མི་དམངས་དྲ་བ།

༄༅།།ཞི་ཅིན་ཕིང་གིས་ལོ་སི་མི་དམངས་གསར་བརྗེ་ཏང་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་གི་སྤྱི་ཁྱབ་
ཧྲུའུ་ཅི་རྒྱལ་ཁབ་ཀྱི་ཀྲུའུ་ཞི་པུན་དབྱང་དང་གྲོས་མོལ་གནང་བ།

གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 11ཚེས་15ཉིན། 13:44】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

༄༅།།ཞི་ཅིན་ཕིང་གིས་ལོ་སི་མི་དམངས་གསར་བརྗེ་ཏང་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་གི་སྤྱི་ཁྱབ་
ཧྲུའུ་ཅི་རྒྱལ་ཁབ་ཀྱི་ཀྲུའུ་ཞི་པུན་དབྱང་དང་གྲོས་མོལ་གནང་བ།

          མི་དམངས་དྲ་བའི་འཕྲིན། ཟླ་11ཚེས་13ཉིན་ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཝན་ཐེན་རྒྱལ་ཁབ་ཀྱི་ཀྲུའུ་ཞིའི་ལས་ཤག་ཏུ་ལོ་སི་མི་དམངས་གསར་བརྗེ་ཏང་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི་པུན་དབྱང་དང་གྲོས་མོལ་གནང་ཞིང་། ཕྱོགས་གཉིས་པོས་ཕན་ཚུན་གྱི་འཕེལ་རྒྱས་གྲུབ་འབྲས་ལ་གདེང་འཇོག་གང་ལེགས་གནང་བ་དང་འབྲེལ་ཕན་ཚུན་དབར་སྤེལ་རེས་བྱེད་ཤུགས་ཆེ་རུ་གཏོང་བ་དང་། ཀྲུང་གོའི་སྒྱུར་བཅོས་སྒོ་དབྱེ་དང་ལོ་སིའི་གསར་བཅོས་བྱ་གཞག་རྒྱུན་ཆད་མེད་པར་མདུན་ཕྱོགས་སུ་འཕེལ་རྒྱས་གཏོང་བ། ཁྱིམ་མཚེས་བཟང་པོ་དང་། གྲོགས་པོ་བཟང་པོ། བློ་མཐུན་བཟང་པོ། རོགས་ཟླ་བཟང་པོ་བཅས་ཀྱི་སྙིང་སྟོབས་མུ་མཐུད་རྒྱུན་འཛིན་བྱེད་པ། ཀྲུང་ལོ་རྒྱལ་ཁབ་གཉིས་པོའི་སྲོལ་རྒྱུན་གྱི་མཛའ་གྲོགས་འབྲེལ་བ་བརྟན་དུ་གཏོང་བ་བཅས་བྱས་ཏེ་ཡུན་རིང་བརྟན་ལྷིང་གི་ཀྲུང་ལོ་རྒྱལ་ཁབ་གཉིས་པོའི་ཕྱོགས་ཡོངས་ཀྱི་འཐབ་ཇུས་མཉམ་ལས་རོགས་ཟླའི་འབྲེལ་བ་སྐས་རིམ་གསར་པ་ཞིག་ཏུ་སླེབས་རྒྱུར་སྐུལ་འདེད་གཏོང་རྒྱུའི་མོས་མཐུན་གནང་བ་རེད།
