མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ཞི་ཅིན་ཕིང་གིས་སྐབས་བཅུ་དགུ་པའི་ཀྲུང་དབྱང་གི་ཕྱོགས་ཡོངས་ནས་སྒྱུར་བཅོས་ཟབ་གཏོང་
འགོ་ཁྲིད་ཚོགས་ཆུང་གི་ཚོགས་འདུ་ཐེངས་དང་པོ་གཙོ་སྐྱོང་གནང་བ།

གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 11ཚེས་22ཉིན། 13:33】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

         མི་དམངས་དྲ་བའི་འཕྲིན། ཟླ་11ཚེས་20ཉིན་གྱི་ཕྱི་དྲོ་ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི། ཀྲུང་དབྱང་གི་ཕྱོགས་ཡོངས་ནས་སྒྱུར་བཅོས་ཟབ་གཏོང་འགོ་ཁྲིད་ཚོགས་ཆུང་གི་ཙུའུ་ཀྲང་བཅས་ཡིན་པའི་ཞི་ཅིན་ཕིང་གིས་སྐབས་བཅུ་དགུ་པའི་ཀྲུང་དབྱང་གི་ཕྱོགས་ཡོངས་ནས་སྒྱུར་བཅོས་ཟབ་གཏོང་འགོ་ཁྲིད་ཚོགས་ཆུང་གི་ཚོགས་འདུ་ཐེངས་དང་པོ་གཙོ་སྐྱོང་གནང་བ་དང་འབྲེལ་གསུང་བཤད་གལ་ཆེན་ཡང་གནང་བ་རེད། ཁོང་གིས་འདས་ཟིན་པའི་ལོ་འགའི་ནང་སྒྱུར་བཅོས་ཐད་གྲུབ་འབྲས་ཧ་ཅང་ཆེན་པོ་ཐོབ་ཡོད་ལ་རྒྱང་སྐྱོད་ཀྱི་ལམ་བུ་གསར་པའི་ཐོག་སྒྱུར་བཅོས་ཐད་སྔར་བཞིན་བྱེད་རིན་ཆེན་པོ་ཡོད། ས་ཁུལ་ཁག་དང་སྡེ་ཚན་ཁག་གིས་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་བྱས་ཏེ་དེའི་ནང་འདུས་པའི་སྒྱུར་བཅོས་ཀྱི་སྙིང་སྟོབས་དང་། སྒྱུར་བཅོས་ཀྱི་བཀོད་སྒྲིག སྒྱུར་བཅོས་ཀྱི་བླང་བྱ་བཅས་ཁོང་དུ་ཆུད་རྒྱུར་དོ་སྣང་བྱས་ཏེ་རྒྱུན་མཐུད་འཚོལ་ཞིབ་དང་མུ་མཐུད་འབད་འཐབ་བྱས་ནས་བློ་བརྟན་འགྱུར་མེད་ངང་སྒྱུར་བཅོས་མདུན་ཕྱོགས་སུ་སྐུལ་འདེད་གཏོང་དགོས་པའི་ནན་བཤད་གནང་བ་རེད།
         ལི་ཁེ་ཆང་དང་། ཀྲང་ཀའོ་ལི། དབང་དབྱང་། ཝང་ཧུའུ་ཉིང་བཅས་ཚོགས་འདུར་ཕེབས་ཡོད་པ་རེད།
