མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ཞི་ཅིན་ཕིང་གིས་རྟེན་འབྲེལ་འཕྲིན་ཡིག་སྤྲིངས་ནས་2017ལོའི་ཀོང་ཀྲོའུ་ཡི་《རྒྱུ་ནོར་》
ཞེས་པའི་གོ་ལ་ཧྲིལ་པོའི་གླེང་སྟེགས་འགོ་ཚུགས་པར་བཀྲ་ཤིས་བདེ་ལེགས་ཞུས་པ།

གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 12ཚེས་08ཉིན། 10:22】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

         མི་དམངས་དྲ་བའི་འཕྲིན། ཟླ་12ཚེས་6ཉིན་གྱི་སྔ་དྲོ་2017ལོའི་ཀོང་ཀྲོའུ་ཡི་《རྒྱུ་ནོར་》ཞེས་པའི་གོ་ལ་ཧྲིལ་པོའི་གླེང་སྟེགས་འགོ་ཚུགས་པ་རེད། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་རྟེན་འབྲེལ་འཕྲིན་ཡིག་སྤྲིངས་ནས་གླེང་སྟེགས་གཉེར་བར་སྤྲོ་སེམས་འཁོལ་བའི་བཀྲ་ཤིས་བདེ་ལེགས་ཞུས་པ་དང་འབྲེལ་ཕྱོགས་ཁག་གི་སྐུ་མགྲོན་ཀྲུང་གོར་ཚོགས་འདུར་ཕེབས་པར་ལྷག་བསམ་ཟོལ་མེད་ཀྱི་དགའ་བསུ་ཞུས་ཤིང་། ཁོང་གིས་ད་ཐེངས་ཀྱི་གླེང་སྟེགས་ནང་གོ་ལ་ཧྲིལ་པོའི་འཕེལ་རྒྱས་ཐད་འཕྲད་པའི་འགག་རྩའི་གནད་དོན་ལ་དམིགས་ནས་ཚོགས་ཞུགས་སྐུ་མགྲོན་ཚོས་དེའི་ཐད་བསམ་བློ་སྤེལ་རེས་དང་ཐབས་དང་ཇུས་འདོན་རྒྱུ་ཡིན་པས་འཛམ་གླིང་གི་དཔལ་འབྱོར་འཕར་རྒྱུར་དགེ་མཚན་པའི་དོན་སྙིང་ལྡན་ཡོད་ཅེས་མཛུབ་སྟོན་གནང་བ་རེད།
         ཞི་ཅིན་ཕིང་གིས་རྟེན་འབྲེལ་འཕྲིན་ཡིག་ནང་མི་རིང་བའི་གོང་འཚོགས་པའི་ཀྲུང་གོ་གུང་ཁྲན་ཏང་རྒྱལ་ཡོངས་འཐུས་མི་ཚོགས་ཆེན་ཐེངས་བཅུ་དགུ་པས་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་བྱ་སྤྱོད་ཀྱི་རྩ་འཛིན་དང་འཕེལ་རྒྱས་ཀྱི་འཆར་གཞི་གཏན་འབེབས་བྱས་ཡོད། ང་ཚོས་མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་བསམ་བློ་མཐའ་འཁྱོངས་བྱས་ནས་འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ལག་བསྟར་ནན་ཏན་བྱས་ཏེ་དེང་རབས་ཅན་གྱི་དཔལ་འབྱོར་མ་ལག་བསྐྲུན་རྒྱུ་དང་། ཕྱོགས་ཡོངས་ནས་སྒྱུར་བཅོས་གཏིང་ཟབ་ཏུ་བཏང་སྟེ་སྤྱི་ཚོགས་ཡོངས་ཀྱི་གསར་གཏོད་ནུས་པ་ཤུགས་ཆེན་འཕེལ་བ་བྱས་ནས་འཕེལ་རྒྱས་ཀྱི་གསོན་ཤུགས་མུ་མཐུད་ཐོན་པ་བྱེད་རྒྱུ། རིམ་པ་དེ་བས་མཐོ་བའི་སྒོ་དབྱེ་རྣམ་པའི་དཔལ་འབྱོར་འཕེལ་རྒྱས་བཏང་ནས“རྒྱུད་གཅིག་ལམ་གཅིག”གི་འཛུགས་སྐྲུན་ལ་སྐུལ་འདེད་གཏིང་ཟབ་བཏང་སྟེ་ཕྱོགས་ཡོངས་ནས་སྒོ་དབྱེའི་རྣམ་པ་གསར་པ་ཆགས་རྒྱུར་སྐུལ་འདེད་གཏོང་རྒྱུ་ཡིན། འབྱུང་འགྱུར་ལ་རྒྱང་ལྟ་བྱེད་སྐབས་ཀྲུང་གོའི་འཕེལ་རྒྱས་ཀྱི་སྒུལ་ཤུགས་དེ་བས་ཆེ་བ་དང་། མི་དམངས་ཀྱི་ཐོབ་ཚོར་དེ་བས་མང་བ། འཛམ་གླིང་དང་མཉམ་སྒུལ་དེ་བས་ཟབ་པ་བཅས་བྱུང་ནས་གོ་ལ་ཧྲིལ་པོའི་འཕེལ་རྒྱས་ཆེད་གོ་སྐབས་དེ་བས་མང་བ་བསྐྲུན་རྒྱུ་དང་ལེགས་སྐྱེས་དེ་བས་ཆེ་བ་འབུལ་རྒྱུ་རེད་ཅེས་མཛུབ་སྟོན་གནང་བ་རེད།
         ཞི་ཅིན་ཕིང་གིས་ཀྲུང་གོའི་དཔལ་འབྱོར་ལ་ཡུན་རིང་འཕེལ་ཕྱོགས་བཟང་བའི་འོད་སྟོང་འཕྲོ་བའི་མདུན་ལམ་ལྡན་པ་དང་། རྨང་གཞི་དང་། ཆ་རྐྱེན། སྒུལ་ཤུགས་བཅས་ཡོད་པས་བརྟན་ཐོག་ཡར་འཕེལ་དང་རྒྱུན་མཐུད་ལེགས་སུ་འགྲོ་བཞིན་ཡོད། ཀྲུང་གོའི་སྒོ་དབྱེའི་སྒོ་མོ་རྒྱག་མི་སྲིད་པ་མ་ཟད། དེ་ལས་སྒོ་དབྱེ་འབྱེད་རྒྱ་ཇེ་ཆེར་འགྲོ་རྒྱུ་རེད། གཉེར་སྐྱོང་གི་ཁོར་ཡུག་དེ་བས་སྒོ་དབྱེ་དང་། ཁ་གསལ། ཚད་ལྡན་བཅས་ཡོང་རྒྱུ་རེད། ཀྲུང་གོས་མུ་མཐུད་དེ་གོ་ལ་ཧྲིལ་པོའི་རོགས་ཟླའི་འབྲེལ་བ་འཕེལ་རྒྱས་བཏང་ནས་རྒྱལ་ཁབ་ཁག་དང་ཁེ་ཕན་གྱི་འདྲེས་ས་རྒྱ་ཆེར་གཏོང་བ་དང་། ཉོ་ཚོང་དང་མ་འཇོག་རང་མོས་ཅན་དང་སྟབས་བདེ་ཅན་ལ་