          ཞི་ཅིན་ཕིང་གིས་ལོ་སིས་རྒྱལ་ཁབ་དེ་རང་གི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་འགྲོ་ལམ་ཐོག་བསྐྱོད་རྒྱུ་མཐའ་འཁྱོངས་བྱེད་པར་བསྔགས་བརྗོད་ཆེན་པོ་གནང་བ་དང་འབྲེལ་ལོ་སིའི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་གྲུབ་འབྲས་ཧ་ཅང་ཆེན་པོ་ཐོབ་པར་གདེང་འཇོག་གང་ལེགས་གནང་ཞིང་། ཁོང་གིས་སྤྱི་ཁྱབ་ཧྲུའུ་ཅི་པུན་དབྱང་གིས་གཙོ་འཛིན་གནང་བའི་ལོ་སི་ཏང་ཀྲུང་དབྱང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག་ཕྱོགས་ཡོངས་ནས་གསར་བཅོས་བྱེད་པའི་བྱ་གཞག་ཁྲོད་ལོ་སིའི་མི་དམངས་ལ་གྲུབ་འབྲས་དེ་བས་ཆེ་བ་ཐོབ་ངེས་ཡིན་པའི་ཡིད་ཆེས་བརྟན་པོ་ཡོད་ཅེས་ནན་བཤད་གནང་བ་རེད།
         པུན་དབྱང་གིས་ཀྲུང་གུང་ཚོགས་ཆེན་བཅུ་དགུ་པ་ཐུགས་གྲ་ལེགས་འགྲིག་བྱུང་བར་སྤྲོ་སེམས་འཁོལ་བའི་བཀྲ་ཤིས་བདེ་ལེགས་ཞུས་པ་དང་འབྲེལ་ཚོགས་ཆེན་ཐོག་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་འདི་ཉིད་ཀྲུང་གོ་གུང་ཁྲན་ཏང་གི་མཛུབ་ཁྲིད་བསམ་བློར་གཏན་འཁེལ་གནང་བར་ཚད་མཐོའི་གདེང་འཇོག་གནང་ཞིང་། ཁོང་གིས་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག་ཀྲུང་གོ་མི་དམངས་ཀྱིས“ལོ་བརྒྱ་གཉིས”ཀྱི་འབད་འཐབ་དམིགས་ཚད་མངོན་འགྱུར་བྱེད་པའི་ཕྱོགས་སུ་བདེ་བླག་ངང་སྐྱོད་ཐུབ་ངེས་ཡིན་པའི་ཡིད་ཆེས་ཡོད་ཅེས་གསུངས་པ་དང་། པུན་དབྱང་གིས་ཀྲུང་གུང་ཚོགས་ཆེན་བཅུ་དགུ་པའི་གྲུབ་འབྲས་ཀྱིས་ད་དུང་དུས་རབས་གསར་པའི་སྤྱི་ཚོགས་རིང་ལུགས་ཀྱི་རིགས་པའི་གཞུང་ལུགས་འཕེལ་རྒྱས་འགྲོ་རྒྱུ་དང་། ས་ཁུལ་དང་འཛམ་གླིང་ཞི་བདེ་དང་། མཛའ་གྲོགས། མཉམ་ལས། འཕེལ་རྒྱས་བཅས་ཀྱི་ཆེད་ལེགས་སྐྱེས་གལ་ཆེན་འབུལ་རྒྱུ་རེད་ཅེས་གསུངས་པ་རེད།
           ཞི་ཅིན་ཕིང་གིས་ཀྲུང་ལོ་རྒྱལ་ཁབ་གཉིས་པོ་ནི་སྤྱི་ཚོགས་རིང་ལུགས་ཀྱི་མཛའ་མཐུན་ཁྱིམ་མཚེས་རྒྱལ་ཁབ་ཅིག་ཡིན་པས་སྲོལ་རྒྱུན་གྱི་ཁྱིམ་མཚེས་རྒྱལ་ཁབ་དབར་གྱི་མཛའ་གྲོགས་འབྲེལ་བ་ཟབ་ལ་བརྟན་པོ་ཡོད། ཕྱི་འབྲེལ་འབྲེལ་བ་བཙུགས་ནས་ལོ་56སོང་ཚུན་ཕྱོགས་གཉིས་པོའི་དབར་ཆབ་སྲིད་ཐད་ཕན་ཚུན་ཡིད་ཆེས་བྱེད་ཤུགས་རྒྱུན་ཆད་མེད་པར་ཆེ་རུ་ཕྱིན་པ་དང་། དོན་གཉེར་མཉམ་ལས་