མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ཚོགས་ཆེན་བཅུ་དགུ་པའི་འཐུས་མི་ཝང་ཡུན་ཕིང་གིས་བཟོ་བོའི་སྙིང་སྟོབས་ལ་བརྟེན་ནས་ཀྲུང་
གོའི་རིག་ནུས་བཟོ་སྐྲུན་ལ་རམ་འདེགས་བྱེད་དགོས་ཞེས་བརྗོད་པ། 

གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 11ཚེས་16ཉིན། 10:41】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

        མི་དམངས་དྲ་བའི་འཕྲིན། “དེང་ལ་གཞི་ཚུགས་པ་དང་། འབྱུང་འགྱུར་ལ་རྒྱང་ལྟ་བྱེད། ཀྲུང་གོའི་ཕུགས་འདུན་མངོན་འགྱུར་བྱེད་པའི་ང་ཚོའི་ཡིད་ཆེས་བརྟན་པོ་དེ་འདྲ་ཡོང་མྱོང་མེད”ཉེ་དུས། ཅིའུ་ཀང་ལྕགས་དང་ངར་ལྕགས་ཚོགས་པའི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་སྒྲོག་འགྲེལ་ཚོགས་ཆེན་ཐོག ཚོགས་ཆེན་བཅུ་དགུ་པའི་འཐུས་མི་ཝང་ཡུན་ཕིང་གིས་གོང་གསལ་གྱི་སྐད་ཆ་དུམ་བུ་བརྗོད་ནས་གཏམ་གླེང་འགོ་ཚུགས། ཝང་ཡུན་ཕིང་པེ་ཅིང་ནས་ཀན་སུའུ་ཞིང་ཆེན་ཅ་ཡུས་ཀོན་གྲོང་ཁྱེར་དུ་ཕྱིར་ལོག་བྱས་རྗེས། རེ་བ་དང་། ཡིད་ཆེས། སྟོབས་ཤུགས་བཅས་ནི་ཁོང་གིས་སྒྲོག་འགྲེལ་བྱེད་སྐབས་སྤྱོད་པའི་ཐ་སྙད་གཙོ་བོ་དེ་རེད།
        ཝང་ཡུན་ཕིང་གིས“ཅ་ཡུས་ཀོན་གྲོང་ཁྱེར་དང་ཅིའུ་ཀང་ལྕགས་དང་ངར་ལྕགས་ཚོགས་པའི་ཚོགས་ཆེན་བཅུ་དགུ་པའི་འཐུས་མི་གཅིག་པུ་ཡིན་པའི་ངའི་འགན་འཁྲི་གཙོ་བོ་ནི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་གཞི་རིམ་དུ་སྒྲོལ་འགྲེལ་བྱ་རྒྱུ་ཙམ་མ་ཟད། དེ་བས་གལ་འགངས་ཆེ་བ་ནི་ཚོགས་ཆེན་བཅུ་དགུ་པ་ལས་ཐོན་པའི‘སྒུལ་ཤུགས’དེ་མི་ཚང་མའི་སེམས་ནང་ཟུག་ཐུབ་པ་བྱ་རྒྱུ་དེ་ཡིན”ཞེས་བརྗོད།