         ཚོགས་འདུའི་ཐོག་《རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་ལ་གཞུང་ཁོངས་རྒྱུ་ནོར་དོ་དམ་གནས་ཚུལ་སྙན་ཞུའི་ལམ་ལུགས་འཛུགས་རྒྱུའི་སྐོར་གྱི་བསམ་འཆར་》དང་《གྲོང་ཚོ་དབུལ་པོའི་གྲོང་སྡོད་ལས་དོན་རུ་ཁག་འདེམས་གཏོང་དོ་དམ་ལས་དོན་ལ་ཤུགས་སྣོན་རྒྱག་རྒྱུའི་སྐོར་གྱི་མཛུབ་ཁྲིད་བསམ་འཆར་》《གྲོང་གསེབ་ཀྱི་མི་སྡོད་ཁོར་ཡུག་བཅོས་སྐྱོང་གི་ལོ་གསུམ་གྱི་བྱ་སྤྱོད་ཀྱི་ཇུས་གཞི་》《མཚོ་དང་མཚེའུ་རུ་མཚོ་དཔོན་ལམ་ལུགས་ལག་ལེན་བསྟར་རྒྱུའི་སྐོར་གྱི་མཛུབ་ཁྲིད་བསམ་འཆར་》《དུས་རབས་གསར་པའི་དགེ་རྒན་དཔུང་ཁག་འཛུགས་སྐྱོང་སྒྱུར་བཅོས་ཕྱོགས་ཡོངས་ནས་གཏིང་ཟབ་ཏུ་གཏོང་རྒྱུའི་སྐོར་གྱི་བསམ་འཆར་》《གྲོང་གསེབ་ཀྱི་ཁང་སའི་ལམ་ལུགས་སྒྱུར་བཅོས་ཚོད་ལྟ་རྒྱ་ཆེར་གཏོང་རྒྱུའི་སྐོར་གྱི་དགོངས་སྐོར་》《མཁོ་ཆོད་སྨན་པ་གསོ་སྐྱོང་དང་བེད་སྤྱོད་ཀྱི་སྐུལ་ལྕག་ལམ་སྲོལ་སྒྱུར་བཅོས་དང་འཐུས་སྒོ་ཚང་དུ་གཏོང་རྒྱུའི་སྐོར་གྱི་བསམ་འཆར་》《ཀྲུང་དབྱང་གུང་གཞོན་སྡེ་ཚོགས་སློབ་གྲྭ་སྒྱུར་བཅོས་ཀྱི་ཇུས་གཞི》《ཁྲིམས་འཛུགས་དང་འབྲེལ་བ་ཡོད་པའི་ཁེ་ཕན་གལ་ཆེན་ལེགས་སྒྲིག་དང་རིགས་པས་ཁུངས་སྐྱེལ། བློ་འདྲི་བཅས་སྐོར་གྱི་ལས་ཀའི་ཚད་གཞི་》《རྩོད་གཞི་ཅུང་ཆེ་བའི་ཁྲིམས་འཛུགས་དོན་ཚན་གལ་ཆེན་ཕྱོགས་ག་པའི་དཔྱད་དཔོག་ནང་འཇུག་རྒྱུའི་སྐོར་གྱི་ལས་ཀའི་ཚད་གཞི》《ཤེས་བྱའི་བདག་དབང་འདྲི་གཅོད་ཁྱབ་ཁོངས་སྒྱུར་བཅོས་གསར་གཏོད་ལ་ཤུགས་སྣོན་རྒྱག་རྒྱུའི་གནད་དོན་འགའ་ཞིག་སྐོར་གྱི་བསམ་འཆར་》《ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་ལག་བསྟར་དོན་འཁྱོལ་བྱས་ནས་བློ་བརྟན་འགྱུར་མེད་ངང་སྒྱུར་བཅོས་གཏིང་ཟབ་དུ་གཏོང་རྒྱུའི་སྐོར་གྱི་ལས་ཀའི་བསམ་འཆར་》《ཀྲུང་དབྱང་གི་ཕྱོགས་ཡོངས་ནས་སྒྱུར་བཅོས་ཟབ་གཏོང་འགོ་ཁྲིད་ཚོགས་ཆུང་གི་ལས་ཀའི་ཕྱོགས་སྡོམ》《ཀྲུང་དབྱང་གི་ཕྱོགས་ཡོངས་ནས་སྒྱུར་བཅོས་ཟབ་གཏོང་འགོ་ཁྲིད་ཚོགས་ཆུང་གི་ལས་ཀའི་སྒྲིག་སྲོལ(བཟོ་བཅོས་འཆར་ཟིན)》 