མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ཞི་ཅིན་ཕིང་གིས་ཨུ་རུ་སུའི་ཙུང་ཐུང་ཕུའུ་ཅིང་དང་མཇལ་འཛོམས་གནང་བ།

གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 11ཚེས་13ཉིན། 10:07】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

         མི་དམངས་དྲ་བའི་འཕྲིན། ཟླ་11ཚེས་10ཉིན་གློག་འཕྲིན་འབྱོར་གསལ། ཚེས་10ཉིན་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཝེ་ཐེ་ནམ་གྱི་གྲོང་ཁྱེར་ཤན་ཀང་དུ་ཨུ་རུ་སུའི་ཙུང་ཐུང་ཕུའུ་ཅིང་དང་མཇལ་འཛོམས་གནང་བ་རེད།
         ཞི་ཅིན་ཕིང་གིས་ང་དང་སྐུ་ཞབས་ཙུང་ཐུང་དབར་མཇལ་འཛོམས་ཐེངས་མང་བྱས་ནས་ཀྲུང་ཨུའི་འབྲེལ་བ་ཆུ་ཚད་མཐོ་པོའི་ཐོག་བརྟན་པོའི་ངང་རྒྱང་རིང་གི་ཕྱོགས་སུ་སྐྱོད་རྒྱུར་སྣེ་ཁྲིད་བྱས་པར་དགའ་འོས་པའི་གྲུབ་འབྲས་ཁག་གཅིག་ཐོབ་ཡོད། ཕྱོགས་གཉིས་པོས་རྒྱལ་ཁབ་སོ་སོའི་སྲོག་ཤིང་གི་ཁེ་ཕན་སྲུང་སྐྱོང་བྱ་རྒྱུར་བློ་བརྟན་འགྱུར་མེད་ངང་རྒྱབ་སྐྱོར་བྱེད་པ་མ་ཟད། ད་དུང་ཆབ་སྲིད་ཐད་ཕན་ཚུན་ཡིད་ཆེས་བྱེད་ཤུགས་སྔར་བས་ཆེ་རུ་བཏང་ནས་ཕན་ཚུན་དངོས་འབྲེལ་ཡིད་ཆེས་བྱེད་པའི་འཐབ་ཇུས་རོགས་ཟླར་གྱུར་ཡོད། ཀྲུང་ཨུའི་དངོས་སྒྲུབ་མཉམ་ལས་ལ་སླར་ཡང་འབྲས་བཟང་ཐོབ་པ་དང་། སྤྱི་ཚོགས་ཀྱི་རིག་གནས་སྣང་ཚུལ་སྣ་ཚོགས་སྤེལ་རེས་ཟབ་མོ་བྱེད་པ། རྒྱལ་སྤྱིའི་ལས་དོན་ཁྲོད་མཐུན་སྦྱོར་དམ་ཟབ་དང་ནུས་ལྡན་བྱེད་པ་བཅས་བྱུང་ཡོད། ཀྲུང་ཨུའི་དབར་ཕྱོགས་ཡོངས་ཀྱི་འཐབ་ཇུས་མཐུན་སྦྱོར་གྱི་རོགས་ཟླའི་འབྲེལ་བ་འཛུགས་པ་དང་འཕེལ་རྒྱས་གཏོང་རྒྱུར་ཕན་ཚུན་བརྩི་འཇོག་དང་། དྲང་སྙོམས་དྲང་བདེན། མཉམ་ལས་གཉིས་ཁེ་བཅས་ཀྱི་རྒྱལ་སྤྱིའི་འབྲེལ་བའི་མིག་དཔེ་གསར་རྐྱང་ཞིག་བཏོད་ཡོད། ཀྲུང་གོ་ཕྱོགས་ཀྱིས་ཨུ་རུ་སུ་ཕྱོགས་དང་ལག་གདང་སྦྲེལ་ནས་འབད་བརྩོན་བྱས་ཏེ་རྒྱལ་ཁབ་གཉིས་པོའི་འབྲེལ་བ་ཆུ་ཚད་མཐོ་པོའི་ངང་འཕེལ་རྒྱས་འགྲོ་རྒྱུར་བློ་བརྟན་འགྱུར་མེད་ངང་སྐུལ་འདེད་གཏོང་བ་དང་། རྒྱལ་ཁབ་སོ་སོའི་བདེ་འཇགས་དང་འཕེལ་རྒྱས་ལ་དེ་བས་ལེགས་པའི་སྒོ་ནས་སྐུལ་འདེད་གཏོང་བ། ས་ཁུལ་དང་དེ་བཞིན་འཛམ་གླིང་གི་ཞི་བདེ་བརྟན་ལྷིང་ལ་དེ་བས་ལེགས་པའི་སྒོ་ནས་སྲུང་སྐྱོང་བཅས་བྱེད་འདོད་ཡོད་ཅེས་གསུངས་པ་རེད།
