མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ཞི་ཅིན་ཕིང་གིས་འཕྲིན་ཡིག་སྤྲིངས་ནས་སྐབས་དང་པོའི"འགྲོ་བ་མིའི་ཐོབ་ཐང་གི་ལྷོ་ལྷོའི་
གླེང་སྟེགས'གཉེར་འགོ་ཚུགས་པར་རྟེན་འབྲེལ་ཞུས་པ།

གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 12ཚེས་11ཉིན། 09:46】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

         མི་དམངས་དྲ་བའི་འཕྲིན། ཟླ་12ཚེས་7ཉིན། སྐབས་དང་པོའི“འགྲོ་བ་མིའི་ཐོབ་ཐང་གི་ལྷོ་ལྷོའི་གླེང་སྟེགས”པེ་ཅིང་དུ་གཉེར་འགོ་ཚུགས་ཤིང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་རྟེན་འབྲེལ་འཕྲིན་ཡིག་སྤྲིངས་ནས་གླེང་སྟེགས་གཉེར་བར་སྤྲོ་སེམས་འཁོལ་བའི་རྟེན་འབྲེལ་ཞུས་པ་དང་ཆབས་ཅིག གོ་ལ་ཧྲིལ་པོའི་འགྲོ་བ་མིའི་ཐོབ་ཐང་གི་བྱ་གཞག་འཕེལ་རྒྱས་ཕྱིན་པ་དེ་རྒྱ་ཆེའི་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཀྱི་ཐུན་མོང་འབད་བརྩོན་དང་ཁ་འབྲལ་ཐབས་མེད་པའི་ནན་བཤད་གནང་ནས། རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་གཞུང་དྲང་དང་། དྲང་གཞག སྒོ་འབྱེད། བསྟུན་མཁས་བཅས་ཀྱི་དགོངས་དོན་གཞིར་བཟུང་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཀྱི་མི་དམངས་ཀྱི་འདུན་པར་བརྩི་འཇོག་དང་དེ་མཚོན་པ་བྱས་ཏེ། འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཀྱི་མི་དམངས་ལ་སྔར་བས་ལེགས་པའི་འགྲོ་བ་མིའི་ཐོབ་ཐང་ལོངས་སུ་སྤྱོད་རྒྱུར་སྐུལ་འདེད་བཏང་ནས། མིའི་རིགས་ཐུན་མོང་ཐོག་དར་རྒྱས་གོང་འཕེལ་ཡོང་རྒྱུའི་ཐུགས་རེ་གནང་བ་རེད།
          ཞི་ཅིན་ཕིང་གི་རྟེན་འབྲེལ་འཕྲིན་ཡིག་ནང་མི་ཚང་མར་འགྲོ་བ་མིའི་ཐོབ་ཐང་ཡོངས་སུ་ལོངས་སྤྱོད་བྱེད་པའི་དབང་ཆ་ལྡན་ཡོད་པ་ནི་མིའི་རིགས་ཀྱི་སྤྱི་ཚོགས་ཀྱི་བརྗིད་ཆེའི་ཕུགས་བསམ་ཞིག་རེད། ཉེ་རབས་ཚུན། འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཀྱི་མི་དམངས་ཀྱིས་མི་རིགས་ཀྱི་བཅིངས་འགྲོལ་དང་རྒྱལ་ཁབ་ཀྱི་རང་ཚུགས་བརྩོན་ལེན་དང་། རང་དབང་དང་འདྲ་མཉམ་ཡོང་བ། ལ་རྒྱ་དང་བདེ་སྐྱིད་ལོངས་སྤྱོད་ཐུབ་པ། ཞི་བདེ་དང་འཕེལ་རྒྱས་མངོན་འགྱུར་ཐུབ་པ་བཅས་བྱ་ཆེད་དུས་ཡུན་རིང་པོའི་འཐབ་རྩོད་དང་འབད་བརྩོན་བྱས་ནས་འཛམ་གླིང་གི་འགྲོ་བ་མིའི་ཐོབ་ཐང་གི་བྱ་གཞག་འཕེལ་རྒྱས་ལ་ལེགས་སྐྱེས་ཆེན་པོ་ཕུལ་བ་བསྟན་ཡོད་པ་རེད།
        ཞི་ཅིན་ཕིང་གིས་ཀྲུང་གོ་གུང་ཁྲན་ཏང་དང་ཀྲུང་གོ་སྲིད་གཞུང་གིས་མི་དམངས་ལྟེ་བར་བྱེད་པའི་འཕེལ་རྒྱས་ཀྱི་བསམ་ཕྱོགས་མཐའ་འཁྱོངས་ཀྱིས་སྔ་ཕྱི་བར་གསུམ་དུ་མི་དམངས་ཀྱི་ཁེ་ཕན་བླ་ན་མེད་པའི་གནས་བབ་ཐོག་བཞག་ནས་མི་དམངས་ཀྱིས་མཛེས་སྡུག་ལྡན་པའི་འཚོ་བར་བཅངས་པའི་རེ་འདོད་དེ་འབད་འཐབ་དམིགས་ཚད་ལ་བརྩིས་ནས། ཀྲུང་གོའི་མི་དམངས་ཀྱི་གཞི་རྩའི་ཁེ་དབང་ཁག་ལ་བརྩི་འཇོག་དང་འགན་ལེན་བྱེད་པའི་ཆུ་ཚད་རྒྱུན་ཆད་མེད་པར་མཐོ་རུ་གཏོང་དགོས་ཞེས་ནན་བཤད་གནང་ཡོད། མི་རིང་བའི་གོང་འཚོགས་པའི་ཀྲུང་གོ་གུང་ཁྲན་ཏང་རྒྱལ་ཡོངས་འཐུས་མི་ཚོགས་ཆེན་ཐེངས་བཅུ་དགུ་པའི་ཐོག་ཀྲུང་གོའི་འཕེལ་རྒྱས་ཀྱི་བརྗིད་ཆེའི་འཆར་གཞི་བཀོད་ཡོད་པས། དེས་ཀྲུང་གོའི་འགྲོ་བ་མིའི་ཐོབ་ཐང་གི་བྱ་གཞག་འཕེལ་རྒྱས་ལ་སྐུལ་འདེད་ནུས་ལྡན་གཏོང་ཐུབ་ངེས་ཡིན་ལ། མིའི་རིགས་ཡར་རྒྱས་འགྲོ་བའི་བྱ་གཞག་ལ་ལེགས་སྐྱེས་གསར་པ་དེ་བས་ཆེ་བ་འབུལ་ངེས་ཀྱང་ཡིན་པ་རེད།
        ཞི་ཅིན་ཕིང་གིས་དེང་སྐབས་ཀྱི་འཛམ་གླིང་ཐོག་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཀྱི་མི་འབོར་གྱིས་80%ཡན་བཟུང་ཡོད། འགྲོ་བ་མིའི་ཐོབ་ཐང་གི་བྱ་གཞག་དེའང་ངེས་པར་དུ་རྒྱལ་ཁབ་ཁག་གི་གནས་ཚུལ་དང་མི་དམངས་ཀྱི་དགོས་མཁོ་གཞིར་བཟུང་སྐུལ་འདེད་གཏོང་རྒྱུ་ལས་མ་འདས། འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཀྱིས་འགྲོ་བ་མིའི་ཐོབ་ཐང་གི་ཡོངས་ཁྱབ་རང་བཞིན་དང་དམིགས་བསལ་རང་བཞིན་ཟུང་འབྲེལ་གྱི་རྩ་དོན་