མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ཞི་ཅིན་ཕིང་གིས་མར་ཏི་ཝེའི་ཙུང་ཐུང་ཡ་མིང་དང་གྲོས་མོལ་གནང་བ། 

གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 12ཚེས་11ཉིན། 09:52】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

༄༅།།ཞི་ཅིན་ཕིང་གིས་མར་ཏི་ཝེའི་ཙུང་ཐུང་ཡ་མིང་དང་གྲོས་མོལ་གནང་བ།

           མི་དམངས་དྲ་བའི་འཕྲིན། ཟླ་12ཚེས་7ཉིན་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་མི་དམངས་ཚོགས་ཁང་ཆེ་མོར་ཀྲུང་གོར་རྒྱལ་དོན་འཚམས་འདྲི་གནང་བར་ཕེབས་པའི་མར་ཏི་ཝེའི་ཙུང་ཐུང་ཡ་མིང་དང་གྲོས་མོལ་གནང་བ་རེད།
         ཞི་ཅིན་ཕིང་གིས་མར་ཏི་ཝེ་ནི་ཀྲུང་གོའི་མཐའ་འཁོར་གྱི་རྒྱལ་ཁབ་མང་པོའི་གྲས་ཀྱི་གཅིག་རེད། ཀྲུང་མར་རྒྱལ་ཁབ་གཉིས་པོའི་སྲོལ་རྒྱུན་མཛའ་གྲོགས་ཟབ་མོ་ཡོད། ཙུང་ཐུང་སྐུ་ཞབས་ཡ་མིང་ནི་ཀྲུང་གོ་ཕྱོགས་ཀྱིས་ཚོགས་ཆེན་བཅུ་དགུ་པའི་རྗེས་སུ་སྣེ་ལེན་ཞུས་པའི་མཐའ་འཁོར་རྒྱལ་ཁབ་ཀྱི་གཙོ་བདག་ཐོག་མ་དེ་ཡིན། ཕྱི་འབྲེལ་འབྲེལ་བ་བཙུགས་ནས་ལོ་45སོང་རིང་རྒྱལ་ཁབ་གཉིས་པོའི་དབར་འདྲ་མཉམ་ལྟ་སྟངས་དང་། མཛའ་མཐུན་མཉམ་གནས། མཉམ་ལས་གཉིས་ཁེ་བཅས་བྱུང་ནས་ཕན་ཚུན་ལྟེ་བའི་ཁེ་ཕན་དང་དོ་ཁུར་ཆེན་པོ་བྱེད་པ་དང་འབྲེལ་བའི་གནད་དོན་ཐད་ཕན་ཚུན་བསམ་ཤེས་དང་རྒྱབ་སྐྱོར་བྱེད་ཀྱི་ཡོད་པས་ཕྱོགས་གཉིས་པོའི་འབྲེལ་བ་སྔ་ཕྱི་བར་གསུམ་དུ་སྐྱོན་བྲལ་དང་བརྟན་ལྷིང་ངང་གོང་འཕེལ་བྱུང་ཡོད། ཉེ་བའི་ལོ་ཤས་རིང་ཀྲུང་མར་རྒྱལ་ཁབ་གཉིས་པོའི་འབྲེལ་བ་མགྱོགས་མྱུར་འཕེལ་རྒྱས་ཀྱི་བགྲོད་ལམ་ཐོག་སླེབས་ནས་རྒྱལ་ཁབ་གཉིས་པོས་འབྱུང་འགྱུར་ལ་ཕྱོགས་པའི་ཕྱོགས་ཡོངས་ཀྱི་མཛའ་མཐུན་མཉམ་ལས་རོགས་ཟླའི་འབྲེལ་བ་བཙུགས་ཡོད། ངས་བཏོན་པའི“རྒྱུད་གཅིག་ལམ་གཅིག”གི་གྲོས་འགོ་དེ་ཙུང་ཐུང་སྐུ་ཞབས་ཡ་མིང་གིས་བཏོན་པའི་མར་ཏི་ཝེའི་ས་བབ་ཀྱི་ལེགས་ཆ་སྤྱོད་པ་དང་དཔལ་འབྱོར་མགྱོགས་མྱུར་འཕེལ་རྒྱས་ཡོང་བ་བྱེད་པའི་འཐབ་ཇུས་དང་ཚད་མཐོའི་གཅིག་མཐུན་བྱུང་ཡོད། མར་ཏི་ཝེ་ཕྱོགས“རྒྱུད་གཅིག་ལམ་གཅིག”གི་འཛུགས་སྐྲུན་ནང་ཧུར་ཐག་ཞུགས་པར་ཀྲུང་གོ་ཕྱོགས་ཀྱིས་བསྔགས་བརྗོད་བྱེད་ཀྱི་ཡོད། མར་ཏི་ཝེ་ཕྱོགས་དུས་རབས་21གི་མཚོ་ཐོག་དར་གོས་ལམ་བུ་འཛུགས་སྐྲུན་བྱེད་མཁན་གྱི་མཉམ་ལས་རོགས་ཟླ་གལ་ཆེན་ཞིག་ལ་བརྩིས་ནས་མར་ཏི་ཝེ་ཕྱོགས་དང་འཕེལ་རྒྱས་ཀྱི་འཐབ་ཇུས་སྦྲེལ་མཐུད་དང་འཕེལ་རྒྱས་ཀྱི་གོ་སྐབས་མཉམ་དུ་སྤྱད་ནས་ཐུན་མོང་ཐོག་དར་རྒྱས་ཡོང་བ་བྱེད་འདོད་ཡོད་ཅེས་གསུངས་པ་རེད།
          གྲོས་མོལ་གནང་རྗེས། རྒྱལ་ཁབ་གཉིས་པོའི་གཙོ་བདག་གིས་《“རྒྱུད་གཅིག་ལམ་གཅིག”འཛུགས་སྐྲུན་ལ་ཐུན་མོང་ཐོག་སྐུལ་འདེད་གཏོང་རྒྱུའི་སྐོར་གྱི་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་སྲིད་གཞུང་དང་མར་ཏི་ཝེ་སྤྱི་མཐུན་རྒྱལ་ཁབ་སྲིད་གཞུང་གི་བསམ་ཤེས་དྲན་ཐོ་》དང་། 《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་སྲིད་གཞུང་དང་མར་ཏི་ཝེ་སྤྱི་མཐུན་རྒྱལ་ཁབ་སྲིད་གཞུང་གི་རང་མོས་ཉོ་ཚོང་གི་གྲོས་ཆོད་》དང་དེ་བཞིན་དཔལ་འབྱོར་ལག་རྩལ་དང་། མི་ཤུགས་ཐོན་ཁུངས་གསར་སྤེལ། རྒྱ་མཚོ། ཁོར་ཡུག འཕྲོད་བསྟེན། དངུལ་རྩ་སོགས་ཁྱབ་ཁོངས་ཀྱི་ཕྱོགས་གཉིས་པོའི་མཉམ་ལས་ཡིག་ཆར་མིང་རྟགས་བཀོད་པར་ལྷན་དུ་དཔང་པོ་གནང་བ་རེད།