སྐུལ་འདེད་བཏང་སྟེ་དཔལ་འབྱོར་གོ་ལ་ཧྲིལ་པོ་དེ་བས་སྒོ་དབྱེ་དང་། བསྟུན་མཁས། ཀུན་ཕན། དོ་སྙོམས། གཉིས་ཁེ་བཅས་ཀྱི་ཕྱོགས་སུ་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་རྒྱུ་ཡིན། ང་ཚོས་གོ་ལ་ཧྲིལ་པོའི་ཁེ་ལས་མཁས་ཅན་ཀྲུང་གོར་མ་འཇོག་ལས་དར་བྱེད་པར་ཡོང་ནས་ཀྲུང་གོའི་སྒྱུར་བཅོས་འཕེལ་རྒྱས་ལས་བྱུང་བའི་གོ་སྐབས་མཉམ་དུ་སྤྱད་དེ་ཀྲུང་ཕྱིའི་དཔལ་འབྱོར་ཉོ་ཚོང་མཉམ་ལས་ཀྱི་མཛེས་སྡུག་ལྡན་པའི་འབྱུང་འགྱུར་མཉམ་དུ་གཏོད་རྒྱུར་དགའ་བསུ་ཞུ་རྒྱུ་ཡིན་ཞེས་ནན་བཤད་གནང་བ་རེད།
         རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་དབང་དབྱང་འགོ་ཚུགས་མཛད་སྒོར་ཕེབས་པ་དང་འབྲེལ་བཞེད་དོན་གཙོ་བོའི་གཏམ་བཤད་ཀྱང་གནང་ཞིང་། ཁོང་གིས་ཀྲུའུ་ཞི་ཞི་ཅིན་ཕིང་གི་རྟེན་འབྲེལ་འཕྲིན་ཡིག་ནང་ཀྲུང་གོ་སྲིད་གཞུང་གིས་གླེང་སྟེགས་ལ་མཐོང་ཆེན་དང་རེ་སྒུག་བྱེད་ལུགས་མངོན་པ་དང་། དུས་རབས་གསར་པའི་ཀྲུང་གོའི་འཕེལ་རྒྱས་ཀྱི་སྲིད་ཇུས་ཁ་ཕྱོགས་བརྒྱུད་སྤྲོད་བྱེད་པ། ཀྲུང་གོ་ཕྱོགས་ཀྱིས་ཕྱོགས་ཁག་དང་མཉམ་དུ་མིའི་རིགས་ཀྱི་ལས་དབང་གཅིག་མཐུན་འདུས་གྲུབ་གཏོད་རྒྱུར་སྐུལ་འདེད་གཏོང་བའི་ཟོལ་མེད་ཀྱི་རེ་འདུན་མངོན་ཡོད་ཅེས་གསུངས་པ་རེད། དབང་དབྱང་གིས་ད་ཐེངས་གླེང་སྟེགས་ཀྱིས“སྒོ་དབྱེ་དང་གསར་གཏོད། དཔལ་འབྱོར་གྱི་རྣམ་པ་གསར་པ་གཏོད”ཅེས་པ་བརྗོད་དོན་གཙོ་བོར་བྱས་ཡོད་པས་ཧ་ཅང་ཆེ་བའི་དངོས་ཡོད་ཀྱི་དོན་སྙིང་ལྡན་ཡོད། དཔལ་འབྱོར་གོ་ལ་ཧྲིལ་པོའི་ཁ་ཕྱོགས་ཆེན་པོ་མཐའ་འཁྱོངས་བྱེད་པ་ནི་འཛམ་གླིང་དཔལ་འབྱོར་གྱི་རྣམ་པ་གསར་པ་གཏོད་པའི་གཞི་རྩའི་སྔོན་འགྲོ་ཞིག་དང་། གསར་གཏོད་ལ་བརྟེན་ནས་སྒུལ་ཤུགས་གསར་རྙིང་དབར་གྱི་བརྗེ་ལེན་ལ་སྐུལ་འདེད་གཏོང་རྒྱུ་མཐའ་འཁྱོངས་བྱེད་རྒྱུ་ནི་འཛམ་གླིང་དཔལ་འབྱོར་གྱི་རྣམ་པ་གསར་པ་གཏོད་པའི་འགག་རྩ་ཞིག བསྟུན་མཁས་མཉམ་སྤྱོད་རང་བཞིན་གྱི་འཕར་རྒྱུ་མཐའ་འཁྱོངས་བྱེད་རྒྱུ་ནི་འཛམ་གླིང་དཔལ་འབྱོར་གྱི་རྣམ་པ་གསར་པ་གཏོད་པའི་འདུ་ཤེས་གལ་ཆེན་ཞིག་རེད་ཅེས་གསུངས་པ་རེད། དབང་དབྱང་གིས་ཀྲུང་གོའི་དཔལ་འབྱོར་གྱི་རྣམ་པར་འཕོ་འགྱུར་གཏིང་ཟབ་འགྲོ་བཞིན་ཡོད། ཀྲུང་གོའི་འབྱུང་འགྱུར་གྱི་འཕེལ་རྒྱས་ནི་མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་དང་། སྤུས་ཚད་ཨང་དང་པོར་འཇོག་པ་དང་ཕན་འབྲས་སྔོན་འཇོག་གི་འཕེལ་རྒྱས། གསར་གཏོད་ལ་བརྟེན་ནས་སྐུལ་འདེད་གཏོང་བའི་འཕེལ་རྒྱས། ཕྱོགས་ཡོངས་ནས་སྒོ་དབྱེ་དང་གཉིས་ཕན་གཉིས་ཁེའི་འཕེལ་རྒྱས་ཤིག་བཅས་ཡིན། ཀྲུང་གོའི་སྔོན་ཆད་ཀྱི་འཕེལ་རྒྱས་དེ་སྒོ་དབྱེ་ལས་ཕན་པ་ཐོབ་པ་ཞིག་ཡིན་པས་སླད་ཕྱིན་གསར་གཏོད་ལ་བརྟེན་ནས་སྐུལ་འདེད་གཏོང་བ་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ལམ་དུ་བསྐྱོད་རྒྱུ་ཡིན་པས་སྒོ་དབྱེ་འབྱེད་རྒྱ་དེ་བས་ཆེ་རུ་གཏོང་དགོས་ཀྱི་ཡོད། ང་ཚོས་ཕྱི་དངུལ་གྱི་དགེ་མཚན་ལྡན་པ་དང་ནུས་ལྡན་སྤྱོད་རྒྱུའི་བྱེད་ཕྱོགས་མཐའ་འཁྱོངས་ཐོག་ཞུགས་མཆན་མ་ཐོབ་གོང་གི་རྒྱལ་དམངས་ཐོབ་ཐང་ཐོག་བཀག་རྒྱའི་གསལ་ཐོ་སྣོན་པའི་དོ་དམ་བྱ་ཐབས་ཕྱོགས་ཡོངས་ནས་ལག་ལེན་བསྟར་བ་དང་། ཁྲོམ་རར་ཞུགས་པའི་ཚད་གཞི་མཐོ་རུ་ཤུགས་ཆེན་གཏོང་བ། གཙོ་གནད་ཁྱབ་ཁོངས་སྒོ་དབྱེ་འབྱེད་རྒྱ་ཆེ་རུ་གཏོང་བའི་དུས་ཚོད་རེའུ་མིག་དང་ལམ་རིས་བཟོ་རྒྱུར་དུས་ཚོད་དམ་འཛིན་བྱེད་པ། ཕྱི་རྒྱལ་ཚོང་པའི་མ་འཇོག་གི་ཁྲིམས་མཐུན་ཁེ་དབང་སྲུང་སྐྱོང་བྱེད་པ་བཅས་བྱས་ཏེ་ཉེ་རིང་མེད་པ་དང་དྲང་གཞག་འགྲན་རྩོད་ཀྱི་ཚོང་གཉེར་ཁོར་ཡུག་ཅིག་གཏོད་རྒྱུ་ཡིན་ཞེས་ནན་བཤད་གནང་བ་རེད།
