མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ཞི་ཅིན་ཕིང་གིས་རྒྱལ་ཡོངས་ཀྱི་བསམ་པའི་དཔལ་ཡོན་འཛུགས་སྐྱོང་གི་གཟེངས་བསྟོད་ཚོགས་
ཆེན་གྱི་འཐུས་མིར་མཇལ་འཕྲད་གནང་བ། 

གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 11ཚེས་19ཉིན། 13:41】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

༄༅།།ཞི་ཅིན་ཕིང་གིས་རྒྱལ་ཡོངས་ཀྱི་བསམ་པའི་དཔལ་ཡོན་འཛུགས་སྐྱོང་གི་གཟེངས་བསྟོད་ཚོགས་
ཆེན་གྱི་འཐུས་མིར་མཇལ་འཕྲད་གནང་བ།

          མི་དམངས་དྲ་བའི་འཕྲིན། རྒྱལ་ཡོངས་ཀྱི་བསམ་པའི་དཔལ་ཡོན་འཛུགས་སྐྱོང་གི་གཟེངས་བསྟོད་ཚོགས་ཆེན་ཟླ་11ཚེས་17ཉིན་པེ་ཅིང་དུ་འཚོགས་པ་རེད། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་མི་དམངས་ཚོགས་ཁང་ཆེ་མོར་ཚོགས་ཆེན་ལ་ཞུགས་མཁན་སྐབས་གསར་པའི་རྒྱལ་ཡོངས་ཀྱི་ཤེས་དཔལ་གྲོང་ཁྱེར་དང་། ཤེས་དཔལ་གྲོང་ཚོ་དང་གྲོང་རྡལ། ཤེས་དཔལ་ཚན་པ། ཤེས་དཔལ་སློབ་གྲྭ ན་སོ་དར་ལ་མ་བབས་པའི་མིའི་བསམ་བློ་ཀུན་སྤྱོད་འཛུགས་སྐྱོང་ལས་དོན་བཅས་ཀྱི་སྔོན་ཐོན་འཐུས་མི་དང་རྒྱལ་ཡོངས་ཀྱི་ཀུན་སྤྱོད་དཔེ་བཟང་འཐུས་མིར་བྱམས་བརྩེའི་ངང་མཇལ་འཕྲད་གནང་ནས་འཐུས་མི་ཡོངས་ལ་བཀྲ་ཤིས་བདེ་ལེགས་ཞུས་གནང་བ་དང་འབྲེལ་ཁོང་ཚོར་ཡང་འབད་བསྐྱར་འབད་ཀྱིས་སྤྱི་ཚོགས་རིང་ལུགས་ཀྱི་བསམ་པའི་དཔལ་ཡོན་འཛུགས་སྐྱོང་བྱེད་རིང་སླར་ཡང་བྱས་རྗེས་གསར་པ་འཇོག་པ་དང་མིག་དཔེ་འདོན་དགོས་པའི་ལྕག་སྐུལ་ཡང་གནང་བ་རེད།
         ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུ་ཀྲུང་དབྱང་ཤེས་དཔལ་ཨུ་ལྷན་གྱི་ཀྲུའུ་རེན་ཝང་ཧུའུ་ཉིང་མཇལ་འཕྲད་ལ་ཞུགས་པ་དང་འབྲེལ་གཟེངས་བསྟོད་ཚོགས་ཆེན་ལའང་ཕེབས་པ་རེད།
         ཚེས་17ཉིན་གྱི་སྔ་དྲོར། མི་དམངས་ཚོགས་ཁང་ཆེ་མོའི་གསེར་མདོག་ཚོམས་ཆེན་དུ་དགའ་སྤྲོའི་རྣམ་པས་ཁེངས་ཤིང་། རྒྱལ་ཡོངས་ཀྱི་བསམ་པའི་དཔལ་ཡོན་འཛུགས་སྐྱོང་གི་གཟེངས་བསྟོད་ཚོགས་ཆེན་ལ་ཞུགས་མཁན་འཐུས་མི་600ལྷག་ཙམ་སྙིང་སྟོབས་རབ་ཏུ་འཕེལ་བ་དང་དགའ་བས་མྱོས་ཡོད། ཆུ་ཚོད་དགུ་དང་ཕྱེད་ཀར་ཞི་ཅིན་ཕིང་སོགས་དེ་གར་ཕེབས་སྐབས་ཚོགས་ར་ཡོངས་སུ་ཐལ་མོའི་རྡེབ་སྒྲས་ཁེངས། ཞི་ཅིན་ཕིང་སོགས་ཀྱིས་དགྱེས་ཚོར་ཆེན་པོས་འཐུས་མི་ཚོ་དང་ཕྱག་གཏོང་རེས་གནང་བ་དང་སྦྲགས་བྱམས་བརྩེའི་ངང་གླེང་མོལ་གནང་བ་རེད། འཐུས་མི་ཚོས་ཀྱང་གཅིག་རྗེས་གཉིས་མཐུད་ངང་སྤྱི་ཁྱབ་ཧྲུའུ་ཅིར་ཁམས་བདེའི་འཚམས་འདྲི་ཞུས་ཤིང་། ཞི་ཅིན་ཕིང་གིས་རྒྱལ་ཡོངས་ཀུན་སྤྱོད་དཔེ་བཟང་གི་འཐུས་མི་ལོ་93ལ་སླེབས་པའི་ཀྲུང་གོ་གྲུ་གཟིངས་ལྕི་བའི་བཟོ་ལས་ཚོགས་པ་ཀུང་སིའི་719ཞིབ་འཇུག་སུའོ་ཡི་མཚན་འཛིན་སུའོ་ཀྲང་ཧོང་ཤུས་ཧྭ་དང་ལོ་82ལ་སླེབས་པའི་ཀུའེ་ཀྲོའུ་ཞིང་ཆེན་ཙུན་དབྱི་གྲོང་ཁྱེར་པོ་ཀྲོའུ་ཆུས་ཕིང་ཀྲེང་ཀེ་ལའོ་རིགས་ཤང་ཡོན་ཚའོ་ཝང་པ་གྲོང་ཚོའི་ཏང་ཀྲི་པུའི་ཧྲུའུ་ཅི་ཧོང་ཏ་ཧྥ་རྣམ་གཉིས་ལ་གཟིགས་སྐབས། ཞི་ཅིན་ཕིང་གིས་འཐུས་མི་གཉིས་པོའི་དབུས་སུ་བཞུགས་ནས་ཁོང་གཉིས་ཀྱི་ལག་དམ་པོར་འཇུས་གནང་སྟེ་འཐུས་མི་རྣམ་གཉིས་ཁོང་གི་འཁྲིས་སུ་སྡོད་དུ་བཅུག་གནང་། འཐུས་མི་རྣམ་གཉིས་ཀྱིས་འཚེར་སྣང་བྱས་ཀྱང་སྤྱི་ཁྱབ་ཧྲུའུ་ཅིས་སླར་ཡང་གདན་ཞུ་གནང་བས། མཐར་ཁོང་རྣམ་གཉིས་སྤྱི་ཁྱབ་ཧྲུའུ་ཅིའི་ཉེ་འགྲམ་དུ་བསྡད། སྤྱི་ཁྱབ་ཧྲུའུ་ཅིས་དཔེ་བཟང་བ་རྒན་གྲས་གཉིས་པོར་ཐུགས་ཁུར་དང་བརྩི་འཇོག་འདི་འདྲ་གནང་བར་ཚོགས་འདུར་ཞུགས་མཁན་ཚང་མ་སེམས་འགུལ་ཆེན་པོ་ཐེབས་ནས་ཐལ་མོའི་རྡེབ་སྒྲ་ཡུན་རིང་བར་གྲགས། དེ་རྗེས་ཞི་ཅིན་ཕིང་སོགས་ཀྱིས་འཐུས་མི་ཚོ་དང་ལྷན་དུ་དྲན་རྟེན་སྐུ་པར་བསྐྱོན་པ་རེད།
        ཝང་ཧུའུ་ཉིང་གིས་གཟེངས་བསྟོད་ཚོགས་ཆེན་ཐོག་གསུང་བཤད་གནང་ཞིང་། ཁོང་གིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བྱམས་བརྩེའི་ངང་ཚོགས་ཞུགས་བློ་མཐུན་ཡོངས་ལ་མཇལ་འཕྲད་གནང་བ་ལས་སྤྱི་ཁྱབ་ཧྲུའུ་ཅིས་སྤྱི་ཚོགས་རིང་ལུགས་ཀྱི་བསམ་པའི་དཔལ་ཡོན་འཛུགས་སྐྱོང་ལ་ཚད་མཐོའི་མཐོང་ཆེན་གནང་ལུགས་གང་ལེགས་མངོན་ལ་བསམ་པའི་དཔལ་ཡོན་འཛུགས་སྐྱོང་འཐབ་ཕྱོགས་ཀྱི་བློ་མཐུན་ཚོར་བྱམས་བརྩེའི་ཐུགས་ཁུར་གནང་ལུགས་ཀྱང་མངོན་ཐུབ། ལོ་ལྔའི་རིང་སྤྱི་ཚོགས་རིང་ལུགས་ཀྱི་བསམ་པའི་དཔལ་ཡོན་འཛུགས་སྐྱོང་ལ་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་ཐོབ་པ་དང་ལོ་རྒྱུས་རང་བཞིན་གྱི་གསར་སྒྱུར་བྱུང་ཡོད། དེ་ལྟར་བྱུང་བའི་རྩ་བ་ནི་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་དང་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པའི་ཚན་རིག་དང་མཐུན་པའི་མཛུབ་ཁྲིད་ལས་བྱུང་བ་ཞིག་རེད། དུས་རབས་གསར་པར་བསམ་པའི་དཔལ་ཡོན་འཛུགས་སྐྱོང་ལ་དམ་འཛིན་ཡག་པོ་བྱེད་པར་