བྱེད་རྒྱ་རྒྱུན་མཐུད་ནས་ཆེ་རུ་ཕྱིན་པ། སྤྱི་ཚོགས་ཀྱི་རིག་གནས་སྣང་ཚུལ་སྣ་ཚོགས་སྤེལ་རེས་ཉིན་རེ་བཞིན་ཟབ་ཏུ་ཕྱིན་པ། རྒྱལ་ཁབ་གཉིས་པོའི་འབྲེལ་བ་ཕྱོགས་ཡོངས་ནས་འཕེལ་རྒྱས་གཏིང་ཟབ་ཕྱིན་པ་བཅས་བྱུང་སྟེ་རྒྱལ་ཁབ་གཉིས་པོའི་མི་དམངས་ལ་ཏན་ཏན་ཏིག་ཏིག་གི་ཁེ་ཕན་ཐོབ་ཡོད། ཀྲུང་ལོ་རྒྱལ་ཁབ་གཉིས་པོའི་ཕུགས་བསམ་དད་སེམས་གཅིག་མཚུངས་ཡིན་པ་དང་། རྒྱལ་ཁབ་གཉིས་པོའི་འབྲེལ་བའི་འཐབ་ཇུས་ཀྱི་ངེས་གནས་མཐོ་བ། འཕེལ་རྒྱས་ཀྱི་བར་མཐོངས་རྒྱ་ཆེ་བ་བཅས་ཡོད།
          ཀྲུང་གོ་ཕྱོགས་ཀྱིས་སྔ་བར་ཕྱི་གསུམ་དུ་ཀྲུང་ལོ་རྒྱལ་ཁབ་གཉིས་པོའི་སྲོལ་རྒྱུན་མཛའ་གྲོགས་འབྲེལ་བར་གཅེས་འཛིན་གྱིས་ལོ་སིའི་དབར་གྱི་འབྲེལ་བར་ཚད་མཐོའི་མཐོང་ཆེན་བྱས་ནས་ལོ་སི་ཕྱོགས་དང་མཉམ་དུ་འབད་བརྩོན་བྱས་ཏེ་ཕན་ཚུན་ཡིད་ཆེས་དང་། རོགས་རེས། གཉིས་ཕན་བཅས་ཀྱི་ཀྲུང་ལོ་རྒྱལ་ཁབ་གཉིས་པོའི་ཕྱོགས་ཡོངས་ཀྱི་འཐབ་ཇུས་མཉམ་ལས་རོགས་ཟླའི་འབྲེལ་བ་རྒྱུན་ཆད་མེད་པར་ཕུན་སུམ་ཚོགས་སུ་དང་གོང་འཕེལ་བཏང་ནས་རྒྱལ་ཁབ་གཉིས་པོ་ནམ་ཡང་ཁྱིམ་མཚེས་བཟང་པོ་དང་། གྲོགས་པོ་བཟང་པོ། བློ་མཐུན་བཟང་པོ། རོགས་ཟླ་བཟང་པོ་བཅས་ཆགས་པ་བྱེད་འདོད་ཡོད་ཅེས་ནན་བཤད་གནང་བ་རེད།
         པུན་དབྱང་གིས་བློ་མཐུན་ཞི་ཅིན་ཕིང་གིས་ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅིའི་འགན་མུ་མཐུད་བཞེས་རྗེས་འཚམས་འདྲི་ཐེངས་དང་པོ་ལོ་སིར་གནང་བར་ཐུགས་རྗེ་ཆེ་ཞུས་པ་དང་། ད་ཐེངས་འཚམས་འདྲི་གནང་བ་བརྒྱུད་རྒྱལ་ཁབ་གཉིས་པོའི་སྲོལ་རྒྱུན་མཛའ་གྲོགས་འབྲེལ་བ་ཟབ་ཏུ་འགྲོ་བ་དང་རྒྱལ་ཁབ་གཉིས་པོའི་ཁྱབ་ཁོངས་ཁག་གི་མཉམ་ལས་ལ་སྐུལ་འདེད་ཐེབས་ནས་ལོ་ཀྲུང་རྒྱལ་ཁབ་གཉིས་པོའི་ལས་དབང་གཅིག་མཐུན་འདུས་གྲུབ་ཀྱི་འཆར་འགོད་ཇུས་གཞི་འདིང་བ་དང་ཁ་ཕྱོགས་གསལ་སྟོན་བྱས་ནས་ལོ་ཀྲུང་རྒྱལ་ཁབ་གཉིས་པོའི་ཕྱོགས་ཡོངས་ཀྱི་འཐབ་ཇུས་མཉམ་ལས་རོགས་ཟླའི་འབྲེལ་བ་སྐས་རིམ་གསར་པ་ཞིག་ཏུ་སླེབས་རྒྱུར་སྐུལ་འདེད་ཐུབ་ངེས་རེད་ཅེས་གསུངས་པ་རེད།
