མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ཞི་ཅིན་ཕིང་གིས་ཝེ་ཐེ་ནམ་གུང་ཁྲན་ཏང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་རོན་ཧྥུའུ་ཀྲུང་དང་
སླར་ཡང་མཇལ་འཛོམས་གནང་བ།

གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 11ཚེས་15ཉིན། 13:41】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

         མི་དམངས་དྲ་བའི་འཕྲིན། ཟླ་11ཚེས་13ཉིན། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཧ་ནོ་དབྱིའི་ཝེ་ཐེ་ནམ་གུང་ཁྲན་ཏང་ཀྲུང་དབྱང་གནས་ཡུལ་དུ་ཝེ་ཐེ་ནམ་གུང་ཁྲན་ཏང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་རོན་ཧྥུའུ་ཀྲུང་དང་སླར་ཡང་མཇལ་འཛོམས་གནང་བ་རེད། ཕྱོགས་གཉིས་པོས་བློ་མཐུན་དང་སྤུན་ཟླའི་འདུ་ཤེས་ཐོག་ནས་མུ་མཐུད་ཏང་གཉིས་དང་རྒྱལ་ཁབ་གཉིས་པོའི་འབྲེལ་བའི་ཐད་དགོངས་འཆར་བརྗེ་རེས་གཏིང་ཟབ་གནང་བ་རེད།
         ཞི་ཅིན་ཕིང་གིས་ད་རེས་ངའི་ཝེ་ཐེ་ནམ་གྱི་འཚམས་འདྲི་ཧ་ཅང་བདེ་བླག་བྱུང་བས་ཝེ་ཐེ་ནམ་མི་དམངས་ཀྱི་ཟོལ་མེད་བརྩེ་སེམས་ལ་སླར་ཡང་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། ཀྲུང་གོ་དང་ཝེ་ཐེ་ནམ་ཏང་གཉིས་དང་རྒྱལ་ཁབ་གཉིས་པོའི་འབྲེལ་བ་གཞོམ་ཞིག་མེད་པ་རྡོ་རྗེ་བྲག་ལྟར་བརྟན་པོ་ཡོད། མིག་སྔར་ཏང་གཉིས་དང་རྒྱལ་ཁབ་གཉིས་པོའི་འགོ་ཁྲིད་དབར་གྲུབ་པའི་ཐུན་མོང་གི་ངོས་འཛིན་གལ་ཆེན་རབ་དང་རིམ་པ་དག་མཉམ་ལས་ཀྱི་གྲུབ་འབྲས་དངོས་ལ་རྒྱུན་ཆད་མེད་པར་འགྱུར་བཞིན་ཡོད། ཚེས་12ཉིན་ང་དང་སྤྱི་ཁྱབ་ཧྲུའུ་ཅི་རོན་ཧྥུའུ་ཀྲུང་དབར་མཛའ་མཐུན་སྤེལ་རེས་གཏིང་ཟབ་བྱས་ཏེ་སྔོན་མའི་ཐུན་མོང་ངོས་འཛིན་གྱི་རྨང་གཞིའི་ཐོག་རྒྱལ་ཁབ་གཉིས་པོའི་མཉམ་ལས་རྒྱུན་ཆད་མེད་པར་གཏིང་ཟབ་ཏུ་བཏང་ནས་ཀྲུང་གོ་དང་ཝེ་ཐེ་ནམ་ཕྱོགས་ཡོངས་ཀྱི་འཐབ་ཇུས་མཉམ་ལས་རོགས་ཟླའི་འབྲེལ་བ་གོང་འཕེལ་ཡོང་བར་མུ་མཐུད་སྐུལ་མ་གཏོང་རྒྱུའི་མོས་མཐུན་བྱུང་ཡོད་ཅེས་གསུངས་པ་རེད།
         