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་སློབ་སྦྱོང་དང་། དྲིལ་བསྒྲགས། ལག་བསྟར་བཅས་བྱ་རྒྱུ་འདི་ཆབ་སྲིད་ཀྱི་ལས་འགན་གལ་ཆེན་ཞིག་ཏུ་རྩི་དགོས་པ་དང་། གལ་ཆེའི་ནང་གི་འགངས་ཆེ་ནི་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་སློབ་སྦྱོང་སློབ་གསོ་དང་དྲིལ་བསྒྲགས་འཆད་འགྲེལ་བྱ་རྒྱུར་ཤུགས་སྣོན་རྒྱག་རྒྱུ་དེ་རེད། སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བ་སྐྱེད་སྲིང་དང་ལག་ལེན་ཧུར་ཐག་བསྟར་ནས་ཕུགས་བསམ་དང་དད་སེམས་ཀྱི་སློབ་གསོར་ཤུགས་སྣོན་རྒྱག་པ་དང་། ཀྲུང་ཧྭའི་ཕུལ་བྱུང་གི་སྲོལ་རྒྱུན་རིག་གནས་དང་། གསར་བརྗེའི་རིག་གནས། སྤྱི་ཚོགས་རིང་ལུགས་ཀྱི་སྔོན་ཐོན་རིག་གནས་བཅས་དར་སྤེལ་ཤུགས་ཆེན་གཏོང་བ། མང་ཚོགས་རང་བཞིན་གྱི་བསམ་པའི་དཔལ་ཡོན་སྲོལ་གཏོད་བྱེད་སྒོ་ཟབ་ཏུ་གཏོང་བ། མི་དམངས་ལྟེ་བར་བྱེད་པའི་ལས་ཀའི་སྟོན་ཕྱོགས་མཐའ་འཁྱོངས་བྱེད་པ། དཔེ་མཚོན་མིག་དཔེ་ཁྲིད་སྟོན་དུ་བྱ་རྒྱུར་མཐོང་ཆེན་བཅས་བྱས་ཏེ་ཀྲུང་གོའི་སྙིང་སྟོབས་དང་། ཀྲུང་གོའི་རིན་ཐང་། ཀྲུང་གོའི་སྟོབས་ཤུགས་བཅས་སྔར་བས་ལེགས་པའི་ངང་གཏོད་དགོས། ཏང་གི་འགོ་ཁྲིད་ལ་ཤུགས་སྣོན་བརྒྱབ་ནས་ལས་དོན་ཁག་ལེགས་གཏོང་དང་གསར་གཏོད་ལ་སྐུལ་འདེད་བཏང་སྟེ་མི་དམངས་ཀྱིས་ཏང་གི་ཚོགས་ཆེན་བཅུ་དགུ་པའི་ཐོག་གཏན་འཁེལ་བྱས་པའི་དམིགས་ཚད་དང་ལས་འགན་འགྲུབ་ཆེད་འབད་འཐབ་བྱ་རྒྱུར་ལྕག་སྐུལ་བྱེད་དགོས་ཞེས་གསུངས།
       ཏིང་ཤོའེ་ཞང་མཇལ་འཕྲད་ལ་ཞུགས་པ་དང་། ལིའུ་ཡན་ཏུང་མཇལ་འཕྲད་ལ་ཞུགས་པ་དང་འབྲེལ་ཚོགས་འདུའི་ཐོག་གཟེངས་བསྟོད་ཀྱི་གཏན་འབེབས་སྒྲོག་སྦྱངས་གནང་བ། ཧོང་ཁུན་མིང་མཇལ་འཕྲད་ལ་ཞུགས་པ་དང་འབྲེལ་གཟེངས་བསྟོད་ཚོགས་ཆེན་གཙོ་སྐྱོང་གནང་བ་རེད།
       ཚོགས་ཆེན་ཐོག་གཟེངས་བསྟོད་ཐོབ་མཁན་འཐུས་མིར་བྱ་དགའ་སྤྲད་པ་རེད། སྐབས་ལྔ་པའི་རྒྱལ་ཡོངས་ཀྱི་ཤེས་དཔལ་གྲོང་ཁྱེར་དང་། རྒྱལ་ཡོངས་ཀྱི་ཤེས་དཔལ་གྲོང་ཚོ་དང་གྲོང་རྡལ། རྒྱལ་ཡོངས་ཀྱི་ཤེས་དཔལ་ཚན་པ་བཅས་ཀྱི་འཐུས་མི་དང་། སྐབས་དང་པོའི་རྒྱལ་ཡོངས་ཀྱི་ཤེས་དཔལ་སློབ་གྲྭའི་འཐུས་མི། སྐབས་དང་པོའི་རྒྱལ་ཡོངས་ཀྱི་ན་སོ་དར་ལ་མ་བབས་པའི་མིའི་བསམ་བློ་ཀུན་སྤྱོད་འཛུགས་སྐྱོང་ལས་དོན་གྱི་སྔོན་ཐོན་འཐུས་མི། སྐབས་དྲུག་པའི་རྒྱལ་ཡོངས་ཀྱི་ཀུན་སྤྱོད་དཔེ་བཟང་འཐུས་མི་བཅས་སོ་སོས་ཚོགས་ཆེན་ཐོག་གཏམ་བཤད་སྤེལ་བ་རེད།