མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ཞི་ཅིན་ཕིང་ཀྲུང་གོ་གུང་ཁྲན་ཏང་དང་འཛམ་གླིང་སྲིད་ཏང་གི་མཐོ་རིམ་དབར་སྐད་ཆ་ཤོད་
རེས་ཀྱི་ཚོགས་འདུའི་འགོ་ཚུགས་མཛད་སྒོར་ཕེབས་པ་དང་འབྲེལ་བཞེད་དོན་གཙོ་བོའི་
གསུང་བཤད་ཀྱང་གནང་བ།

གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 12ཚེས་03ཉིན། 15:27】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

༄༅།།ཞི་ཅིན་ཕིང་ཀྲུང་གོ་གུང་ཁྲན་ཏང་དང་འཛམ་གླིང་སྲིད་ཏང་གི་མཐོ་རིམ་དབར་སྐད་ཆ་ཤོད་
རེས་ཀྱི་ཚོགས་འདུའི་འགོ་ཚུགས་མཛད་སྒོར་ཕེབས་པ་དང་འབྲེལ་བཞེད་དོན་གཙོ་བོའི་
གསུང་བཤད་ཀྱང་གནང་བ།

        མི་དམངས་དྲ་བའི་འཕྲིན། ཟླ་12ཚེས་1ཉིན། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་མི་དམངས་ཚོགས་ཁང་ཆེ་མོར་ཀྲུང་གོ་གུང་ཁྲན་ཏང་དང་འཛམ་གླིང་སྲིད་ཏང་གི་མཐོ་རིམ་དབར་སྐད་ཆ་ཤོད་རེས་ཀྱི་ཚོགས་འདུའི་འགོ་ཚུགས་མཛད་སྒོར་ཕེབས་པ་དང་འབྲེལ་འགོ་བརྗོད་དུ་《ལག་གདང་སྦྲེལ་ནས་དེ་བས་མཛེས་སྡུག་ལྡན་པའི་འཛམ་གླིང་བསྐྲུན་དགོས་》ཞེས་པའི་བཞེད་དོན་གཙོ་བོའི་གསུང་བཤད་ཀྱང་གནང་སྟེ་སྲིད་ཏང་གིས་དུས་རབས་འཕེལ་རྒྱས་ཀྱི་རླབས་རྒྱུན་དང་བསྟུན་པ་དང་། མིའི་རིགས་ཀྱི་ཡར་ཐོན་གྱི་འཕེལ་ཕྱོགས་ཆེན་པོ་སྟངས་འཛིན། མི་དམངས་ཀྱི་ཐུན་མོང་རེ་སྒུག་སྐོང་བ་བཅས་བྱས་ཏེ་ཕུགས་འདུན་ཟབ་མོ་འཆང་བ་དང་འགན་ཁུར་ཕོད་པའི་སྒོ་ནས་དུས་རབས་ཀྱི་འགན་འཁྲི་རང་རྟོགས་ངང་འཁུར་དགོས། ཀྲུང་གོ་གུང་ཁྲན་ཏང་གིས་འཛམ་གླིང་གི་ཞི་བདེ་ལྷིང་འཇགས་དང་། ཐུན་མོང་འཕེལ་རྒྱས། ཤེས་དཔལ་སྤེལ་རེས་དང་ཕན་ཚུན་དཔྱད་གཞིར་འཛིན་པ་བཅས་ལ་སྔར་བཞིན་ལེགས་སྐྱེས་འབུལ་རྒྱུ་ཡིན་ཞེས་ནན་བཤད་གནང་བ་རེད།
         ཞི་ཅིན་ཕིང་གིས་ད་ཆ་མིའི་རིགས་ཀྱི་འཚོ་བའི་འབྲེལ་བ་ལྟ་བུ་སྔར་བྱུང་མྱོང་མེད། དེ་དང་ཆབས་ཅིག་མིའི་རིགས་ལ་འཕྲད་པའི་གོ་ལ་ཧྲིལ་པོའི་རང་བཞིན་གྱི་གནད་དོན་ཡང་སྔར་འཕྲད་མྱོང་མེད། འཛམ་གླིང་རྒྱལ་ཁབ་ཁག་གི་མི་དམངས་ཀྱི་མདུན་ལམ་དང་ལས་དབང་འབྲེལ་འདྲིས་ཇེ་ཟབ་ཏུ་འགྲོ་བཞིན་ཡོད། འཛམ་གླིང་རྒྱལ་ཁབ་ཁག་གི་མི་དམངས་ཀྱིས“གནམ་འོག་ཁྱིམ་ཚང་གཅིག”གི་འདུ་ཤེས་འཛིན་ནས་ཕན་ཚུན་བསམ་ཤེས་དང་མཐུན་པ་ཡོང་ཐབས་དང་མི་མཐུན་པ་སོར་འཇོག་གིས་མིའི་རིགས་ཀྱི་ལས་དབང་གཅིག་མཐུན་འདུས་གྲུབ་བསྐྲུན་ཆེད་འབད་འཐབ་བྱེད་དགོས། ངས“རྒྱུད་གཅིག་ལམ་གཅིག”གི་གྲོས་འགོ་བཏོན་པ་དེ་ནི་མིའི་རིགས་ཀྱི་ལས་དབང་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་ལག་ལེན་བསྟར་ཆེད་ཡིན། ལོ་4ཡི་རིང“རྒྱུད་གཅིག་ལམ་གཅིག”མཉམ་དུ་བསྐྲུན་རྒྱུ་དེ་ནི་འབྲེལ་ཡོད་རྒྱལ་ཁབ་ཁག་ཐུན་མོང་འཕེལ་རྒྱས་ཡོང་བའི་མཉམ་ལས་ཀྱི་ལས་སྟེགས་ཆེན་པོ་ཞིག་ཏུ་གྱུར་ཡོད་ཅེས་གསུངས།
         ཞི་ཅིན་ཕིང་གིས་ང་ཚོས་འཇིགས་སྣང་དང་བྲལ་ཞིང་ཕྱོགས་ཀུན་བདེ་འཇགས་ཡིན་པའི་འཛམ་གླིང་ཞིག་ཧུར་ཐག་བསྐྲུན་ཏེ་ཐུན་མོང་དང་། ཕྱོགས་བསྡུས། མཉམ་ལས། རྒྱུན་བསྲིང་བཅས་ཀྱི་བདེ་འཇགས་ལྟ་བ་གསར་པ་མཐའ་འཁྱོངས་ཀྱིས་འདྲ་མཉམ་དྲང་བདེན་དང་མཉམ་སྐྲུན་མཉམ་སྤྱོད་ཀྱི་བདེ་འཇགས་རྣམ་པ་ཞིག་གཏོད་དགོས་པ་དང་། ང་ཚོས་དབུལ་ཕོངས་དང་བྲལ་ཞིང་ཐུན་མོང་དར་རྒྱས་ཀྱི་འཛམ་གླིང་ཞིག་ཧུར་ཐག་བསྐྲུན་ནས་ཁྱེད་བཟང་ང་བཟང་ཚང་མ་བཟང་བའི་འདུ་ཤེས་མཐའ་འཁྱོངས་ཀྱིས་འཕེལ་རྒྱས་ཀྱི་གྲུབ་འབྲས་ལས་འཛམ་གླིང་རྒྱལ་ཁབ་ཁག་ལ་ཕན་ཐོགས་པ་དང་མི་ཚང་མ་འབྱོར་ཕྱུག་ཁམས་བདེ་ཡོང་བ་བྱེད་དགོས་པ། ང་ཚོས་བཀག་སྡོམ་དང་བྲལ་ཞིང་སྒོ་དབྱེ་ཁོང་ཡངས་ཀྱི་འཛམ་གླིང་ཞིག་ཧུར་ཐག་བསྐྲུན་ནས་འཛམ་བུ་གླིང་ནི་སྣ་འཛོམས་ངོ་མཚར་ཆེ་བ་དང་ཤེས་དཔལ་ནི་སྣ་མང་ཡིན་པའི་འདུ་ཤེས་མཐའ་འཁྱོངས་ཀྱིས་ཤེས་དཔལ་སྣ་ཚོགས་ཞི་མཐུན་མཉམ་གནས་ཐུབ་པ་བྱེད་དགོས་པ། ང་ཚོས་རི་བོ་སྔོ་ཞིང་ཆུ་མོ་དྭངས་ལ་གཙང་ཞིང་མཛེས་སྡུག་ལྡན་པའི་འཛམ་གླིང་ཞིག་ཧུར་ཐག་བསྐྲུན་ནས་མི་དང་རང་བྱུང་ཁམས་མཉམ་དུ་འཚོ་གནས་ཀྱི་འདུ་ཤེས་མཐའ་འཁྱོངས་ཀྱིས་ཞི་མཐུན་སྡོད་མལ་གྱི་མིའི་རིགས་ཀྱི་ཁྱིམ་གཞིས་ཤིག་ཐུན་མོང་ཐོག་བསྐྲུན་དགོས་པའི་ནན་བཤད་གནང་བ་རེད།
         ཞི་ཅིན་ཕིང་གིས་མིག་སྔར། འཛམ་གླིང་གི་གནས་བབ་ལ་འགྱུར་ལྡོག་འགྲོ་བཞིན་ཡོད་ལ་འཕེལ་རྒྱས་ཀྱི་རྣམ་པར་ཡང་འགྱུར་ལྡོག་འགྲོ་བཞིན་ཡོད། སྲིད་ཏང་ཁག་གིས་དུས་རབས་འཕེལ་རྒྱས་ཀྱི་རླབས་རྒྱུན་དང་བསྟུན་ནས་རང་ངོས་འཕེལ་རྒྱས་གཏོང་རྒྱུ་དེ་རྒྱལ་ཁབ་དང་། མི་རིགས། མིའི་རིགས་བཅས་ཀྱི་འཕེལ་རྒྱས་དང་ཟུང་འབྲེལ་དམ་ཟབ་བྱེད་དགོས། རྒྱལ་ཁབ་མི་འདྲ་བའི་སྲིད་ཏང་གིས་ཕན་ཚུན་དབར་ཡིད་ཆེས་ཆེ་རུ་དང་། མཐུན་སྦྱོར་ལ་ཤུགས་སྣོན། གཞོགས་འདེགས་དམ་ཟབ་བཅས་བྱས་ཏེ་རྒྱལ་སྤྱིའི་འབྲེལ་བ་གསར་པའི་རྨང་གཞིའི་ཐོག་མཐུན་པ་ཡོང་ཐབས་དང་མི་མཐུན་པ་སོར་འཇོག་དང་། ཕན་ཚུན་བརྩི་འཇོག ཕན་ཚུན་སློབ་སྦྱོང་དང་ཕན་ཚུན་དཔྱད་གཞིར་འཛིན་པ་བཅས་ཀྱི་སྲིད་ཏང་འབྲེལ་བ་གསར་པ་ཞིག་འཛུགས་རྒྱུའི་འཚོལ་ཞིབ་བྱེད་དགོས་པ་དང་། རྣམ་པ་སྣ་ཚོགས་དང་རིམ་པ་སྣ་མང་གི་རྒྱལ་སྤྱིའི་སྲིད་ཏང་གི་སྤེལ་རེས་མཉམ་ལས་དྲ་རྒྱ་ཞིག་བཏོད་དེ་མིའི་རིགས་ཀྱི་ལས་དབང་གཅིག་མཐུན་འདུས་གྲུབ་བསྐྲུན་པའི་སྟོབས་ཤུགས་ཆེན་པོ་ཞིག་གཅིག་ཏུ་སྒྲིལ་དགོས་ཞེས་གསུངས་པ་རེད།
