མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།འོས་འགན་སློབ་གསོས་སློབ་གསོ་དང་སློབ་ཁྲིད་ཀྱི་སྤུས་ཚད་མཐོ་རུ་གཏོང་རྒྱུ་རྩ་བར་འཛིན་དགོས་པ།

གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 12ཚེས་11ཉིན། 10:04】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

           མི་དམངས་དྲ་བའི་འཕྲིན། རྒྱལ་ཡོངས་ཀྱི་《འོས་འགན་སློབ་གསོའི་སློབ་གྲྭའི་དོ་དམ་ཚད་གཞི་》ལག་བསྟར་བཀོད་སྒྲིག་ཚོགས་འདུ་དེ་ཚེས་7ཉིན་ཧྲན་ཤིས་ཞིང་ཆེན་ཤའོ་དབྱི་གྲོང་ཁྱེར་དུ་འཚོགས་པ་རེད། སློབ་གསོ་པུའི་པུའུ་ཀྲང་གཞོན་པ་ཀྲུའུ་ཀྲི་ཝུན་གྱིས་དོ་དམ་གྱི་ཚད་གཞི་བཟོ་བ་ནི་ཕྱོགས་ཡོངས་ནས་འོས་འགན་སློབ་གསོའི་སྤུས་ཚད་མཐོ་རུ་གཏོང་བའི་དགོས་ངེས་ཀྱི་བླང་བྱ་ཞིག་ཡིན། མིག་སྔ་དང་སླད་ཕྱིན་གྱི་དུས་སྐབས་ཤིག་རིང་། འོས་འགན་སློབ་གསོས་ལས་དོན་གྱི་གཙོ་གནད་དེ་སློབ་གསོ་དང་སློབ་ཁྲིད་ཀྱི་སྤུས་ཚད་མཐོ་རུ་གཏོང་རྒྱུ་རྩ་བར་འཛིན་པའི་སྲོལ་ལམ་ཐོག་སྒྱུར་དགོས་ཞེས་བཤད།
          སློབ་གསོ་པུས་ཉེ་ཆར་བཏོན་པའི་《འོས་འགན་སློབ་གསོའི་སློབ་གྲྭའི་དོ་དམ་ཚད་གཞིས་》སློབ་མར་འདྲ་མཉམ་གྱི་ཁེ་དབང་ལ་འགན་སྲུང་དང་། སློབ་ཕྲུག་གི་ཕྱོགས་ཡོངས་ཀྱི་འཚར་ལོངས་ལ་སྐུལ་འདེད་གཏོང་བ། དགེ་རྒན་གྱི་ཆེད་ལས་ཡར་རྒྱས་ཡོང་བར་ཁྲིད་སྟོན་བྱེད་པ། སློབ་གསོའི་སློབ་ཁྲིད་ཀྱི་ཆུ་ཚད་མཐོ་རུ་གཏོང་བ།ཞི་མཐུན་དང་མཛེས་སྡུག་ལྡན་པའི་ཁོར་ཡུག་གཏོད་པ། དེང་རབས་ཀྱི་སློབ་གསོའི་ལམ་ལུགས་བཟོ་བ་བཅས་ཕྱོགས་ཆེན་པོ་དྲུག་གི་ཐད་ནས་སློབ་གྲྭའི་དོ་དམ་གྱི་འགན་འཁྲི་གཙོ་བོ་གཏན་ལ་ཕབ་པ་དག་དོ་དམ་གྱི་ལས་འགན་22དང་ཞིབ་ཕྲའི་ནང་དོན་88དང་འབྲེལ་ཡོད་པ་རེད།
         ཀྲུའུ་ཀྲི་ཝུན་གྱིས། དོ་དམ་གྱི་ཚད་གཞི་བཟོས་པ་དེས་རང་རྒྱལ་གྱི་འོས་འགན་སློབ་གསོའི་སློབ་གྲྭར་དོ་དམ་བྱེད་པའི་གཞི་རྩའི་འདུ་ཤེས་དང་། ནང་དོན། སྒྲོམ་གཞི། བླང་བྱ་བཅས་ལ་ཕྱོགས་ཡོངས་དང་ཆ་ལག་ཚང་བའི་སྒོ་ནས་གསེད་བཀྲོལ་ཐོག་མར་བྱས་ཡོད། དེ་ནི་རང་རྒྱལ་གྱི་འོས་འགན་སློབ་གསོའི་དོ་དམ་ཚད་གཞི་ཅན་དང་། ཚད་ལྡན་ཅན། ལམ་ལུགས་ཅན་དུ་འགྱུར་བའི་ཆུ་ཚད་མཐོ་རུ་གཏོང་བའི་བྱ་ཐབས་གལ་ཆེན་ཞིག་ཡིན་པས། རང་རྒྱལ་གྱི་འོས་འགན་སློབ་གསོའི་འཕེལ་རྒྱས་ལོ་རྒྱུས་ཁྲོད་སྲོལ་གཏོད་ཀྱི་དོན་སྙིང་གལ་ཆེན་ལྡན་ཡོད་ཅེས་བཤད།
          ཀྲུའུ་ཀྲེ་ཝུན་གྱིས། འབད་བརྩོན་ཡུན་རིང་བྱས་པ་བརྒྱུད་རང་རྒྱལ་གྱི་འོས་འགན་སློབ་གསོའི་བྱ་གཞག་འཕེལ་རྒྱས་ཐད་འཛམ་གླིང་སྐྱེ་བོ་ཀུན་ཧང་སངས་པའི་གྲུབ་འབྲས་ཐོབ་མོད། ཡིན་ནའང་ཐོན་ཁུངས་སྤུས་དག་དཀོན་པ་དང་། སློབ་གསོ་སློབ་ཁྲིད་ཀྱི་ཆུ་ཚད་དེ་ཙམ་མཐོ་པོ་མེད་པ། སློབ་ཕྲུག་ཕྱོགས་ཡོངས་དང་རང་གཤིས་ལྡན་པའི་ངང་འཕེལ་རྒྱས་འགྲོ་རྒྱུ་མི་འདང་བ་སོགས་ཀྱི་གནད་དོན་སྔར་བཞིན་མངོན་གསལ་དོད་པོར་གནས་ཡོད། དོ་དམ་གྱི་ཚད་གཞི་བཟོས་པ་དེས་འོས་འགན་སློབ་གསོའི་སྤུས་ཚད་ཀྱི་ལྷུ་ཚིགས་ཁག་མཐོ་རུ་འགྲོ་རྒྱུར་བླང་བྱ་དང་ཚད་གཞི་ཁ་གསལ་བཏོན་པས། ཕྱོགས་ཡོངས་ནས་འོས་འགན་སློབ་གསོའི་སྤུས་ཚད་མཐོ་རུ་གཏོང་རྒྱུར་དགེ་མཚན་ལྡན་ལ་ཕུགས་ཕན་གྱི་ཤུགས་ཆེན་ཐེབས་ངེས་རེད་ཅེས་བཤད།