         རྒྱལ་སྲིད་སྤྱི་ཁྱབ་ཁང་གསར་འགྱུར་གཞུང་དོན་ཁང་གི་ཀྲུའུ་རེན་ཅང་ཅན་གོས་འགོ་ཚུགས་མཛད་སྒོའི་ཐོག་ཞི་ཅིན་ཕིང་གི་རྟེན་འབྲེལ་འཕྲིན་ཡིག་སྒྲོག་སྦྱངས་གནང་བ་རེད། ཀོང་ཏུང་ཞིང་ཨུད་ཀྱི་ཧྲུའུ་ཅི་ལི་ཤིས་དང་། ཁ་ན་ཏའི་ཙུང་ལི་ཐེ་ལུའུ་ཏོ། ཕ་ཕུ་ཡ་ཀུའེ་ནེ་ཡའི་ཙུང་ལི་ཨའོ་ཉིར། དུས་རབས་ཀུང་སིའི་དབུ་བཞུགས་ནང་དོན་དཔོན། 《རྒྱུ་ནོར་》དུས་དེབ་ཀྱི་སྤྱི་ཁྱབ་པ་མུའུ་རུའེ་ལན་བཅས་ཀྱིས་འགོ་ཚུགས་མཛད་སྒོའི་ཐོག་ཤིས་ཚིག་བསྒྲོན་པ་རེད།
         2017ལོའི་ཀོང་ཀྲོའུ་ཡི་《རྒྱུ་ནོར་》ཞེས་པའི་གོ་ལ་ཧྲིལ་པོའི་གླེང་སྟེགས་ཟླ་12ཚེས་6ནས་8ཉིན་བར་གཉེར་རྒྱུ་དང་། ཕྱི་རྒྱལ་གྱི་སྲིད་ཕྱོགས་ཀྱི་མི་སྣ་གཙོ་བོ་དང་། 《རྒྱུ་ནོར་》དུས་དེབ་ཀྱི་གོ་ལ་ཧྲིལ་པོའི་ཁེ་ལས་དྲག་གྲས་500ཡི་འཐུས་མི། ཀྲུང་ཕྱིའི་སྣེ་འདྲེན་ཁེ་ལས་ཀྱི་འཐུས་མི། གྲགས་ཅན་རིགས་གཅིག་མཁས་ཅན་དང་མཁས་དབང་སོགས་ཀྲུང་ཕྱིའི་སྐུ་མགྲོན་1100ལྷག་ཙམ་གླེང་སྟེགས་ལ་ཕེབས་ཡོད་པ་དང་། གླེང་སྟེགས་ཀྱི་གཞི་ཁྱོན་སྐབས་རིམ་བྱུང་ལས་ཆེ་བ་ཡོད་པ་རེད། རྒྱལ་སྲིད་སྤྱི་ཁྱབ་ཁང་གསར་འགྱུར་གཞུང་དོན་ཁང་དང་། རྒྱལ་ཁབ་འཕེལ་སྒྱུར་ཨུ་ལྷན། ཚོང་དོན་པུའུ། མི་དམངས་དངུལ་ཁང་། རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་ཁོངས་རྒྱུ་ནོར་ལྟ་སྐུལ་དོ་དམ་ཨུ་ལྷན་སོགས་སྡེ་ཚན་གྱི་འགན་ཁུར་བས་དེ་ཉིན་སྔ་དྲོ་ཚང་འཛོམས་གྲོས་ཚོགས་ཐོག་ཚོགས་ཞུགས་སྐུ་མགྲོན་རྣམས་ལ་ཏང་གི་ཚོགས་ཆེན་བཅུ་དགུ་པའི་གྲུབ་འབྲས་གཙོ་བོ་དང་ཀྲུང་གོའི་སྒོ་དབྱེ་འཕེལ་རྒྱས་ཀྱི་སྲིད་ཇུས་ཀྱི་དགོངས་ཚུལ་ངོ་སྤྲོད་གནང་བ་རེད།