         ཞི་ཅིན་ཕིང་གིས་གསུངས་དོན། ཀྲུང་གོ་གུང་ཁྲན་ཏང་ནི་ཀྲུང་གོའི་མི་དམངས་ཀྱི་བདེ་སྐྱིད་དོན་གཉེར་བྱེད་མཁན་ཏང་ཞིག་ཡིན་ལ་མིའི་རིགས་ཀྱི་ཡར་ཐོན་བྱ་གཞག་ཆེད་འབད་འཐབ་བྱེད་མཁན་ཏང་ཞིག་ཀྱང་ཡིན། ང་ཚོས་རང་ཉིད་ཀྱི་ལས་དོན་ཡག་པོ་བསྒྲུབ་རྒྱུ་ནི་མིའི་རིགས་ཀྱི་ལས་དབང་གཅིག་མཐུན་འདུས་གྲུབ་བསྐྲུན་རྒྱུར་ཕུལ་བའི་ལེགས་སྐྱེས་ཤིག་ཡིན་པ་སྨོས་མེད་རེད། ང་ཚོས་ཀྲུང་གོའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་བརྒྱུད་འཛམ་གླིང་ལ་དེ་བས་མང་བའི་གོ་སྐབས་སྤྲོད་རྒྱུ་ཡིན། ང་ཚོས་ཕྱི་རྒྱལ་གྱི་དཔེ་དབྱིབས“ནང་འདྲེན”བྱ་རྒྱུ་མིན་ལ་ཀྲུང་གོའི་དཔེ་དབྱིབས་ཀྱང“ཕྱིར་གཏོང”བྱ་རྒྱུ་མིན། རྒྱལ་ཁབ་གཞན་དག་ལ་ཀྲུང་གོའི་བྱེད་ཐབས་ལ“ལད་ཟློས”བྱེད་དགོས་པའི་རེ་བ་ཡང་འདོན་གྱི་མིན།
         གཅིག་ནས་ཀྲུང་གོ་གུང་ཁྲན་ཏང་གིས་འཛམ་གླིང་གི་ཞི་བདེ་ལྷིང་འཇགས་ལ་སྔར་བཞིན་ལེགས་སྐྱེས་འབུལ་རྒྱུ་ཡིན་ཞིང་། ཀྲུང་གོས་ཞི་བདེ་དང་། འཕེལ་རྒྱས། མཉམ་ལས། གཉིས་ཁེ་བཅས་ཀྱི་དར་ཆ་མཐོན་པོར་བསྒྲེངས་ནས་ཞི་བདེ་འཕེལ་རྒྱས་ཀྱི་ལམ་བུའི་ཐོག་ཐོག་མཐའ་བར་གསུམ་དུ་བསྐྱོད་དེ་གོ་ལ་ཧྲིལ་པོའི་རོགས་ཟླའི་འབྲེལ་བ་འཛུགས་རྒྱུར་སྐུལ་འདེད་ཧུར་ཐག་བཏང་ནས་རྒྱལ་སྤྱིའི་མདོ་གནད་དང་དཀའ་གནད་རྣམས་ཆབ་སྲིད་ལམ་ནས་ཐག་གཅོད་བྱ་རྒྱུའི་ནང་རང་རྟོགས་ངང་ཞུགས་རྒྱུ་ཡིན། ཀྲུང་གོས་གོ་ལ་ཧྲིལ་པོའི་བཅོས་སྐྱོང་མ་ལག་སྒྱུར་བཅོས་དང་འཛུགས་སྐྱོང་ནང་ཧུར་ཐག་ཞུགས་ཏེ་རྒྱལ་སྤྱིའི་ཆབ་སྲིད་དང་དཔལ་འབྱོར་གྱི་སྒྲིག་ལམ་དེ་བས་དྲང་གཞག་ལུགས་མཐུན་གྱི་ཁ་ཕྱོགས་སུ་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་རྒྱུ་ཡིན། ཀྲུང་གོ་འདི་ཉིད་ཆུ་ཚད་གང་འདྲ་ཞིག་ཏུ་འཕེལ་རྒྱས་བྱུང་རུང་བཙན་པོ་དབང་ཡོད་དུས་ནམ་ཡང་བྱེད་མི་སྲིད་ལ་ནམ་ཡང་རྒྱ་སྐྱེད་གཏོང་མི་སྲིད།