         ཞི་ཅིན་ཕིང་གིས་མིག་སྔར་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དུས་རབས་གསར་པར་སླེབས་པ་དང་ཨུ་རུ་སུའང་རྒྱལ་དར་དམངས་ཕྱུག་གི་འཕེལ་རྒྱས་ལམ་བུའི་ཐོག་བརྟན་པོའི་ངང་མདུན་སྐྱོད་བྱེད་བཞིན་ཡོད། རྒྱལ་ཁབ་གཉིས་པོའི་འཕེལ་རྒྱས་ཀྱི་འགག་རྩའི་དུས་སྐབས་སུ་ཀྲུང་ཨུའི་འབྲེལ་བར་འཕེལ་རྒྱས་ཀྱི་གོ་སྐབས་གསར་པ་འཕྲད་ཡོད། ཕྱོགས་གཉིས་པོས་ཕན་ཚུན་རྒྱབ་སྐྱོར་བྱེད་ཤུགས་མུ་མཐུད་ཆེ་རུ་གཏོང་བ་དང་ཕྱོགས་ཡོངས་ཀྱི་མཉམ་ལས་ལ་མུ་མཐུད་ཤུགས་སྣོན་རྒྱག་དགོས་པ་དང་། ཕྱོགས་གཉིས་པོའི་ཚོང་དོན་གཞི་ཁྱོན་དང་སྤུས་ཚད་དུས་གཅིག་ཏུ་མཐོ་རུ་བཏང་སྟེ་ནུས་རྒྱུ་དང་། མ་འཇོག ལག་རྩལ་མཐོ་བ། མཁའ་འགྲུལ། འཇིག་རྟེན་འཕུར་སྐྱོད། རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་སོགས་ཁྱབ་ཁོངས་ཀྱི་རྣམ་གྲངས་ཆེན་པོ་དོན་འཁྱོལ་ཡག་པོ་བྱས་ནས“རྒྱུད་གཅིག་ལམ་གཅིག”འཛུགས་སྐྲུན་དང་ཡོ་རོབ་དང་ཨེ་ཤེ་ཡའི་དཔལ་འབྱོར་མནའ་འབྲེལ་སྦྲེལ་མཐུད་ལ་གྲུབ་འབྲས་དངོས་ཐོབ་རྒྱུར་སྐུལ་འདེད་གཏོང་བ་དང་། རྒྱལ་ཁབ་ཀྱི་བརྗོད་དོན་གཙོ་བོ་ལོའི་བྱེད་སྒོ་གསར་པ་འཆར་འགོད་དང་ལག་བསྟར་ཡག་པོ་བྱེད་དགོས་པ། རྒྱལ་སྤྱི་དང་ས་ཁུལ་གྱི་གླེང་མང་བའི་གནད་དོན་སྐོར་ལ་འབྲེལ་གཏུག་བྱ་རྒྱུར་ཤུགས་སྣོན་བརྒྱབ་ནས་མཉམ་འབྲེལ་རྒྱལ་ཚོགས་དང་། ཧྲང་ཧའེ་མཉམ་ལས་རྩ་འཛུགས། འབོ་གསེར་རྒྱལ་ཁབ་སོགས་སྒྲོམ་གཞི་མང་པོའི་ནང་མཐུན་སྦྱོར་དང་གཞོགས་འདེགས་བྱེད་ཟབ་ཏུ་གཏོང་དགོས་ཞེས་ནན་བཤད་གནང་བ་རེད།
          ཞི་ཅིན་ཕིང་གིས་ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོའི་དཔལ་འབྱོར་མཉམ་ལས་རྩ་འཛུགས་ནི་ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ས་ཁུལ་གྱི་དཔལ་འབྱོར་མཉམ་ལས་ཀྱི་ལམ་སྲོལ་གལ་ཆེན་ཞིག་ཡིན། ཀྲུང་གོ་ཕྱོགས་ཀྱིས་ཨུ་རུ་སུ་ཕྱོགས་དང་ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོའི་དཔལ་འབྱོར་མཉམ་ལས་རྩ་འཛུགས་ནང་སྦྲེལ་མཐུད་དང་མཐུན་སྦྱོར་བྱེད་ཤུགས་ཆེ་རུ་གཏོང་བ་དང་། ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོའི་རང་མོས་ཚོང་དོན་ཁུལ་འཛུགས་སྐྲུན་དང་།
        མཉམ་འབྲེལ་མཉམ་མཐུད། སྒྱུར་བཅོས་གསར་གཏོད་བཅས་ཐད་ཕན་འབྲས་གསར་པ་ཐོན་རྒྱུར་སྐུལ་འདེད་གཏོང་བ། སྒོ་དབྱེ་རྣམ་པའི་དཔལ་འབྱོར་འཛུགས་སྐྲུན་བྱེད་མགྱོགས་སུ་གཏོང་བ་བཅས་བྱེད་འདོད་ཡོད་ཅེས་གསུངས་པ་རེད།