《ཀྲུང་དབྱང་གི་ཕྱོགས་ཡོངས་ནས་སྒྱུར་བཅོས་ཟབ་གཏོང་འགོ་ཁྲིད་ཚོགས་ཆུང་ཆེད་དོན་ཚོགས་ཆུང་གི་ལས་ཀའི་སྒྲིག་སྲོལ(བཟོ་བཅོས་འཆར་ཟིན)》 《ཀྲུང་དབྱང་གི་ཕྱོགས་ཡོངས་ནས་སྒྱུར་བཅོས་ཟབ་གཏོང་འགོ་ཁྲིད་ཚོགས་ཆུང་གཞུང་དོན་ཁང་གི་ལས་ཀའི་ཞིབ་སྲོལ(བཟོ་བཅོས་འཆར་ཟིན)》བཅས་ལ་གྲོས་ཞིབ་བྱས་ནས་གྲོས་འཆམ་བྱུང་བ་རེད། ད་དུང་ཚོགས་འདུའི་ཐོག་《ལྟ་བཤེར་བྱེད་ཤུགས་ཆེ་རུ་བཏང་ནས་སྒྱུར་བཅོས་དོན་འཁྱོལ་གནས་ཚུལ་ལ་དམ་འཛིན་ནན་པོ་བྱེད་རྒྱུའི་སྐོར་གྱི་སྙན་ཞུ་》ལ་གྲོས་ཞིབ་བྱས་པ་རེད།
         ཚོགས་འདུའི་ཐོག་བསྟན་དོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་ལ་གཞུང་ཁོངས་རྒྱུ་ནོར་དོ་དམ་གནས་ཚུལ་སྙན་ཞུའི་ལམ་ལུགས་འཛུགས་རྒྱུ་ནི་ཏང་གི་ཚོགས་ཆེན་བཅུ་དགུ་པའི་ཐོག་ནན་བཤད་བྱས་པའི་གཞུང་ཁོངས་རྒྱུ་ནོར་ལ་ལྟ་སྐུལ་དོ་དམ་བྱེད་རྒྱུར་ཤུགས་སྣོན་རྒྱག་པའི་བྱ་ཐབས་གལ་ཆེན་ཞིག་རེད།
         ཚོགས་འདུའི་ཐོག་ནན་བཤད་གནང་དོན། གྲོང་ཚོ་དབུལ་པོའི་གྲོང་སྡོད་ལས་དོན་རུ་ཁག་འདེམས་གཏོང་དོ་དམ་ལས་དོན་ལ་ཤུགས་སྣོན་རྒྱག་པར་ཤིན་ཏུ་དབུལ་པོའི་ས་ཁུལ་གྱི་གྲོང་ཚོ་དབུལ་པོ་དང་དབུལ་སྒྲོལ་དཀའ་གནད་ཆེ་བའི་གྲོང་ཚོ་དབུལ་པོ་གལ་ཆེའི་ནང་གི་འགངས་ཆེར་བརྩིས་ནས་སྒྲིག་གཞི་དང་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་རྒྱུ་ནས་འགོ་བརྩམས་ཏེ་མི་སྣ་འདེམས་གཏོང་ཚད་ལྡན་དུ་གཏོང་བ་དང་། ལས་ཀའི་ལས་འགན་ཁ་གསལ་བཟོ་བ། རྒྱུན་གཏན་དོ་དམ་ལ་ཤུགས་སྣོན་རྒྱག་པ། དཔྱད་ཞིབ་སྐུལ་ལྕག་བྱེད་ནན་དུ་གཏོང་བ་བཅས་བྱེད་དགོས།