          ང་ཚོས་འཛམ་གླིང་རྒྱལ་ཁབ་ཁག་གི་སྲིད་ཏང་ལ་ང་ཚོ་དང་མཉམ་དུ་འཛམ་གླིང་ཞི་བདེའི་འཛུགས་སྐྲུན་པ་དང་། གོ་ལ་ཧྲིལ་པོའི་འཕེལ་རྒྱས་ལ་ལེགས་སྐྱེས་འབུལ་མཁན། རྒྱལ་སྤྱིའི་སྒྲིག་ལམ་སྲུང་སྐྱོང་མཁན་བཅས་བྱ་རྒྱུའི་འབོད་སྐུལ་བྱ་རྒྱུ་ཡིན།
         གཉིས་ནས་ཀྲུང་གོ་གུང་ཁྲན་ཏང་གིས་འཛམ་གླིང་ཐུན་མོང་འཕེལ་རྒྱས་འགྲོ་རྒྱུར་སྔར་རྒྱུན་བཞིན་ལེགས་སྐྱེས་འབུལ་རྒྱུ་ཡིན་ཞིང་། ཀྲུང་གོ་གུང་ཁྲན་ཏང་གིས་སྔར་ནས་མི་དམངས་ལ་བརྩེ་སེམས་ཟབ་མོ་ཡོད་པ་དང་ཀྲུང་གོའི་མི་དམངས་ལ་ཕན་བདེ་བསྐྲུན་འདོད་ཡོད་ལ་འཛམ་གླིང་རྒྱལ་ཁབ་ཁག་གི་མི་དམངས་ལའང་ཕན་བདེ་བསྐྲུན་འདོད་ཡོད། ཀྲུང་གུང་ཚོགས་ཆེན་བཅུ་དགུ་པའི་བཀོད་སྒྲིག་ལ་གཞིགས་ན། 2020ལོར་སླེབས་སྐབས་ཀྲུང་གོས་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་རྒྱུ་དང་། 2035ལོར་སླེབས་སྐབས་ཀྲུང་གོ་འདི་ཉིད་གཞི་རྩའི་ཆ་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་མངོན་འགྱུར་ཐུབ་རྒྱུ། དུས་རབས་འདིའི་དུས་དཀྱིལ་དུ་སླེབས་སྐབས་ཀྲུང་གོ་འདི་ཉིད་འབྱོར་ཕྱུག་དང་། དམངས་གཙོ། ཤེས་དཔལ། ཞི་མཐུན། མཛེས་སྡུག་བཅས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དེང་རབས་ཅན་གྱི་རྒྱལ་ཁབ་སྟོབས་ཆེན་དུ་བསྐྲུན་རྒྱུ་རེད། དེ་ལས་ཀྲུང་གོའི་མི་དམངས་ལ་ཕན་བདེ་བསྐྲུན་རྒྱུ་མ་ཟད། འཛམ་གླིང་རྒྱལ་ཁབ་ཁག་གི་མི་དམངས་ལའང་ཕན་བདེ་བསྐྲུན་ཐུབ་ངེས་། ང་ཚོས་འཛམ་གླིང་རྒྱལ་ཁབ་ཁག་གི་སྲིད་ཏང་ལ་ང་ཚོ་དང་མཉམ་དུ་འཛམ་གླིང་ལ་མཉམ་ལས་གོ་སྐབས་དེ་བས་མང་བ་གཏོད་པ་དང་། འཛམ་གླིང་རྒྱལ་ཁབ་ཁག་ཐུན་མོང་ཐོག་དར་རྒྱས་གོང་འཕེལ་འགྲོ་རྒྱུར་སྐུལ་འདེད་ཧུར་ཐག་གཏོང་རྒྱུའི་འབོད་སྐུལ་བྱ་རྒྱུ་ཡིན།