མཐའ་འཁྱོངས་བྱས་ཏེ། འགྲོ་བ་མིའི་ཐོབ་ཐང་གི་འགན་ལེན་ཆུ་ཚད་ཟམ་མི་ཆད་པར་མཐོ་རུ་གཏོང་དགོས། ཀྲུང་གོའི་མི་དམངས་ཀྱིས་རྒྱ་ཆེའི་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཚུད་པའི་འཛམ་གླིང་རྒྱལ་ཁབ་ཁག་གི་མི་དམངས་དང་མཉམ་དུ་ཕྱར་བ་གྲུ་འདེགས་བྱས་ནས་མཉམ་ལས་ཀྱིས་འཕེལ་རྒྱས་ལ་སྐུལ་འདེད་དང་འཕེལ་རྒྱས་ཀྱིས་འགྲོ་བ་མིའི་ཐོབ་ཐང་ལ་སྐུལ་སྤེལ་བཏང་སྟེ་མིའི་རིགས་ཀྱི་ལས་དབང་གཅིག་མཐུན་འདུས་གྲུབ་མཉམ་དུ་གཏོད་འདོད་ཡོད་ཅེས་བསྟན་པ་རེད།
        ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཨུ་ཡོན། ཀྲུང་དབྱང་དྲིལ་བསྒྲགས་པུའི་པུའུ་ཀྲང་ཧོང་ཁུན་མིང་གིས་འགོ་ཚུགས་མཛད་སྒོའི་ཐོག་ཞི་ཅིན་ཕིང་གི་རྟེན་འབྲེལ་འཕྲིན་ཡིག་སྒྲོག་སྦྱངས་གནང་བ་མ་ཟད་ཤིས་ཚིག་ཀྱང་གསུངས་ཤིང་། ཁོང་གིས་ཀྲུའུ་ཞི་ཞི་ཅིན་ཕིང་གིས་བཏོན་གནང་བའི་མིའི་རིགས་ཀྱི་ལས་དབང་གཅིག་མཐུན་འདུས་གྲུབ་གཏོད་པའི་དགོངས་པ་གལ་ཆེན་ལས་གོ་ལ་ཧྲིལ་པོའི་འགྲོ་བ་མིའི་ཐོབ་ཐང་གི་བཅོས་སྐྱོང་དེ་གཞུང་དྲང་ལུགས་མཐུན་གྱི་ཕྱོགས་སུ་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་ཆེད་ཀྲུང་གོའི་བློ་གྲོས་དང་ཀྲུང་གོའི་ཇུས་གཞི་མཁོ་འདོན་བྱས་ཡོད། ཀྲུང་གོས་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་དང་མཉམ་དུ་གདེང་ཚོད་བརྟན་གཏོང་དང་མཐུན་སྒྲིལ་མཉམ་ལས་བྱས་ཏེ། རང་རྒྱལ་ཁབ་ཀྱི་གནས་ཚུལ་དང་འཚམ་པའི་འགྲོ་བ་མིའི་ཐོབ་ཐང་གི་འཕེལ་རྒྱས་ཐབས་ལམ་ཐོག་བསྐྱོད་ནས། འཛམ་གླིང་གི་འགྲོ་བ་མིའི་ཐོབ་ཐང་གི་བྱ་གཞག་འཕེལ་རྒྱས་ལ་སྔར་བས་ཆེ་བའི་ལེགས་སྐྱེས་འབུལ་འདོད་ཡོད་ཅེས་གསུངས།
        ད་རེས་ཀྱི་གླེང་སྟེགས་རྒྱལ་སྲིད་སྤྱི་ཁྱབ་ཁང་གསར་འགྱུར་གཞུང་དོན་ཁང་དང་ཕྱི་འབྲེལ་པུའུ་ཡིས་མཉམ་དུ་གཉེར་བ་དང་རྒྱལ་ཁབ་དང་རྒྱལ་སྤྱིའི་རྩ་འཛུགས་70ལྷག་ཙམ་གྱི་དཔོན་རིགས་དང་མཁས་དབང་སོགས་མི་300ལྷག་ཙམ་ཞུགས་ཡོད་པ་རེད།