         ཞི་ཅིན་ཕིང་དང་པུན་དབྱང་རྣམ་གཉིས་ཀྱིས་ཏང་གཉིས་པོ་དང་རྒྱལ་ཁབ་གཉིས་པོའི་འབྲེལ་བ་དང་དེ་བཞིན་ཐུན་མོང་ཐོག་དོ་ཁུར་གནང་བའི་རྒྱལ་སྤྱི་དང་ས་ཁུལ་གྱི་གནད་དོན་ཐད་དགོངས་འཆར་སྤེལ་རེས་གཏིང་ཟབ་གནང་ནས་ཐུན་མོང་གི་ངོས་འཛིན་གལ་ཆེན་བྱུང་བ་རེད། ཕྱོགས་གཉིས་པོས་ཀྲུང་ལོ་རྒྱལ་ཁབ་གཉིས་པོ་ནི་གུང་ཁྲན་ཏང་གིས་འགོ་ཁྲིད་གནང་བའི་སྤྱི་ཚོགས་རིང་ལུགས་ཀྱི་རྒྱལ་ཁབ་རེད། ཕྱོགས་གཉིས་པོས་ཕན་ཚུན་དབར་ཡིད་ཆེས་བྱེད་པའི་རྨང་གཞིའི་ཐོག་ཀྲུང་ལོ་རྒྱལ་ཁབ་གཉིས་པོའི་འཐབ་ཇུས་དོན་སྙིང་ལྡན་པའི་ལས་དབང་གཅིག་མཐུན་འདུས་གྲུབ་མཉམ་དུ་གཏོད་རྒྱུ་དེ་ཏང་གཉིས་པོ་དང་རྒྱལ་ཁབ་གཉིས་པོ་དང་རྒྱལ་ཁབ་གཉིས་པོའི་མི་དམངས་ཀྱི་རྩ་བའི་ཁེ་ཕན་དང་ཐུན་མོང་གི་རེ་འདུན་དང་མཐུན་ཡོད་ལ་མིའི་རིགས་ཞི་བདེ་དང་འཕེལ་རྒྱས་ཀྱི་བླ་ན་མེད་པའི་བྱ་གཞག་ལ་ཕན་པ་ཡོད་པའི་ངོས་འཛིན་གཅིག་མཐུན་གནང་བ་རེད།
         ཕྱོགས་གཉིས་པོས་མཐོ་རིམ་མི་སྣའི་དབར་ཕན་ཚུན་འཚམས་འདྲི་བྱེད་པའི་ཕུལ་བྱུང་སྲོལ་རྒྱུན་མུ་མཐུད་རྒྱུན་འཁྱོངས་བྱས་ནས་དུས་སྐབས་གསར་པར་ཀྲུང་ལོ་རྒྱལ་ཁབ་གཉིས་པོའི་འབྲེལ་བ་འཕེལ་རྒྱས་འགྲོ་རྒྱུར་སྣེ་ཁྲིད་དང་མཛུབ་ཁྲིད་བྱེད་དགོས་པའི་མོས་མཐུན་གནང་བ་རེད།
          ཕྱོགས་གཉིས་པོས“རྒྱུད་གཅིག་ལམ་གཅིག”གི་གྲོས་འགོ་དང་ལོ་སིའི“སྐམ་ས་སྒོ་རྒྱག་རྒྱལ་ཁབ་ནས་སྐམ་ལམ་མཉམ་འབྲེལ་རྒྱལ་ཁབ་ཏུ་བསྒྱུར་བའི”འཐབ་ཇུས་སྦྲེལ་མཐུད་བྱེད་མགྱོགས་སུ་བཏང་ནས་ཀྲུང་ལོ་རྒྱལ་ཁབ་གཉིས་པོའི་དཔལ་འབྱོར་བར་ཁྱམས་མཉམ་དུ་བསྐྲུན་རྒྱུའི་མོས་མཐུན་གནང་བ་རེད།
         ཕྱོགས་གཉིས་པོས་རིག་གནས་དང་། སློབ་གསོ། ཚན་རྩལ། ཡུལ་སྐོར་སོགས་ཀྱི་ཁྱབ་ཁོངས་མཉམ་ལས་ཟབ་ཏུ་བཏང་ནས་ལོ་སིའི་ཀྲུང་གོའི་རིག་གནས་ལྟེ་གནས་ཡག་པོ་གཉེར་བ་དང་། གཞོན་ནུ་ལོ་ཆུང་གི་མཛའ་མཐུན་སྤེལ་རེས་ལ་ཤུགས་སྣོན་རྒྱག་པ། ས་གནས་དབར་གྱི་མཉམ་ལས་བྱེད་རྒྱ་ཆེ་རུ་གཏོང་བ་བཅས་བྱེད་པའི་མོས་མཐུན་གནང་བ་རེད།