་ང་ཚོ་གཞི་རིམ་ལས་བྱེད་པའི་ངར་ཤུགས་ཆེ་རུ་ཕྱིན་སོང་། ང་ཚོས་ངེས་པར་དུ་འབྱུང་འགྱུར་བྱ་གཞག་འཕེལ་རྒྱས་སྐོར་གྱི་ཚོགས་ཆེན་བཅུ་དགུ་པའི་བླང་བྱ་ཁག་དོན་འཁྱོལ་ནན་ཏན་བྱས་ཏེ་མཛེས་སྡུག་ལྡན་པའི་ཕ་ཡུལ་འཛུགས་སྐྲུན་ཧུར་ཐག་བྱ་རྒྱུ་ཡིན”ཞེས་བཤད།
        ཚེས་10ཉིན་གྱི་སྔ་དྲོ་ཁུན་མིང་གྲོང་ཁྱེར་ཧའེ་ཀེང་ཚོགས་ཁང་ནང་མི་ཚོགས་ཀྱིས་ཁེངས་ཤིང་། ཀྲུང་དབྱང་སྒྲོག་འགྲེལ་ཚོགས་པའི་ཁོངས་མི་དང་། ཀྲུང་དབྱང་ཐད་གཏོགས་ལས་ཁུངས་ལས་དོན་ཨུ་ལྷན་གྱི་རྒྱུན་ལས་ཧྲུའུ་ཅི་གཞོན་པ། ཀྲུང་དབྱང་གཞུང་དོན་ཐིང་གི་ཀྲུའུ་རེན་གཞོན་པ་བཅས་ཡིན་པའི་མོང་ཤང་ཧྥུང་གིས་ཚོགས་རར་ཡོད་པའི་འཐུས་མི་2700ལྷག་ཙམ་ལ་སྙན་སྒྲོན་སྒྲོག་འགྲེལ་བྱས་པ་རེད། ཡུན་ནན་ས་ཁུལ་ཁག་གི་ཚོགས་ར་147དུ་ཡོད་པའི་ལས་བྱེད་མང་ཚོགས་ཁྲི་3.4ཡིས་མཉམ་དུ་སྙན་ཞུ་ཉན་པ་རེད།
        ཆུ་ཚོད་གསུམ་ཙམ་གྱི་སྒྲོག་འགྲེལ་སྙན་ཞུའི་ཚོགས་འདུའི་ཐོག་མོང་ཤང་ཧྥུང་གིས་ཚོགས་ཆེན་བཅུ་དགུ་པའི་བརྗོད་དོན་གཙོ་བོ་དང་གྲུབ་འབྲས་གཙོ་བོ་དང་། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དུས་རབས་གསར་པར་སླེབས་པ་སོགས་ཚོཌ་ཆེན་བཅུ་དགུ་པའི་དགོངས་དོན་སྒྲོག་འགྲེལ་གཏིང་ཟབ་བྱས་པ་རེད།
       “སྒྲོག་འགྲེལ་སྙན་ཞུའི་ཁྱད་ཆོས་ཆེ་ཤོས་ནི་བརྗོད་དོན་གཙོ་བོ་ཁ་གསལ་དང་། ནང་དོན་གཏིང་ཟབ་ལ་གོ་བདེ་བ། དོན་དངོས་དང་མཐུན་པ་བཅས་ཡོད་པར་བརྟེན་ང་ཚོས་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་དང་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་ཤེས་རྟོགས་ཐུབ་ཚད་ཟབ་ཏུ་ཕྱིང་སོང་། སླད་ཕྱིན་ལས་དོན་ནང་ང་ཚོས་བསམ་བློ་དང་བྱ་སྤྱོད་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་ཐོག་སྔར་བས་གཅིག་གྱུར་ཡོང་བ་བྱ་རྒྱུ་དང་འབྲེལ་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་གྱིས་ཡུན་ནན་གྱི་མཆོང་སྐྱོད་ལྟ་བུའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུར་ཁྲིད་སྟོན་བྱ་རྒྱུ་ཡིན”ཞེས་ཡུན་ནན་ཞིང་ཆེན་སྤྱི་ཚོགས་ཚན་རིག་ཁང་གི་ཞིབ་འཇུག་པ་ཧོང་ཤའོ་ཅུན་གྱིས་སྒྲོག་འགྲེལ་ཉན་རྗེས་དེ་ལྟར་བཤད།
