མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ཞི་ཅིན་ཕིང་གིས་འབར་མའི་རྒྱལ་སྲུང་དམག་གི་སྤྱི་ཁྱབ་སི་ལིང་དང་མཇལ་འཛོམས་གནང་བ།

གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 11ཚེས་26ཉིན། 16:16】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

༄༅།།ཞི་ཅིན་ཕིང་གིས་འབར་མའི་རྒྱལ་སྲུང་དམག་གི་སྤྱི་ཁྱབ་སི་ལིང་དང་མཇལ་འཛོམས་གནང་བ།

         མི་དམངས་དྲ་བའི་འཕྲིན། ཟླ་11ཚེས་24ཉིན་གྱི་ཕྱི་དྲོ་ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཞི་ཅིན་ཕིང་གིས་མི་དམངས་ཚོགས་ཁང་ཆེ་མོར་ཀྲུང་གོར་འཚམས་འདྲིར་ཕེབས་པའི་འབར་མའི་རྒྱལ་སྲུང་དམག་གི་སྤྱི་ཁྱབ་སི་ལིང་མིན་ཨང་ལའེ་དང་མཇལ་འཛོམས་གནང་བ་རེད།
         ཞི་ཅིན་ཕིང་གིས་ཀྲུང་གུང་ཚོགས་ཆེན་བཅུ་དགུ་པའི་ཐོག་སླད་ཕྱིན་དུས་སྐབས་ཤིག་རིང་གི་ཀྲུང་གོའི་དཔལ་འབྱོར་དང་སྤྱི་ཚོགས་སྒྱུར་བཅོས་དང་འཕེལ་རྒྱས་ཀྱི་འཆར་གཞི་བཀོད་ཡོད། དེས་ཀྲུང་གོ་རང་ཉིད་འཕེལ་རྒྱས་གཏོང་རྒྱུར་སྒུལ་ཤུགས་ཧ་ཅང་ཆེན་པོ་ཞིག་སྦྱིན་རྒྱུ་ཡིན་ལ་འབར་མ་སོགས་ཚུད་པའི་འཛམ་གླིང་རྒྱལ་ཁབ་ཁག་ལའང་ཀྲུང་གོ་དང་མཉམ་ལས་བྱེད་པའི་གོ་སྐབས་གསར་པ་ཐོབ་རྒྱུ་རེད་ཅེས་གསུངས་པ་རེད།
         ཞི་ཅིན་ཕིང་གིས་ཀྲུང་འབར་དབར་གྱི“མཛའ་གྲོགས་འབྲེལ་བར་ལོ་རྒྱུས་ཡུན་རིང་ལྡན་ཡོད། ཀྲུང་འབར་རྒྱལ་ཁབ་གཉིས་པོས་འཐབ་ཇུས་ཐད་འབྲེལ་གཏུག་བྱ་རྒྱུར་ཤུགས་སྣོན་རྒྱག་དགོས་ལ་ཕན་ཚུན་གཉིས་པོའི་དོ་ཁུར་བྱ་ཡུལ་ལ་ལྟ་རྟོག་ཀྱང་བྱེད་དགོས། ཀྲུང་གོས་འབར་མའི་བདག་དབང་དང་མངའ་ཁོངས་ཆ་ཚང་ལ་ཐོག་མཐའ་བར་གསུམ་དུ་བརྩི་འཇོག་དང་འབར་མའི་རྒྱལ་ནང་གི་ཞི་བདེ་འཕེལ་རིམ་ལ་མཐོང་ཆེན་པོ་བྱེད་པ་མ་ཟད། ད་དུང་དགེ་མཚན་ལྡན་པའི་ནུས་པ་མུ་མཐུད་འདོན་སྤེལ་བྱས་ནས་རྒྱལ་ཁབ་གཉིས་པོའི་མཐའ་མཚམས་བདེ་འཇགས་དང་བརྟན་ལྷིང་ལ་སྲུང་སྐྱོང་བྱེད་འདོད་ཀྱང་ཡོད་ཅེས་གསུངས་པ་རེད།
         ཞི་ཅིན་ཕིང་གིས་ཀྲུང་འབར་རྒྱལ་ཁབ་གཉིས་པོའི་དམག་དཔུང་གི་འབྲེལ་བ་དེ་ལོ་རྒྱུས་ཐོག་གི་ཆུ་ཚད་མཐོ་ཤོས་སུ་སླེབས་ཡོད། ཀྲུང་གོ་སྲིད་གཞུང་གིས་དམག་དཔུང་ཕྱོགས་གཉིས་པོའི་ཁྱབ་ཁོངས་ཁག་གི་སྤེལ་རེས་དང་མཉམ་ལས་ལ་རྒྱབ་སྐྱོར་བྱ་རྒྱུ་ཡིན། སླད་ཕྱིན་ཕྱོགས་གཉིས་པོའི་དམག་དཔུང་གིས་རྒྱལ་ཁབ་གཉིས་པོའི་འབྲེལ་བ་འཕེལ་རྒྱས་དང་ས་ཁུལ་ཞི་བདེ་བརྟན་ལྷིང་ཡོང་ཕྱིར་མུ་མཐུད་འབད་བརྩོན་ལྷོད་མེད་བྱ་རྒྱུའི་རེ་བ་ཡོད་ཅེས་གསུངས་པ་རེད།
         མིན་ཨང་ལའེ་ཡིས་ཀྲུང་གུང་ཚོགས་ཆེན་བཅུ་དགུ་པ་རྒྱལ་ཁའི་ངང་འཚོགས་པར་བཀྲ་ཤིས་བདེ་ལེགས་ཞུ་རྒྱུ་དང་ཞི་ཅིན་ཕིང་ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞིར་མུ་མཐུད་བདམས་པར་བཀྲ་ཤིས་བདེ་ལེགས་ཞུ་རྒྱུ་ཡིན། འབར་ཀྲུང་རྒྱལ་ཁབ་གཉིས་པོ་ནི་ཁྱིམ་མཚེས་རྒྱལ་ཁབ་རེད། འབར་མ་ཕྱོགས་ཀྱིས་ཀྲུང་གོ་ཕྱོགས་ནས་འབར་མའི་རྒྱལ་ཁབ་འཛུགས་སྐྲུན་དང་དམག་དཔུང་འཛུགས་སྐྱོང་ལ་རོགས་རམ་ཡུན་རིང་གནང་བར་ཐུགས་རྗེ་ཆེ་ཞུ་རྒྱུ་དང་དེ་བཞིན་འབར་མའི་རྒྱལ་ནང་གི་ཞི་བདེ་འཕེལ་རིམ་ལ་ཀྲུང་གོ་ཕྱོགས་ནས་རྒྱབ་སྐྱོར་གནང་བར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། འབར་མ་ཕྱོགས་ཀྱིས“རྒྱུད་གཅིག་ལམ་གཅིག”འཛུགས་སྐྲུན་ནང་ཧུར་ཐག་ཞུགས་རྒྱུ་ཡིན་ལ་ཀྲུང་གོ་ཕྱོགས་དང་ཁྱབ་ཁོངས་ཁག་གི་སྤེལ་རེས་དང་མཉམ་ལས་ལ་ཤུགས་སྣོན་རྒྱག་འདོད་ཡོད་ཅེས་གསུངས་པ་རེད།