       ཚོགས་ཆེན་བཅུ་དགུ་པའི་སྙན་སྒྲོན་ནང་ཤེས་བྱའི་རྣམ་པ་དང་། རྩལ་ནུས་རྣམ་པ། གསར་གཏོད་རྣམ་པ་བཅས་ཀྱི་ངལ་རྩོལ་སྟོབས་ཤུགས་འཛུགས་སྐྱོང་བྱས་ཏེ། ངལ་རྩོལ་དཔེ་བཟང་གི་སྙིང་སྟོབས་དང་བཟོ་བོའི་སྙིང་སྟོབས་དར་སྤེལ་བཏང་ནས། ངལ་རྩོལ་གཟི་བརྗིད་ཡིན་པའི་སྤྱི་ཚོགས་ཀྱི་དར་སྲོལ་དང་ཡག་ཐོག་ཡག་བརྩེགས་ཀྱི་ལས་བརྩོན་དར་སྲོལ་གཏོད་རྒྱུ་ཡིན་ལུགས་བསྟན་པ་དེ་ལས་རང་ཉིད་ཀྱིས“ཀྲུང་གོའི་རིག་ནུས་བཟོ་སྐྲུན”ལ་ཡིད་ཆེས་ཀྱིས་ཁེངས་སོང་ཞེས་ཝང་ཡུན་ཕིང་གིས་བརྗོད།
       གཞི་རིམ་དུ་ཕྱིར་ལོག་རྗེས། ཝང་ཡུན་ཕིང་སེམས་འགུལ་ཚད་མེད་ཐེབས་བཞིན་དུ་ཉིན་གཉིས་ཀྱི་དུས་ཚོད་ནང་ཡིག་འབྲུ་ཁྲི་1.5ཡི་སྒྲོག་འགྲེལ་དཔྱད་གཞི་ཞིག་བྲིས་པ་དང་རང་ཉིད་ཀྱི་བུ་མོ་དང་གདོང་ཐུག་ཙམ་བྱས་རྗེས་དེ་མུར་སྒྲོལ་འགྲེལ་གྱི་ལས་ལ་གཞོལ།
       ཅ་ཡུས་ཀོན་གྲོང་ཁྱེར་གྱི་སྒྲོལ་འགྲེལ་ཚོགས་ཆེན་ཐོག་ཝང་ཡུན་ཕིང་གིས་ཚོགས་ཆེན་བཅུ་དགུ་པའི་སྙན་སྒྲོན་ནང་གི་བརྡར་ཤ་གཅོད་པ་གསར་པ་དང་བཀྲག་མདངས་འཚེར་ས་གསར་པ་གཙོ་གནད་ཐོག་འགྲེལ་བཤད་བརྒྱབ་ཅིང་། ཁོང་གི་བསམ་པར་བརྡར་ཤ་གཅོད་པ་གསར་པ་དང་བཀྲག་མདངས་འཚེར་ས་གསར་པ་དེ་དག་ལས་མི་དམངས་ལ་བརྩེ་བ་ཟབ་མོ་བཅངས་པ་དང་དམངས་འཚོར་དོ་ཁུར་ཆེན་པོ་བྱ་ལུགས་མཚོན་ལ་ཏང་ཡོངས་ཀྱི་བློ་གྲོས་གཅིག་ཏུ་བསྡུས་པ་དང་སྐབས་གསར་པའི་ཀྲུང་དབྱང་འགོ་ཁྲིད་མཉམ་སྡེབ་ཀྱིས་ཀྲུང་གོའི་མི་དམངས་སྣེ་ཁྲིད་དེ་འཚོ་བ་དེ་བས་ཡག་པ་མངོན་འགྱུར་ཐུབ་པའི་ཆོད་སེམས་ཀྱང་མཚོན་གྱི་ཡོད་པ་རེད།
       རྒྱལ་ཁབ་ཀྱི་གསར་གཏོད་མ་ལག་གསར་པ་འཛུགས་སྐྲུན་ལ་ཤུགས་སྣོན་དང་། སྔོན་ཐོན་གྱི་བཟོ་སྐྲུན་ལས་རིགས་འཕེལ་རྒྱས་མགྱོགས་མྱུར། གསར་གཏོད་རྣམ་པའི་རྒྱལ་ཁབ་འཛུགས་སྐྲུན་སོགས་ཚོགས་ཆེན་བཅུ་དགུ་པའི་སྙན་སྒྲོན་ནང་བཏོན་པའི་འཕེལ་རྒྱས་ཀྱི་ཁ་ཕྱོགས་དེ་དག་ནི་སྒྲོག་འགྲེལ་བྱེད་རིམ་བཞིན་ནང་ཝང་ཡུན་ཕིང་གིས་ནན་བཤད་བྱེད་པའི་གཙོ་གནད་ཅིག་ཡིན་པ་གདོན་མི་ཟ། “རང་རྒྱལ་གྱི་ཐོན་ལས་གོ་ལ་ཧྲིལ་པོའི་རིན་ཐང་སྦྲེལ་ཐག་གི་མཐོ་ས་དང་འབྲིང་སའི་ཕྱོགས་སུ་སྐྱོད་བཞིན་ཡོད། ཐོན་རྫས་ཞིབ་བཟོ་བྱེད་མཁན་ཞིག་ཡིན་པའི་ངས་གསར་གཏོད་ཀྱི་གལ་ཆེའི་རང་བཞིན་ཉམས་སུ་མྱོང་ཐུབ་བྱུང་། གལ་སྲིད་གསར་གཏོད་མི་བྱེད་པའི་ཁར་རང་སར་ཡང་གནས་མ་ཐུབ་ཚེ། མཐའ་མ་སྒོ་རྒྱག་རྒྱུ་ལས་མ་འདས། གསར་གཏོད་བྱེད་པར་བརྩོན་པ་ཆུ་བོའི་རྒྱུན་བཞིན་བསྟེན་པའི་སྙིང་སྟོབས་དགོས་ལ་སྒོ་འབྱེད་ཡར་བརྩོན་དང་ལམ་ལུགས་ཡང་བཟོ་དགོས། མ་ཟད་ད་དུང་འདིར་ཡོད་པའི་ང་ཚོ་མི་རེ་ངོ་རེའི་ཐུན་མོང་གི་འབད་བརྩོན་ཡང་དགོས”ཞེས་ཝང་ཡུན་ཕིང་གིས་ཅིའུ་ཀང་ལྕགས་དང་ངར་ལྕགས་ཚོགས་པའི་སྒྲོག་འགྲེལ་ཚོགས་ཆེན་ཐོག་དེ་ལྟར་བརྗོད།
       ཝང་ཡུན་ཕིང་གིས་གསར་འགོད་པར“ངས་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་ལ་གོ་བ་གཏིང་ཟབ་ལེན་པ་དང་། སྒྲོག་འགྲེལ་ཡག་པོ་བྱེད་པ། འཐབ་ཕྱོགས་དང་པོ་བརྟན་པོ་སྲུང་བ་བཅས་བྱས་ནས། ཁེ་ལས་ཀྱི་ཕན་འབྲས་གསར་གཏོད་དང་ས་གནས་ཀྱི་འཕེལ་རྒྱས་ལ་ལེགས་སྐྱེས་འབུལ་རྒྱུ་ཡིན། ཚོགས་ཆེན་བཅུ་དགུ་པས་འཕེལ་རྒྱས་ཀྱི་བསམ་གཞི་གསར་པ་སྔར་སླེབས་མྱོང་མེད་པའི་མཐོ་ཚད་ཐོག་སླེབས་པ་བྱས། རང་རྒྱལ་གྱི་རྒྱལ་སྤྱིའི་ཆུ་ཚད་ལྡན་པའི་འཐབ་ཇུས་ཚན་རྩལ་ཤེས་ལྡན་མི་སྣ་དང་། ཚན་རྩལ་འགོ་ཁྲིད་ཤེས་ལྡན་མི་སྣ། གཞོན་ནུའི་ཚན་རྩལ་ཤེས་ལྡན་མི་སྣ། ཆུ་ཚད་མཐོ་བའི་གསར་གཏོད་ཚོགས་པ་བཅས་ཉིན་བཞིན་སྟོབས་ཆེར་བཏང་ཚེ། ཀྲུང་གོའི་དཔལ་འབྱོར་འཕེལ་རྒྱས་ཀྱི་ཡིད་ཆེས་ཀྱང་ཉིན་བཞིན་ཆེ་རུ་འགྲོ་སྲིད”ཅེས་བརྗོད།