ཞི་ཅིན་ཕིང་གིས་དུས་རབས་གསར་པར་རྒྱལ་སྤྱིའི་ས་ཁུལ་གྱི་དུས་བབ་ལ་འགྱུར་ལྡོག་གཏིང་ཟབ་འགྲོ་བ་དང་བསྟུན་ཀྲུང་གོ་དང་ཝེ་ཐེ་ནམ་དབར་གྱི་འབྲེལ་བའི་དམིགས་བསལ་དོན་སྙིང་གལ་ཆེན་སྔར་བས་མངོན་གསལ་དོད་དུ་ཕྱིན་ཡོད། ཕྱོགས་གཉིས་པོའི་འབྲེལ་བ་གོང་འཕེལ་ཡོང་བར་སྣེ་ཁྲིད་ཡག་པོ་བྱ་ཆེད་ཕྱོགས་གཉིས་པོས་དད་སེམས་བརྟན་དུ་གཏོང་བ་དང་། ཀྲུང་གོ་དང་ཝེ་ཐེ་ནམ་དབར་གྱི་འབྲེལ་བའི་ཁ་ཕྱོགས་ཆེན་པོ་སྟངས་འཛིན་བྱེད་པ། སྤྱི་ཚོགས་ཀྱི་རིག་གནས་སྣང་ཚུལ་སྣ་ཚོགས་ཀྱི་སྤེལ་རེས་ཟབ་ཏུ་གཏོང་བ། ཀྲུང་གོ་དང་ཝེ་ཐེ་ནམ་དབར་གྱི་འབྲེལ་བའི་དམངས་འདོད་རྨང་གཞི་བརྟན་དུ་གཏོང་བ། ཀྲུང་གོ་དང་ཝེ་ཐེ་ནམ་གྱི་མཛའ་མཐུན་མཉམ་ལས་སྲུང་སྐྱོང་མཐའ་གཅིག་ཏུ་བྱེད་པ་བཅས་ཀྱི་སྒོ་ནས་ཏང་གཉིས་དང་རྒྱལ་ཁབ་གཉིས་པོའི་འབྲེལ་བ་ཐོག་མཐའ་བར་གསུམ་དུ་ཡང་དག་པའི་ཁ་ཕྱོགས་སུ་མདུན་སྐྱོད་བྱེད་དགོས་པའི་ནན་བཤད་གནང་བ་རེད།
         ཞི་ཅིན་ཕིང་གིས་ད་དུང་རོན་ཧྥུའུ་ཀྲུང་ལ་ཀྲུང་གོའི་ཏང་སྐྱོང་རྒྱལ་སྐྱོང་གི་འབྲེལ་ཡོད་ཉམས་མྱོང་ངོ་སྤྲོད་གནང་བ་རེད།
         རོན་ཧྥུའུ་ཀྲུང་གིས་ཝེ་ཐེ་ནམ་དང་ཀྲུང་གོའི་དབར་གྱི་མཛའ་མཐུན་ལ་ལོ་རྒྱུས་ཡུན་རིང་ལྡན་པ་དང་ཁྱབ་ཁོངས་ཁག་གི་དངོས་སྒྲུབ་མཉམ་ལས་རྒྱུན་ཆད་མེད་པར་ཟབ་ཏུ་ཕྱིན་ཡོད། ཀྲུང་གུང་གི་ཚོགས་ཆེན་བཅུ་དགུ་པ་གྲུབ་འབྲས་ཐོབ་པའི་ངང་འཚོགས་རྗེས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཝེ་ཐེ་ནམ་འདི་ཉིད་འཚམས་འདྲིར་ཕེབས་ཡུལ་ཨང་དང་པོར་བརྩིས་གནང་བར་དོན་སྙིང་ཆེན་པོ་ལྡན་ཡོད། ཝེ་ཐེ་ནམ་མི་དམངས་ཀྱིས་སྤྱི་ཁྱབ་ཧྲུའུ་ཅི་དང་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཡིན་པའི་ཞི་ཅིན་ཕིང་མཆོག་འཚམས་འདྲིར་ཕེབས་རྒྱུར་ལྷག་བསམ་ཟོལ་མེད་ངང་རེ་སྒུག་དང་སྤྲོ་སེམས་འཁོལ་བའི་ངང་དགའ་བསུ་ཞུས་ཡོད། ཚེས་12ཉིན་ངེད་ཚོའི་དབར་གྱི་གྲོས་མོལ་དེ་བྱམས་བརྩེ་དང་མཛའ་མཐུན་ལྡན་པ་མ་ཟད། ཕྱོགས་ཡོངས་གཏིང་ཟབ་བྱུང་བ་དེ་ཐོག་ནས་བློ་མཐུན་དང་སྤུན་ཟླའི་འདུ་ཤེས་ཟབ་མོ་གང་ལེགས་མངོན་ཡོད། ཝེ་ཐེ་ནམ་ཕྱོགས་ཀྱིས་ཀྲུང་གོ་ཕྱོགས་དང་ཏང་སྐྱོང་དང་རྒྱལ་སྲིད་སྐྱོང་ལུགས་སྐོར་གྱི་ཉམས་མྱོང་སྤེལ་རེས་ཐད་ཤུགས་སྣོན་བརྒྱབ་ནས་ཝེ་ཐེ་ནམ་དང་ཀྲུང་གོའི་དབར་གྱི་སྲོལ་རྒྱུན་མཛའ་གྲོགས་རྒྱུན་འཛིན་དང་དར་སྤེལ་བཏང་སྟེ་ཏང་གཉིས་དང་རྒྱལ་ཁབ་གཉིས་པོའི་འབྲེལ་བ་རྒྱུན་ཆད་མེད་པར་སྐས་རིམ་གསར་པར་སླེབས་རྒྱུར་སྐུལ་མ་ཧུར་ཐག་གཏོང་འདོད་ཡོད་ཅེས་གསུངས་པ་རེད།
         མཇལ་འཛོམས་གནང་མཇུག་འགྲིལ་རྗེས། ཞི་ཅིན་ཕིང་དང་རོན་ཧྥུའུ་ཀྲུང་རྣམ་གཉིས་ཧུའུ་ཀྲེ་མིང་གི་བཞུགས་གནས་རྙིང་པར་ཕེབས་ནས་མུ་མཐུད་གླེང་མོལ་གནང་བ་རེད།