མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ཕྱི་འབྲེལ་པུའུ་ཡིས་པ་ལི་གླིང་ཕྲན་དུ་ལུས་པའི་ཀྲུང་གོའི་ཡུལ་སྐོར་བ་ཆིག་ཁྲི་ལྔ་སྟོང་ལྷག་ཙམ་
བདེ་འཇགས་ངང་ཀྲུང་གོར་ལོག་རྒྱུར་གཞོགས་འདེགས་བྱས་ཡོད་ཅེས་བཤད་པ། 

གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 12ཚེས་07ཉིན། 14:37】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

          མི་དམངས་དྲ་བའི་འཕྲིན། ཟླ་12ཚེས་5ཉིན་ཕྱི་འབྲེལ་པུའུ་ཡི་ཀྲུང་གོའི་ཁེ་སྐྱོང་ཞབས་ཞུ་དྲ་བའི་ཐོག་སྤེལ་བའི་གནས་ཚུལ་ལྟར་ན། ཚེས་4ཉིན་གྱི་ཆུ་ཚོད་12བར། ཕྱི་འབྲེལ་པུའུ་ཡིས་འབྲེལ་ཡོད་སྡེ་ཚན་དང་མཉམ་དུ་ཨ་ཀོང་མེ་རི་འཕྱུར་བའི་རྐྱེན་གྱིས་ཧིན་རྡུ་ཉི་ཞི་ཡའི་པ་ལི་གླིང་ཕྲན་དུ་ལུས་པའི་ཀྲུང་གོའི་ཡུལ་སྐོར་བ་15237ནང་སར་ལོག་རྒྱུའི་གཞོགས་འདེགས་བྱས་པ་དང་། ཀྲུང་གོའི་ཡུལ་སྐོར་བ་600ཙམ་འབྲེལ་ཡོད་དུས་གཏན་གནམ་གྲུར་བསྡད་དེ་ཤང་ཀང་དུ་ལོག་པ་རེད།
          ཤེས་རྟོགས་བྱུང་བར་གཞིགས་ན། ཟླ་11ཚེས་27ཉིན། ཨ་ཀོང་མེ་རི་འཕྱུར་བའི་རྐྱེན་གྱིས་ཧིན་རྡུ་ཉི་ཞི་ཡའི་པ་ལི་གླིང་ཕྲན་གྱི་ཝུའུ་ལ་ལའེ་རྒྱལ་སྤྱིའི་གནམ་ཐང་གནས་སྐབས་སྒོ་བརྒྱབ་པས་ཀྲུང་གོའི་ཡུལ་སྐོར་བ་ཆིག་ཁྲི་ལྷག་དེ་གར་ལུས་པ་རེད།
          ཉིན་ཤས་བསྟུད་མར། ཕྱི་འབྲེལ་པུའུ་ཡིས་རྒྱལ་ཁབ་ཡུལ་སྐོར་ཅུས་དང་ཀྲུང་གོ་དམངས་སྤྱོད་མཁའ་འགྲུལ་ཅུས་སོགས་དང་མཉམ་དུ་ཐག་གཅོད་ཧུར་ཐག་བྱས་ཏེ་རྒྱལ་ནང་གི་འབྲེལ་ཡོད་མཁའ་འགྲུལ་ཀུང་སི་དང་ཡུལ་སྐོར་ལས་དོན་ཁང་དང་སྤྱི་འདོམས་མཐུན་སྦྱོར་གྱིས་ཚོང་ལས་གནམ་གྲུའི་རྣམ་པ་དང་ཁྲོམ་རའི་སྒྲིག་སྲོལ་གཞིར་བཟུང་བ་དང་། ཆབས་ཅིག་ཕན་ཚུན་ལྟ་རྟོག་གི་སྤྱི་ཚོགས་ཀྱི་འགན་ཡང་འཁུར་ནས་དེ་གར་ལུས་པའི་ཀྲུང་གོའི་ཡུལ་སྐོར་བ་གང་མགྱོགས་དང་བདེ་འཇགས་ངང་ཀྲུང་གོར་ལོག་རྒྱུར་གཞོགས་འདེགས་བྱས་པ་རེད། ཏེང་པ་སར་བཅའ་སྡོད་ཀྲུང་གོའི་སྤྱི་ཁྱབ་ཁེ་སྐྱོང་ལས་ཤག་གིས་ཧིན་རྡུ་ཉི་ཞི་ཡའི་ས་གནས་སྲིད་གཞུང་དང་། གནམ་ཐང་། ཀྲུང་གོ་དང་ཕྱི་རྒྱལ་གྱི་མཁའ་འགྲུལ་ཀུང་སི་བཅས་དང་དེ་བཞིན་ཡུལ་དེ་གའི་ཡུལ་སྐོར་ལས་དོན་ཁང་དང་མཐུན་སྦྱོར་ཧུར་ཐག་བྱས་པ་མ་ཟད། གནམ་ཐང་དུ“ཀྲུང་གོའི་ཡུལ་སྐོར་བའི་བློ་འདྲི་ལྟེ་གནས”བཙུགས་ཏེ་དེ་གར་ལུས་པའི་ཀྲུང་གོའི་ཡུལ་སྐོར་བ་བཀོད་སྒྲིག་འོས་འཚམ་དང་བདེ་བླག་ངང་རྒྱལ་ནང་དུ་ལོག་ཐུབ་པའི་འགན་ལེན་བྱས་པ་རེད། སི་ཧྲུའེ་རུ་བཅའ་སྡོད་ཀྲུང་གོའི་སྤྱི་ཁྱབ་ཁེ་སྐྱོང་ལས་ཤག་གིས་ཀྱང་སི་ཧྲུའེ་ཀྲུའུ་ཨན་ཏ་རྒྱལ་སྤྱིའི་གནམ་ཐང་དུ“ཀྲུང་གོའི་ཡུལ་སྐོར་བའི་བློ་འདྲི་ལྟེ་གནས”བཙུགས་ཏེ་གནམ་ཐང་དེ་ནས་གནམ་གྲུ་བརྗེས་ནས་འགྲོ་མཁན་ཀྲུང་གོའི་ཡུལ་སྐོར་བར་གཞོགས་འདེགས་བྱས་པ་རེད། ཧིན་རྡུ་ཉི་ཞི་ཡ་དང་མ་ལེ་ཞི་ཡར་བཅའ་སྡོད་གཞུང་ཚབ་ཁང་དང་དེ་བཞིན་ཤང་ཀང་དང་ཨའོ་མོན་དུ་བཅའ་སྡོད་ཕྱི་འབྲེལ་པུའི་ཆེད་མངགས་པའི་ཀུང་ཧྲུའུ་ཡིས་ཀྱང་ཧུར་ཐག་ཞུགས་ཏེ་འབྲེལ་ཡོད་ཕྱོགས་ལ་འབྲེལ་གཏུག་བྱས་ནས་ཡུལ་སྐོར་བ་རྣམས་རྒྱལ་ནང་དུ་ལོག་རྒྱུར་གཞོགས་འདེགས་བྱེད་པའི་ལས་དོན་ལ་འགན་ལེན་བྱས་ཡོད།
          ཤེས་རྟོགས་བྱས་པར་གཞིགས་ན། ཝུའུ་ལ་ལའེ་རྒྱལ་སྤྱིའི་གནམ་ཐང་དེ་ཉིད་ཟླ་11ཚེས་29ཉིན་གྱི་ཆུ་ཚོད་14དང་སྐར་མ་28ནས་ཟླ་12ཚེས་4ཉིན་གྱི་ཆུ་ཚོད་12བར་སླར་ཡང་སྒོ་འབྱེད་རྒྱུ་ཡིན་པ་དང་། འབྲེལ་ཡོད་སྡེ་ཚན་གྱིས་ཀྲུང་གོ་དང་ཕྱི་རྒྱལ་གྱི་མཁའ་འགྲུལ་ཀུང་སི་དང་མཐུན་སྦྱོར་བྱས་ནས་ཚོང་ལས་གནམ་གྲུ་82བཏང་སྟེ་རིམ་རྩིས་བྱས་ན་དེ་གར་ལུས་པའི་ཀྲུང་གོའི་ཡུལ་སྐོར་བ་15237པ་ལི་གླིང་ཕྲན་ནས་ནང་སར་ལོག་རྒྱུར་གཞོགས་འདེགས་བྱས་པ་དང་། ཀྲུང་གོའི་ཡུལ་སྐོར་བ་600ཙམ་འབྲེལ་ཡོད་གནམ་གྲུར་བསྡད་དེ་ཤང་ཀང་དུ་ལོག་པ་རེད། གཞན་ཡང་དེ་གར་ལུས་པའི་ཀྲུང་གོའི་ཡུལ་སྐོར་བ་3041སི་ཧྲུའེ་བརྒྱུད་མངའ་ཁོངས་སྒྲོལ་ནས་རྒྱལ་ནང་དུ་ལོག་ཡོད་པ་རེད།
          གནས་ཚུལ་སྤེལ་བའི་ནང་། མིག་སྔའི་བར། རྒྱལ་ནང་དུ་ལོག་འདོད་པའི་ཀྲུང་གོའི་ཡུལ་སྐོར་བ་མང་ཆེ་བ་སྤྱིའི་ཆར་བདེ་འཇགས་ངང་རྒྱལ་ནང་དུ་ལོག་ཡོད། “འདི་གར་ང་ཚོས་ད་ཐེངས་ཀྱི་གཞོགས་འདེགས་ལས་དོན་ནང་ཞུགས་པའམ་ཡང་ན་སྟབས་བདེ་སྐྲུན་མཁན་དང་རྒྱབ་སྐྱོར་བྱེད་མཁན་གྱི་ཀྲུང་ཕྱིའི་འབྲེལ་ཡོད་ཕྱོགས་ཁག་ལ་ལྷག་བསམ་ཟོལ་མེད་ངང་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། ཀྲུང་གོའི་སྤྱི་དམངས་ལ་ཕྱི་འབྲེལ་པུའུ་དང་ཧིན་རྡུ་ཉི་ཞི་ཡར་བཅའ་སྡོད་ཀྲུང་གོའི་གཞུང་ཚབ་ཁང་གིས་སྤེལ་བའི་འབྲེལ་ཡོད་ཀྱི་བདེ་འཇགས་དྲན་སྐུལ་ལ་དོ་སྣང་ཆེན་པོ་བྱས་ཏེ་ཉེ་དུས་པ་ལི་གླིང་ཕྲན་དུ་གནས་སྐབས་བསྐྱོད་མི་རུང་བའི་གྲོས་འགོ་ནན་པོ་བསྐྱར་དུ་འདོན་རྒྱུ་ཡིན། པ་ལི་གླིང་ཕྲན་དུ་མུ་མཐུད་སྡོད་འདོད་ཡོད་པའི་ཀྲུང་གོའི་སྤྱི་དམངས་ཉུང་ཤས་དེ་དག་གིས་དོགས་ཟོན་ཆེར་སྐྱེད་ངང་རང་ཉིད་ཀྱི་བདེ་འཇགས་ལ་དོ་སྣང་བྱས་ཏེ་མེ་རིའི་ཉེ་འཁོར་དུ་སྐྱོད་མི་རུང་བ་མ་ཟད་དེ་གར་ཐོན་སྲིད་པའི་ཉེན་ཁ་དང་དེ་གར་ལུས་པ་ལས་སོང་བའི་གྲོན་དངུལ་ལ་བསམ་བློའི་གྲ་སྒྲིག་གང་མང་ཡོད་པ་བྱེད་དགོས”ཞེས་འཁོད་ཡོད་པ་རེད།