         ཚོགས་འདུའི་ཐོག་བསྟན་དོན། གྲོང་གསེབ་ཀྱི་མི་སྡོད་ཁོར་ཡུག་བཅོས་སྐྱོང་བྱ་སྤྱོད་སྤེལ་བར་གྲོང་ཁྱེར་དང་གྲོང་གསེབ་འཕེལ་རྒྱས་ལ་སྤྱི་འདོམས་དང་། ཐོན་སྐྱེད་དང་། འཚོ་བ། སྣོད་བཅུད་བཅས་ལ་སྤྱི་འདོམས་བྱས་ཏེ་མཛེས་སྡུག་སྡོད་མལ་གྲོང་ཚོ་བསྐྲུན་རྒྱུ་ཕྱོགས་སྟོན་དུ་འཛིན་པ་དང་། གྲོང་གསེབ་ཀྱི་གད་སྙིགས་དང་བཙོག་ཆུ་གཙང་སེལ་དང་གྲོང་གསེབ་ཀྱི་བཀོད་པ་དང་རྣམ་པ་ལེགས་སུ་གཏོང་རྒྱུ་ཁ་ཕྱོགས་གཙོ་བོར་བརྩིས་ནས་ཕྱོགས་ཁག་གི་སྟོབས་ཤུགས་སྐུལ་སློང་དང་། ཐོན་ཁུངས་སྣ་ཚོགས་བསྡུ་སྒྲིལ། བྱ་ཐབས་ཁག་ལ་ཤུགས་སྣོན་བཅས་ཀྱི་ཐོག་ནས་གྲོང་གསེབ་ཀྱི་མི་སྡོད་ཁོར་ཡུག་གི་ཞན་ཆ་མངོན་གསལ་དོད་པོ་གང་མགྱོགས་གསབ་དགོས། ཡུལ་བབ་དང་བསྟུན་རྒྱུར་དོ་སྣང་བྱས་ཏེ་གྲོང་གསེབ་ཀྱི་རྣམ་པ་སྲུང་སྐྱོང་དང་ཉར་འཇོག་ཐུབ་པ་བྱེད་དགོས།
         ཚོགས་འདུའི་ཐོག་ནན་བཤད་གནང་དོན། ཆུ་དཔོན་ལམ་ལུགས་ཕྱོགས་ཡོངས་ནས་ཁྱབ་གདལ་གཏོང་བའི་རྨང་གཞིའི་ཐོག་མཚོ་དང་མཚེའུ་རུ་མཚོ་དཔོན་ལམ་ལུགས་ལག་བསྟར་བྱེད་དགོས།
         ཚོགས་འདུའི་ཐོག་བསྟན་དོན། དུས་རབས་གསར་པའི་དགེ་རྒན་དཔུང་ཁག་འཛུགས་སྐྱོང་སྒྱུར་བཅོས་ཕྱོགས་ཡོངས་ནས་གཏིང་ཟབ་ཏུ་གཏོང་བར་ཏང་གི་སློབ་གསོའི་མཛད་ཕྱོགས་ཕྱོགས་ཡོངས་ནས་ལག་ལེན་བསྟར་ཏེ་སྤྱི་ཚོགས་རིང་ལུགས་ཀྱི་སློབ་གཉེར་ཁ་ཕྱོགས་མཐའ་འཁྱོངས་བྱེད་པ་དང་། སློབ་གསོའི་ཆོས་ཉིད་དང་དགེ་རྒན་འཚར་ལོངས་ཀྱི་འཕེལ་རྒྱས་ཆོས་ཉིད་ལ་བརྩི་སྲུང་ཞུ་བ། དགེ་རྒན་གྱི་བྱང་ཚད་མཐོ་རུ་དང་འཇོན་ཐང་ཕྱོགས་ཡོངས་ནས་ཆེ་རུ་གཏོང་བ། དགེ་རྒན་དོ་དམ་གྱི་སྒྲིག་གཞི་དང་ལམ་སྲོལ་སྒྱུར་བཅོས་ལ་སྐུལ་འདེད་གཏིང་ཟབ་གཏོང་བ་བཅས་བྱས་ནས་ཕུལ་བྱུང་ཤེས་ལྡན་མི་སྣས་འཚང་ཁ་ཤིག་ཤིག་ངང་དགེ་རྒན་བྱེད་པར་ཡོང་བ་དང་། དགེ་རྒན་ཚང་མས་རང་གི་འཇོན་ཐང་ངོམ་པ། དགེ་རྒན་ཡག་པོ་རྒྱུན་ཆད་མེད་པ་ཐོན་པ་བཅས་ཀྱི་རྣམ་པ་བཟང་པོ་ཞིག་ཆགས་པ་བྱེད་དགོས། གྲོང་གསེབ་ཀྱི་དགེ་རྒན་དཔུང་ཁག་ཡག་པོ་འཛུགས་སྐྱོང་དང་རྒྱ་སྟོབས་ཆེ་རུ་གཏོང་རྒྱུར་མཐོང་ཆེན་བྱེད་དགོས།
