མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ཕྱི་འབྲེལ་པུའུ་ཡིས་ཀྲུང་གོ་ཕྱོགས་ནས་རྒྱ་གར་ཕྱོགས་ལ་འཕུར་སྐྱོད་འཕྲུལ་ཆས་མཐའ་མཚམས་
ས་ཁུལ་དུ་བྱེད་སྒོ་སྤེལ་རྒྱུ་མཚམས་འཇོག་རྒྱུའི་བླང་བྱ་བཏོན་ཡོད་ཅེས་བསྟན་པ།

གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 12ཚེས་08ཉིན། 14:40】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

༄༅།།ཕྱི་འབྲེལ་པུའུ་ཡིས་ཀྲུང་གོ་ཕྱོགས་ནས་རྒྱ་གར་ཕྱོགས་ལ་འཕུར་སྐྱོད་འཕྲུལ་ཆས་མཐའ་མཚམས་
ས་ཁུལ་དུ་བྱེད་སྒོ་སྤེལ་རྒྱུ་མཚམས་འཇོག་རྒྱུའི་བླང་བྱ་བཏོན་ཡོད་ཅེས་བསྟན་པ།

          མི་དམངས་དྲ་བའི་འཕྲིན། ཕྱི་འབྲེལ་པུའུ་ཡི་དྲ་ཚིགས་ཀྱི་གནས་འཕྲིན་ལྟར་ན། ཕྱི་འབྲེལ་པུའུ་ཡི་གཏམ་བརྗོད་པ་ཀེང་ཧྲེང་གིས་ཟླ་12ཚེས་7ཉིན་འཆར་ཅན་གྱི་གསར་འགོད་པའི་ཚོགས་འདུ་གཙོ་སྐྱོང་གནང་བ་རེད།
        དྲི་བ། གནས་འཕྲིན་ལྟར་ན། ཀྲུང་གོའི་དམག་དཔུང་ཕྱོགས་ཀྱིས་རྒྱ་གར་གྱི་མི་མེད་འཕུར་སྐྱོད་འཕྲུལ་ཆས་ཤིག་ཉེ་ཆར་ཀྲུང་གོ་དང་རྒྱ་གར་གཉིས་ཀྱི་མཐའ་མཚམས་སུ་ཟགས་ནས་ཐོར་བར་མི་དགའ་ཚུལ་བསྟན་པ་རེད། ཀྲུང་གོའི་ཕྱི་འབྲེལ་པུའུ་ལ་གནད་དོན་འདིའི་ཐད་དཔྱད་གཏམ་གང་ཞིག་སྤེལ་རྒྱུ་ཡོད་དམ།
       ལན། ཀྲུང་གོའི་དམག་དཔུང་གིས་གནས་འཕྲིན་སྤེལ་ཡོད་པ་རེད། ཉེ་ཆར། རྒྱ་གར་གྱི་མི་མེད་འཕུར་སྐྱོད་འཕྲུལ་ཆས་ཤིག་ཀྲུང་གོ་དང་རྒྱ་གར་མཐའ་མཚམས་ཀྱི་འབྲས་ལྗོངས་མཚམས་ནས་ཀྲུང་གོ་ཕྱོགས་ཀྱི་མཁའ་དབྱིངས་སུ་འཛུལ་བ་མ་ཟད་ཟགས་ནས་ཐོར་བ་རེད། ཀྲུང་གོའི་མཐའ་སྲུང་དམག་དཔུང་གིས་ཆེད་ལས་དང་འགན་ཁུར་བའི་ངང་ཚུལ་བཅངས་ཏེ་སྒྲིག་ཆས་དེར་ངོས་འཛིན་བརྟག་དཔྱད་བྱས་པ་རེད།
         ང་རང་གིས་བསྟན་དགོས་པ་ནི་ཀྲུང་གོ་དང་རྒྱ་གར་མཐའ་མཚམས་ཀྱི་འབྲས་ལྗོངས་མཚམས་ད་ལྟ་གཏན་འཁེལ་བྱས་ཡོད་ལ། མཐའ་མཚམས་ལམ་ཐིག་གི་ཀྲུང་གོའི་ཕྱོགས་ནི་ཀྲུང་གོའི་མངའ་ཁོངས་ཡིན་པ་རེད། རྒྱ་གར་ཕྱོགས་ཀྱི་བྱ་སྤྱོད་འདིས་ཀྲུང་གོའི་བདག་དབང་ལ་གནོད་པ་དང་། རྒྱལ་ཁབ་གཉིས་ཀྱི་མཐའ་མཚམས་ས་ཁུལ་གྱི་ཞི་བདེ་བརྟན་ལྷིང་ལ་ཡང་ཕན་པ་མེད་པས། ཀྲུང་གོ་ཕྱོགས་ཀྱིས་བྱ་སྤྱོད་འདིར་མི་དགའ་ཚུལ་བསྟན་པ་མ་ཟད། རྒྱ་གར་ཕྱོགས་ལ་ནན་བརྗོད་ཀྱང་བྱས་ཡོད། ཀྲུང་གོ་ཕྱོགས་ཀྱིས་རྒྱ་གར་ཕྱོགས་ལ་འཕྲལ་མར་འཕུར་སྐྱོད་འཕྲུལ་ཆས་མཐའ་མཚམས་ས་ཁུལ་དུ་གཏོང་བའི་བྱེད་སྒོ་སྤེལ་མཚམས་འཇོག་དགོས་པ་དང་། ཀྲུང་གོ་ཕྱོགས་དང་མཉམ་དུ་མཐའ་མཚམས་ས་ཁུལ་གྱི་ཞི་བདེ་དང་བརྟན་ལྷིང་སྲུང་སྐྱོང་བྱེད་རྒྱུའི་བླང་བྱ་བཏོན་ཡོད་པ་རེད།
