མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ཞི་ཅིན་ཕིང་གིས་ཨུ་ལན་མུའུ་ཆིའི་རུ་མིར་འཕྲིན་ལན་སྤྲིངས་ནས་ལྕག་སྐུལ་གནང་བ།

གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 11ཚེས་23ཉིན། 10:45】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

         མི་དམངས་དྲ་བའི་འཕྲིན། ཟླ་11ཚེས་21ཉིན། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཞི་ཅིན་ཕིང་གིས་གོང་ཚེས་ཉིན་ནང་སོག་རང་སྐྱོང་ལྗོངས་སུའུ་ཉི་ཐེ་ཡིའུ་ཆི་ཨུ་ལན་མུའུ་ཆིའི་རུ་མི་ཚོར་འཕྲིན་ལན་སྤྲིངས་གནང་ནས་ཁོང་ཚོར་མུ་མཐུད་གཞི་རིམ་དུ་གཞིས་ཆགས་པ་དང་མང་ཚོགས་ལ་ཞབས་འདེགས་ཞུ་བ། མང་ཚོགས་དང་ཐག་ཉེ་བ་དང་། དར་ཁྱབ་ཐུབ་པ། གནས་ཐུབ་པ་བཅས་ཀྱི་བརྩམས་ཆོས་ཕུལ་བྱུང་དེ་བས་མང་བ་གསར་རྩོམ་ཧུར་ཐག་བྱ་རྒྱུའི་ལྕག་སྐུལ་གནང་བ་རེད།
        ཞི་ཅིན་ཕིང་གིས་འཕྲིན་ལན་ནང་གསུངས་དོན། འཕྲིན་ཡིག་འབྱོར་བ་ལས་ངས་ཨུ་ལན་མུའུ་ཆིའི་འཚར་ལོངས་དང་ཡར་རྒྱས་མཐོང་བྱུང་བས་དགའ་སྤྲོ་ཤིན་ཏུ་ཆེ་ལ། ཁྱེད་ཚོས་བྱ་གཞག་ལ་འཆང་བའི་སྤྲོ་སེམས་དེ་ནི་ཏང་དང་མི་དམངས་ལ་བཅངས་པའི་དུང་བ་ཟབ་མོ་དེ་རེད་འདུག
         ཞི་ཅིན་ཕིང་གིས་བསྟན་དོན། ཨུ་ལན་མུའུ་ཆི་ནི་རྒྱལ་ཡོངས་ཀྱི་རིག་རྩལ་འཐབ་ཕྱོགས་ཀྱི་དར་ཆ་ལྟ་བུ་ཞིག་ཡིན་པ་དང་ཨུ་ལན་མུའུ་ཆི་དང་པོ་དེ་ཁྱེད་ཚོའི་ཕ་ཡུལ་དུ་བཙུགས་པ་རེད། ལོ་ངོ་དྲུག་ཅུའི་རིང་། ཨུ་ལན་མུའུ་ཆི་མི་རབས་ཁག་གི་རུ་མི་ཚོས་གངས་རླུང་གདོང་གིས་བསུས། གྲང་རེག་སེམས་སུ་སྒོམ་ནས་དུས་ཡུན་རིང་པོའི་ནང་མྱ་ངམ་ཐང་དང་རྩྭ་ཐང་དུ་ཐེངས་མང་བསྐྱོད་ནས་གནམ་གྱིས་རས་ཡོལ་བྱེད་པ་དང་ས་ཡིས་སྡིངས་ཆ་བྱས་ཏེ་རྒྱ་ཆེའི་ཞིང་འབྲོག་པར་དགའ་སྤྲོ་དང་ཤེས་དཔལ་བསྐྱལ་བ་དང་ཏང་གི་གསུང་སྒྲ་དང་ཐུགས་ཁུར་བརྒྱུད་བསྒྲགས་བྱས་ཡོད་པ་རེད།
         ཞི་ཅིན་ཕིང་གིས། ཨུ་ལན་མུའུ་ཆི་མི་ཉམས་དར་རྒྱས་བྱུང་བ་ལས་མི་དམངས་ལ་སྒྱུ་རྩལ་མཁོ་བ་དང་སྒྱུ་རྩལ་ལ་ཡང་མི་དམངས་མཁོ་བ་མཚོན་ཡོད། དུས་རབས་གསར་པར་ཁྱེད་ཚོས་ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་ཁྲིད་སྟོན་དུ་བྱས་ནས་ཨུ་ལན་མུའུ་ཆིའི་སྲོལ་རྒྱུན་བཟང་པོ་དར་སྤེལ་ཤུགས་ཆེན་བཏང་ཐོག འཚོ་བའི་ས་གཞི་གཤིན་པོར་རྩ་བ་ཚུགས་པ་བྱས་ཏེ་འབྲོག་པ་མང་ཚོགས་ལ་ཞབས་ཞུ་དང་རིག་རྩལ་གསར་གཏོད་ལ་སྐུལ་སྤེལ་བཏང་ནས། མང་ཚོགས་དང་ཐག་ཉེ་བ་དང་། དར་ཁྱབ་ཐུབ་པ། གནས་ཐུབ་པ་བཅས་ཀྱི་བརྩམས་ཆོས་ཕུལ་བྱུང་དེ་བས་མང་བ་གསར་རྩོམ་ཧུར་ཐག་བྱས་ཏེ། རྩྭ་ཐང་སྟེང་གི“གསར་བརྗེའི་རིག་རྩལ་རྟ་དམག”ནམ་ཡང་བྱ་རྒྱུའི་རེ་བ་ཡོད་ཅེས་གསུངས་པ་རེད།
         ཨུ་ལན་མུའུ་ཆིའི་ནི་སོག་སྐད་ཡིན་ལ་གོ་དོན་ནི“གསར་བརྗེའི་མྱུ་གུ”ཡིན་པ་དང་རྗེས་སུ“གསར་བརྗེའི་རིག་རྩལ་རྟ་དམག”ཏུ་འཕྲོས་པ་དེ་རྩྭ་ཐང་ཁུལ་གྱི་ཐོན་སྐྱེད་དང་འཚོ་བའི་ཁྱད་ཆོས་དང་འཚམ་པོ་བྱུང་ནས་ཐོན་པའི་རིག་གནས་ལས་དོན་རུ་ཁག་ཅིག་ཡིན་པ་དེར“འཁྲབ་སྟོན་དང་། དྲིལ་བསྒྲགས། ཟུར་ཁྲིད། ཞབས་ཞུ”སོགས་ཀྱི་འགན་ནུས་ལྡན་ཡོད་པ་དང་། རྒྱ་ཆེའི་ཞིང་འབྲོག་མང་ཚོགས་ཚོའི་དགའ་བསུ་ཆེན་པོ་ཐོབ་ཡོད། 1957ལོར་སུའུ་ཉི་ཐེ་ཡིའུ་ཆི་རུ་ནང་སོག་གི་ཨུ་ལན་མུའུ་ཆི་དང་པོ་དེ་བཙུགས་པ་རེད།