         ཚོགས་འདུའི་ཐོག་ནན་བཤད་གནང་དོན། ཁང་སའི་ལམ་ལུགས་སྒྱུར་བཅོས་ཚོད་ལྟ་བྱེད་ཁྱོན་ཆེ་རུ་གཏོང་དགོས། དུས་འགོའི་ལག་ལེན་གྱི་རྨང་གཞི་ཡོད་པས་ས་ཆ་སྤྱི་ལ་དབང་བའི་ལམ་ལུགས་ཀྱི་ངོ་བོར་འགྱུར་ལྡོག་མི་འགྲོ་བ་དང་། རྨོ་ཞིང་གི་དམར་ཐིག་ལས་མི་བརྒལ་བ། ཞིང་པའི་ཁེ་ཕན་ལ་གནོད་འཚེ་མི་ཕོག་པ་བཅས་ཀྱི་མཐའ་ཚད་ནན་པོ་སྲུང་དགོས།
         ཚོགས་འདུའི་ཐོག་བསྟན་དོན། མཁོ་ཆོད་སྨན་པ་གསོ་སྦྱོང་དང་བེད་སྤྱོད་ཀྱི་སྐུལ་ལྕག་ལམ་སྲོལ་སྒྱུར་བཅོས་དང་འཐུས་སྒོ་ཚང་དུ་གཏོང་བར་སྨན་བཅོས་འཕྲོད་བསྟེན་ཞབས་ཞུ་དང་ནད་ཐོག་གསོ་རིག་ཤེས་ལྡན་མི་སྣ་འཚར་ལོངས་ཀྱི་ཆོས་ཉིད་ལ་བརྩི་སྲུང་ཞུ་དགོས།
         ཚོགས་འདུའི་ཐོག་ནན་བཤད་གནང་དོན། ཀྲུང་དབྱང་གུང་གཞོན་སྡེ་ཚོགས་སློབ་གྲྭའི་ལས་དོན་གྱིས་ཏང་གི་གཞོན་ནུ་མང་ཚོགས་ཀྱི་ལས་དོན་ཆེད་ལས་བྱེད་པ་དང་རྐང་འཛིན་པར་སློབ་གསོ་གཏོང་བ་དང་གསོ་སྐྱོང་བྱེད་པའི་འགན་འཁྲི་གལ་ཆེན་འཁུར་ཡོད་པས་སྒྱུར་བཅོས་ཐད་ཏང་གི་གཞོན་ནུའི་ལས་དོན་གྱི་ཁྱོན་ཡོངས་ལ་དམིགས་དགོས།
         ཚོགས་འདུའི་ཐོག་བསྟན་དོན། ཁྲིམས་འཛུགས་དང་འབྲེལ་བ་ཡོད་པའི་ཁེ་ཕན་གལ་ཆེན་ལེགས་འགྲིག་དང་རིགས་པས་ཁུངས་སྐྱེལ། བློ་འདྲི་བཅས་དང་རྩོད་གཞི་ཅུང་ཆེ་བའི་ཁྲིམས་འཛུགས་དོན་ཚན་གལ་ཆེན་ཕྱོགས་ག་པའི་དཔྱད་དཔོག་ནང་འཇུག་པའི་ལས་ཀའི་ཚད་གཞི་ནི་ཏང་གི་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་ཐོག་བཀོད་སྒྲིག་བྱས་པའི་སྒྱུར་བཅོས་ཀྱི་བྱ་ཐབས་གལ་ཆེན་ཞིག་རེད།