        སྒྲོག་འགྲེལ་ཚོགས་པ་ཡུན་ནན་དུ་སྡོད་རིང་ཁུན་མིང་གྲོང་ཁྱེར་ཀོན་ཏུའུ་ཆུས་ཅི་ཀོན་སྡེ་ཁུལ་དུ་བསྐྱོད་ནས་ལས་བྱེད་མང་ཚོགས་དང་བཞུགས་མོལ་སྤེལ་རེས་བྱས་པ་རེད།
        གྲོང་མིའི་སྡེ་ཁུལ་སྔོ་ལྗང་ཤིང་སྣས་བརྒྱན་པ་དང་། ཁོར་ཡུག་གཙང་བ། ལུས་སྦྱོང་བྱེད་ས་བཅས་ཡོད་ཅིང་། མོང་ཤང་ཧྥུང་གིས“སྡེ་ཁུལ་གྱི་ཁོར་ཡུག་ཡག་པོ་དེ་འདྲ་ཡོད་བསམ་མ་བྱུང”ཞེས་བརྗོད་བྱུང་། སྡེ་ཁུལ་གྱི་བསིལ་ཁང་འོག་མོང་ཤང་ཧྥུང་དང་བཅས་པས་སྡེ་ཁུལ་ལས་བྱེད་གྲོང་མི་དང་མཉམ་དུ་བསམ་ཚུལ་གླེང་བ་རེད།
         ལོ་60ལ་སླེབས་པའི་གྲོང་མི་ཀྲའོ་ལི་ལིན་གྱིས“ང་ཚོའི་སྡེ་ཁུལ་ནང་རྒན་འཁོགས་མང་པོ་ཡོད། ཚང་མས་ཚོགས་ཆེན་བཅུ་དགུ་པའི་སྲིད་ཇུས་གསར་པ་གང་ཡོད་མེད་ལ་དོ་ཁུར་བྱེད་ཀྱི་འདུག རྒན་རྒོན་གྱི་འཚོ་བའི་འགན་ལེན་ཐད་སྲིད་ཇུས་གང་ཡོད་དམ”ཞེས་འདྲི་སྐབས། མོང་ཤང་ཧྥུང་གིས་རྒན་གསོའི་གནད་དོན་ཁྱིམ་ཚང་ཁྲི་སྟོང་མང་པོ་དང་འབྲེལ་བ་ཡོད་པས་ཏང་དང་སྲིད་གཞུང་གིས་ཚད་མཐོའི་མཐོང་ཆེན་གནང་གི་ཡོད། ཚོགས་ཆེན་བཅུ་དགུ་པའི་ཐོག་ཏུའང་གནད་དོན་དེར་ཚད་མཐོའི་མཐོང་ཆེན་བྱས་ཏེ་ཚོགས་ཆེན་བཅུ་དགུ་པའི་སྙན་སྒྲོན་ནང་མི་འབོར་ན་རྒས་ཅན་དུ་འགྱུར་རྒྱུར་ཁ་གཏད་གཅོག་རྒྱུ་དང་། རྒན་གསོ་འགན་བཅོལ་རྒྱལ་ཡོངས་དང་སྤྱི་འདོམས་བྱེད་མགྱོགས་སུ་གཏོང་རྒྱུ། རྒན་གསོའི་ཞབས་ཞུའི་ལས་རིགས་མགྱོགས་མྱུར་འཕེལ་རྒྱས་གཏོང་རྒྱུ། རྒན་རྒོན་བྱ་གཞག་དང་ཐོན་ལས་འཕེལ་རྒྱས་མགྱོགས་སུ་གཏོང་རྒྱུ། རྒན་གསོ་རྒན་བཀུར་གྱི་སྲིད་ཇུས་མ་ལག་དང་སྤྱི་ཚོགས་ཁོར་ཡུག་བསྐྲུན་རྒྱུ་སོགས་བཏོན་ཡོད། དུས་རབས་གསར་པར་ང་ཚོའི་རྒན་རྒོན་ཚོ་དེ་བས་བདེ་སྐྱིད་དང་ཚེ་རིང་ཡོང་རྒྱུ་རེད་ཅེས་ལན་བཏབ།