         ཞི་ཅིན་ཕིང་གིས་ཕུའུ་ཅིང་ལ་ཀྲུང་གུང་ཚོགས་ཆེན་བཅུ་དགུ་པའི་འབྲེལ་ཡོད་གནས་ཚུལ་ངོ་སྤྲོད་གནང་བ་དང་ཀྲུང་གོའི་ཕྱི་འབྲེལ་གྱི་དམིགས་ཚད་ནི་ཕན་ཚུན་བརྩི་འཇོག་དང་། དྲང་སྙོམས་དྲང་བདེན། མཉམ་ལས་གཉིས་ཁེ་བཅས་ཀྱི་རྒྱལ་སྤྱིའི་འབྲེལ་བ་གསར་པར་སྐུལ་འདེད་གཏོང་བ་དང་འཛུགས་སྐྲུན་བྱས་ནས་མིའི་རིགས་ཀྱི་ལས་དབང་གཅིག་མཐུན་འདུས་གྲུབ་བསྐྲུན་རྒྱུ་དེ་ཡིན་ཞེས་ནན་བཤད་གནང་བ་རེད།
         ཕུའུ་ཅིང་གིས་ཀྲུང་གུང་ཚོགས་ཆེན་བཅུ་དགུ་པ་རྒྱལ་ཁའི་ངང་གྲོལ་བར་རྟེན་འབྲེལ་ཞུས་པ་མ་ཟད། ཞི་ཅིན་ཕིང་སླར་ཡང་ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅིར་བདམས་ཐོན་བྱུང་བར་རྟེན་འབྲེལ་ཡང་ཞུས་པ་རེད། ཁོང་གིས་ཚོགས་ཆེན་བཅུ་དགུ་པའི་གྲུབ་འབྲས་གལ་ཆེན་ལས་ཀྲུའུ་ཞི་ཞི་ཅིན་ཕིང་གིས་འགོ་ཁྲིད་གནང་བའི་ཀྲུང་གོའི་ཕྱི་ནང་གི་སྲིད་ཇུས་ལ་ཀྲུང་གོ་མི་དམངས་ཀྱི་རྒྱབ་སྐྱོར་རྒྱ་ཁྱབ་ཐོབ་པ་མཚོན་ཡོད། ཨུ་རུ་སུ་ཕྱོགས་ཀྱིས་ཐོག་མཐའ་བར་གསུམ་དུ་ཨུ་ཀྲུང་གི་ཕྱོགས་ཡོངས་ཀྱི་འཐབ་ཇུས་མཐུན་སྦྱོར་གྱི་རོགས་ཟླའི་འབྲེལ་བ་འཕེལ་རྒྱས་གཏོང་རྒྱུ་དེ་ཕྱི་ཕྱོགས་སྲིད་ཇུས་ཀྱི་སྔོན་ཚུད་ཀྱི་ཁ་ཕྱོགས་སུ་བརྩི་གི་ཡོད། ཀྲུའུ་ཞི་ཞི་ཅིན་ཕིང་གིས་འདི་ལོའི་དབྱར་དུས་སུ་ཨུ་རུ་སུར་གྲུབ་འབྲས་ཐོབ་པའི་འཚམས་འདྲི་གནང་ནས་རྒྱལ་ཁབ་གཉིས་ཀྱི་ས་ཁོངས་ཁག་གི་འབྲེལ་བ་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་བཏང་གནང་བར་ཧ་ཅང་དགའ་པོ་བྱུང་། ཕྱོགས་གཉིས་པོས་ང་དང་ཞི་ཀྲུའུ་ཞིའི་དབར་ངོས་འཛིན་གཅིག་མཐུན་གལ་ཆེན་བྱུང་བ་དག་དོན་འཁྱོལ་ཡག་པོ་བྱེད་པ་དང་། མཐོ་རིམ་དབར་འགྲོ་འོང་དམ་ཟབ་བྱེད་པ། དཔལ་འབྱོར་ཚོང་དོན་དང་། ནུས་རྒྱུ། ཞིང་ལས། རྨང་གཞིའི་སྒྲིག་བཀོད། མཁའ་འགྲུལ་བཟོ་སྐྲུན་ལས་རིགས། འཇིག་རྟེན་འཕུར་སྐྱོད་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་གཏིང་ཟབ་ཏུ་གཏོང་བ། སྤྱི་ཚོགས་ཀྱི་རིག་གནས་སྣང་ཚུལ་སྣ་ཚོགས་སྤེལ་རེས་བྱེད་རྒྱ་ཆེ་རུ་གཏོང་བ་བཅས་བྱེད་དགོས། ཨུ་རུ་སུ་ཕྱོགས་ཀྱིས་ཀྲུང་གོ་ཕྱོགས་དང་མཉམ་དུ་རྒྱལ་སྤྱིའི་ས་ཁུལ་ལས་དོན་ཁྲོད་ཀྱི་མཉམ་ལས་ལ་ཤུགས་སྣོན་རྒྱག་པ་དང་ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོའི་དཔལ་འབྱོར་མཉམ་ལས་རྩ་འཛུགས་སོགས་ཕྱོགས་མང་སྒྲིག་གཞིའི་ནང་སྦྲེལ་མཐུད་དང་མཐུན་སྦྱོར་དམ་ཟབ་བྱས་ཏེ་ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོའི་རང་མོས་ཚོང་དོན་ཁུལ་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་འདོད་ཡོད་ཅེས་གསུངས་པ་རེད།