         གསུམ་ནས་ཀྲུང་གོ་གུང་ཁྲན་ཏང་གིས་འཛམ་གླིང་ཤེས་དཔལ་སྤེལ་རེས་དང་ཕན་ཚུན་དཔྱད་གཞིར་འཛིན་རྒྱུར་སྔར་རྒྱུན་བཞིན་ལེགས་སྐྱེས་འབུལ་རྒྱུ་ཡིན་ཞིང་། ཀྲུང་གོ་གུང་ཁྲན་ཏང་གིས་སྔར་ནས་འཛམ་གླིང་ལ་ལྟ་བའི་མིག་རྒྱང་ལྡན་པར་མཐོང་ཆེན་བྱས་ཏེ་འཛམ་གླིང་གི་རྒྱལ་ཁབ་ཁག་གི་མི་དམངས་ཀྱིས་བཏོད་པའི་ཤེས་དཔལ་གྲུབ་འབྲས་ལ་སློབ་སྦྱོང་དང་དཔྱད་གཞིའི་མེ་ལོང་དུ་ཧུར་ཐག་འཛིན་པ་དང་འབྲེལ། ཀྲུང་གོའི་དོན་དངོས་དང་ཟུང་འབྲེལ་བྱས་ཏེ་བེད་སྤྱོད་བྱེད་བཞིན་ཡོད། ཀྲུང་གོ་གུང་ཁྲན་ཏང་གིས་སྒོ་དབྱེའི་མིག་རྒྱང་དང་ཁོང་ཡངས་ཀྱི་བློ་རྒྱའི་ཐོག་ནས་འཛམ་གླིང་རྒྱལ་ཁབ་ཁག་གི་མི་དམངས་ཀྱི་ཤེས་དཔལ་གསར་གཏོད་ལ་ལྟ་སྟངས་འཛིན་པ་དང་། འཛམ་གླིང་རྒྱལ་ཁབ་ཁག་གི་མི་དམངས་དང་རྒྱལ་ཁབ་ཁག་གི་སྲིད་ཏང་དང་མཉམ་དུ་སྐད་ཆ་ཤོད་རེས་དང་སྤེལ་རེས་མཉམ་ལས་བྱས་ནས་རྒྱལ་ཁབ་ཁག་གི་མི་དམངས་ཀྱིས་སྤྱི་ཚོགས་ཀྱི་རིག་གནས་སྣང་ཚུལ་སྣ་ཚོགས་ཀྱི་འགྲོ་འོང་དང་དམངས་ཁྲོད་ཀྱི་མཛའ་གྲོགས་ལ་ཤུགས་སྣོན་རྒྱག་རྒྱུར་རྒྱབ་སྐྱོར་བྱ་རྒྱུ་ཡིན། འབྱུང་འགྱུར་ལོ་5ཡི་ནང་ཀྲུང་གོ་གུང་ཁྲན་ཏང་གིས་འཛམ་གླིང་རྒྱལ་ཁབ་ཁག་གི་སྲིད་ཏང་ལ་མི་ཁྲི་1.5ཀྲུང་གོར་སྤེལ་རེས་བྱེད་དུ་ཡོང་བའི་གོ་སྐབས་བསྐྲུན་རྒྱུ་ཡིན། ང་ཚོས་ཀྲུང་གོ་གུང་ཁྲན་ཏང་དང་འཛམ་གླིང་སྲིད་ཏང་གི་མཐོ་རིམ་དབར་སྐད་ཆ་ཤོད་རེས་བྱ་རྒྱུ་དེ་ལམ་སྲོལ་ཅན་དུ་འགྱུར་བ་བྱས་ཏེ་དེ་ཉིད་འཐུས་ཚབ་རང་བཞིན་དང་རྒྱལ་སྤྱིའི་ཤུགས་རྐྱེན་ཐེབས་ཤུགས་རྒྱ་ཁྱབ་ལྡན་པའི་ཆབ་སྲིད་ཀྱི་སྐད་ཆ་ཤོད་རེས་ཀྱི་ལས་སྟེགས་རྩེར་སོན་ཞིག་ཏུ་འགྱུར་བ་བྱ་རྒྱུའི་འབོད་སྐུལ་བྱ་རྒྱུ་ཡིན།