         ཚོགས་འདུའི་ཐོག་ནན་བཤད་གནང་དོན། ཤེས་བྱའི་བདག་དབང་འདྲི་གཅོད་ཁྱབ་ཁོངས་སྒྱུར་བཅོས་གསར་གཏོད་ལ་ཤུགས་སྣོན་རྒྱག་པར་ཤེས་བྱའི་བདག་དབང་ཁྲིམས་འཛིན་སྲུང་སྐྱོང་གི་གཙོ་ཁྲིད་ནུས་པ་འདོན་སྤེལ་གང་ལེགས་བྱེད་དགོས།
         ཚོགས་འདུའི་ཐོག་བསྟན་དོན། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག་ང་ཚོས་མཁྲེགས་སར་གཏུག་ཕོད་པ་དང་། ཉེན་ཁར་མི་འཛེམ་པའི་འགན་འཁྲི་འཁུར་སེམས་དང་བློ་སྟོབས་ལ་བརྟེན་ནས་ཕྱོགས་ཁག་གི་སྒྲིག་གཞི་དང་ལམ་སྲོལ་གྱི་ཞན་ཆ་མཐའ་གཅིག་ཏུ་བསལ་བས་སྒྱུར་བཅོས་ཀྱི་རིགས་པའི་གཞུང་ལུགས་ཀྱི་གྲུབ་འབྲས་དང་། ལམ་ལུགས་ཀྱི་གྲུབ་འབྲས། ལག་ལེན་གྱི་གྲུབ་འབྲས་མང་པོ་ཐོབ་སྟེ་ཁྱབ་ཁོངས་གཙོ་བོའི་སྒྱུར་བཅོས་བྱེད་པོའི་སྒྲོམ་གཞི་སྤྱིར་ན་གཏན་འཁེལ་ཐུབ་ཡོད།
         ཚོགས་འདུའི་ཐོག་ནན་བཤད་གནང་དོན། ཏང་གི་ཚོགས་ཆེན་བཅུ་དགུ་པའི་ཐོག་ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་འཕེལ་རྒྱས་ཀྱི་བླང་བྱ་གསར་པར་དམིགས་ནས་ཕྱོགས་ཡོངས་ནས་སྒྱུར་བཅོས་གཏིང་ཟབ་ཏུ་གཏོང་རྒྱུའི་ཐད་ལས་འགན་གསར་པ་བཏོན་ཡོད་ལ་ཤུགས་ཚད་ཆེ་བ་དང་། བླང་བྱ་མཐོ་བ། བྱ་ཐབས་ཏན་ཏིག་བཅས་ཀྱི་སྒྱུར་བཅོས་ཀྱི་ལས་འགན་ཁག་མང་པོ་ཞིག་ཀྱང་བཀོད་སྒྲིག་བྱས་ཡོད།
         ཚོགས་འདུའི་ཐོག་ས་ཁུལ་ཁག་དང་སྡེ་ཚན་ཁག་གིས་ཆབ་སྲིད་ཀྱི་འདུ་ཤེས་དང་། སྤྱི་ཡོངས་ཀྱི་འདུ་ཤེས། སྲོག་ཤིང་གི་འདུ་ཤེས། མི་བལྟོས་ཀྱི་འདུ་ཤེས་བཅས་ཟབ་ཏུ་བཏང་སྟེ་འགན་འཁྲི་དོན་འཁྱོལ་ལ་ཤུགས་སྣོན་དང་རང་ངོས་ཀྱི་དོན་དངོས་དང་ཟུང་འབྲེལ་བྱས་ནས་ཏང་ཀྲུང་དབྱང་གིས་བཏོན་པའི་འཐབ་ཇུས་བཀོད་སྒྲིག་དེ་ས་ཁུལ་དང་སྡེ་ཚན་འདི་གའི་ལས་ཀའི་ལས་འགན་དུ་སྒྱུར་དགོས་པའི་མཛུབ་སྟོན་གནང་བ་རེད།