        དྲི་བ། ཁྱེད་ཀྱིས་ཀྲུང་གོ་དང་རྒྱ་གར་མཐའ་མཚམས་སུ་ཟགས་པའི་མི་མེད་འཕུར་སྐྱོད་འཕྲུལ་ཆས་ཀྱི་བཟོ་རྟགས་གང་ཞིག་ཡིན་པ་ཤེས་སམ། ཀྲུང་གོ་ཕྱོགས་ཀྱིས་པེ་ཅིང་ངམ་རྡི་ལི་གསར་པ་ནས་རྒྱ་གར་ཕྱོགས་ལ་འབྲེལ་གཏུག་གནང་བ་རེད་དམ།
        ལན། མི་མེད་འཕུར་སྐྱོད་འཕྲུལ་ཆས་ཀྱི་གནས་ཚུལ་སྐོར་ང་རང་ལ་ཆ་རྒྱུས་མེད། གལ་སྲིད་ཁྱེད་ལ་དོན་དག་དེ་ཤེས་འདོད་ཆེན་པོ་འདུག་ན། ཁྱེད་རང་གིས་དམག་དཔུང་ཕྱོགས་ལ་དྲི་བ་གནང་རོགས། 
        ཀྲུང་གོ་ཕྱོགས་ཀྱིས་འབྲེལ་གཏུག་ཞིབ་ཚགས་བྱས་ཚུལ་སྐོར། ད་ལྟ་ངས་ཆ་རྒྱུས་ལོན་མ་བྱུང་། འོན་ཀྱང་། ད་ལྟ་ང་རང་གིས་བརྗོད་པ་བཞིན། ཀྲུང་གོ་ཕྱོགས་ཀྱིས་རྒྱ་གར་ཕྱོགས་ལ་འབྲེལ་གཏུག་ཚ་ནན་བྱས་ཡོད།
       དྲི་བ། ཁྱེད་ཀྱིས་རྒྱ་གར་གྱི་མི་མེད་འཕུར་སྐྱོད་འཕྲུལ་ཆས་དེ་ཀྲུང་གོ་དང་རྒྱ་གར་མཐའ་མཚམས་ཀྱི་འབྲས་ལྗོངས་མཚམས་ཀྱི་ས་ཁུལ་ཞིབ་ཕྲ་གང་ཞིག་ཏུ་ཟགས་པ་ཆ་རྒྱུས་ལོན་བྱུང་ངམ། གདོང་སྣའི་ས་ཁུལ་གྱི་ཉེ་འཁོར་རེད་དམ།
       ལན། གལ་སྲིད་ཁྱེད་རང་གིས་གནས་ཚུལ་ཞིབ་ཕྲ་ཤེས་འདོད་ན། དམག་དཔུང་ཕྱོགས་ལ་འདྲི་རྩད་གནང་རོགས།
       དྲི་བ། མི་མེད་འཕུར་སྐྱོད་འཕྲུལ་ཆས་སྐོར་ད་དུང་དྲི་བ་ཞིག་ཡོད། ཁྱེད་ཀྱིས་ད་གིན་བརྗོད་པའི་"ཉེ་ཆར་"ཞེས་པ་ནི་ནམ་ཞིག་ཡིན་ནམ། ཉིན་ཤས་ཀྱི་གོང་ལ་རེད་དམ། 
      ལན། གནས་ཚུལ་ཞིབ་ཕྲ་འདི་དག་ཁྱེད་ཀྱིས་དམག་དཔུང་ཕྱོགས་ལ་འདྲི་རྩད་གནང་རོགས། 
      དྲི་བ་ལྷག་མ། ཕྱི་འབྲེལ་དཔོན་ཝང་དབྱིས་རེ་གཟའ་རྗེས་མར་རྡི་ལེ་གསར་པར་རྒྱ་གར་གྱི་འགོ་ཁྲིད་དང་གྲོས་མོལ་གནང་བར་ཕེབས་རྒྱུ་རེད། ད་རེས་ཀྱི་མི་མེད་འཕུར་སྐྱོད་འཕྲུལ་ཆས་ཀྱི་དོན་རྐྱེན་འདི་ཉིད་སྐབས་དེ་དུས་གླེང་རྒྱུ་ཡིན་ནམ།
        ལན། ད་རེས། ཕྱི་འབྲེལ་དཔོན་ཝང་དབྱིས་རྒྱ་གར་གྱི་རྡི་ལེ་གསར་པར་ཕེབས་དོན་ནི་ཀྲུང་གོ་དང་། ཨུ་རུ་སུ། རྒྱ་གར་བཅས་ཀྱི་ཕྱི་འབྲེལ་དཔོན་གྱི་ཚོགས་འདུར་ཞུགས་རྒྱུ་ཡིན་པ་རེད། རྒྱ་གར་དུ་བཞུགས་རིང་། ཁོང་གིས་རྒྱ་གར་སྲིད་གཞུང་གི་མཐོ་རིམ་དཔོན་པོར་མཇལ་འཕྲད་གནང་རྒྱུ་རེད། སྐབས་དེ་དུས། ཕྱོགས་གཉིས་ཀས་ཀྲུང་གོ་དང་རྒྱ་གར་གྱི་འབྲེལ་བ་དང་དེ་བཞིན་ཐུན་མོང་དུ་དོ་ཁུར་བྱེད་པའི་གནད་དོན་སྐོར་བསམ་འཆར་བརྗེ་རེས་གནང་རྒྱུ་རེད།