         དུས་ཡུན་ཆུ་ཚོད་གཉིས་ཙམ་གྱི་བཞུགས་མོལ་སྤེལ་རེས་ཁྲོད་སྡེ་ཁུལ་གྱི་གྲོང་མིས་འཚང་ཁ་ཤིག་ཤིག་ངང་འདྲི་བ་འདོན་པ་དང་མོང་ཞང་ཧྥུང་གིས་རེ་རེ་བཞིན་ལན་བརྒྱབ་པར། སྤྲོ་སེམས་འཁོལ་བའི་ཐལ་མོའི་རྡེབ་སྒྲ་ཐེངས་མང་བསྒྲགས།
         སྔ་དྲོའི་ཆུ་ཚོད་བཅུ་པར་ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་སློབ་སྦྱོང་ལག་བསྟར་གྱི་ཀྲུང་དབྱང་སྒྲོག་འགྲེལ་ཚོགས་པའི་སྙན་ཞུའི་ཚོགས་འདུ་ཧྥུའུ་ཅན་ཚོགས་ཁང་དུ་འཚོགས་པ་རེད། ཀྲུང་དབྱང་སྒྲོག་འགྲེལ་ཚོགས་པའི་ཁོངས་མི། རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་རྒྱུ་ལྟ་སྐུལ་དོ་དམ་ཨུ་ལྷན་གྱི་ཀྲུའུ་རེན་ཤའོ་ཡཱ་ཆིང་གིས་སྒྲོག་འགྲེལ་སྙན་ཞུ་བྱས་པ་དང་། ལས་བྱེད་མང་ཚོགས་1400ལྷག་གིས་སྙན་ཞུ་ཉན་ཞིང་། ཞིང་ཆེན་ཡོངས་ཀྱི་ཆུས་བཙུགས་གྲོང་ཁྱེར་9དང་ཕིང་ཐན་ཕྱོགས་བསྡུས་ཚོད་ལྟ་ཁུལ་དུ་ཡན་ལག་ཚོགས་ར་བཙུགས་ནས་དུས་མཉམ་དུ་སྙན་ཞུ་ཐད་གཏོང་བྱས་པ་རེད།
         ཤའོ་ཡཱ་ཆིང་གིས་ཚོགས་ཆེན་བཅུ་དགུ་པའི་སྙན་སྒྲོན་དང་ཟུང་འབྲེལ་དམ་ཟབ་ཀྱིས་ཕྱོགས་ཡོངས་དང་བརྒྱུད་རིམ་ལྡན་པའི་སྒོ་ནས་ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་སྒྲོག་འགྲེལ་བྱས་ཤིང་། ཁོང་གིས་ཏང་གི་ཚོགས་ཆེན་བཅུ་དགུ་པར་གྲུབ་འབྲས་གལ་ཆེན་རབ་དང་རིམ་པ་ཐོབ་པ་དང་། ཚན་རིག་དང་མཐུན་པའི་ཆོད་གཏམ་གལ་ཆེན་རབ་དང་རིམ་པ་བཞག་པ། འཐབ་ཇུས་བཀོད་སྒྲིག་གལ་ཆེན་རབ་དང་རིམ་པ་བྱས་པ། འཐབ་ཇུས་ཀྱི་བྱ་ཐབས་གལ་ཆེན་རབ་དང་རིམ་པ་བཏོན་པ་བཅས་ལས། ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་འཕེལ་རྒྱས་གཏོང་བར་གལ་ཆེ་ལ་གཏིང་ཟབ་པའི་ཤུགས་རྐྱེན་ཐེབས་ངེས་རེད་ཅེས་བཤད། སྒྲོག་འགྲེལ་ཉན་མཁན་ཚོས་མདོ་གནད་དང་མྱོང་ཚོར་ནན་ཏན་ངང་ཟིན་བྲིས་བརྒྱབ་པ་རེད།