མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ཀྲུང་གུང་ཀྲུང་དབྱང་གིས་ཏང་ཕྱིའི་མི་སྣའི་བཞུགས་མོལ་ཚོགས་འདུ་འཚོགས་པ། 

གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 12ཚེས་11ཉིན། 10:10】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

           མི་དམངས་དྲ་བའི་འཕྲིན། ཟླ་12ཚེས་6ཉིན། ཀྲུང་གུང་ཀྲུང་དབྱང་གིས་ཀྲུང་ནན་ཧའེ་རུ་ཏང་ཕྱིའི་མི་སྣའི་བཞུགས་མོལ་ཚོགས་འདུ་འཚོགས་ནས་འདི་ལོའི་དཔལ་འབྱོར་དུས་བབ་དང་ཕྱི་ལོའི་དཔལ་འབྱོར་ལས་དོན་སྐོར་ལ་དམངས་གཙོ་ཏང་ཤོག་ཁག་གི་ཀྲུང་དབྱང་དང་། རྒྱལ་ཡོངས་བཟོ་ཚོང་ལས་རིགས་མཉམ་འབྲེལ་ལྷན་ཚོགས་ཀྱི་འགན་འཁུར་བ། ཏང་ཤོག་གང་ལའང་མ་གཏོགས་པའི་མི་སྣའི་འཐུས་མི་བཅས་ཀྱི་བསམ་འཆར་དང་གྲོས་འགོ་ཉན་པ་རེད། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བཞུགས་མོལ་ཚོགས་འདུ་གཙོ་སྐྱོང་གནང་ནས་གསུང་བཤད་གལ་ཆེན་ཡང་གནང་བ་རེད། ཞི་ཅིན་ཕིང་གིས་2018ལོ་ནི་ཀྲུང་གུང་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་ལག་བསྟར་བྱེད་པའི་འགོ་ཚུགས་ལོ་ཞིག་ཡིན་ལ། “ལོ་ལྔ་ཚན་བཅུ་གསུམ་པའི”འཆར་གཞི་ལག་ལེན་བསྟར་བའི་སྔ་རྗེས་རྒྱུན་མཐུད་ཀྱི་འགག་རྩའི་ལོ་ཞིག་ཀྱང་ཡིན། དཔལ་འབྱོར་ལས་དོན་ཐད་འདུ་ཤེས་གསར་པ་ལག་བསྟར་དང་། དམིགས་ཚད་གསར་པར་དམིགས་པ། བཀོད་སྒྲིག་གསར་པ་དོན་འཁྱོལ་བཅས་བྱས་ཏེ་2020ལོར་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་ཆེད་དངོས་པོའི་རྨང་གཞི་བརྟན་པོ་འདིང་དགོས་ཞེས་ནན་བཤད་གནང་བ་རེད།
           ལི་ཁེ་ཆང་དང་། ཡུས་ཀྲེང་ཧྲེང་། ཀྲང་ཀའོ་ལི། ཝང་ཧུའུ་ཉིང་། ཧན་ཀྲེང་བཅས་བཞུགས་མོལ་ཚོགས་འདུར་ཕེབས་པ་རེད། ལི་ཁེ་ཆང་གིས་འདི་ལོའི་དཔལ་འབྱོར་ལས་དོན་གྱི་འབྲེལ་ཡོད་གནས་ཚུལ་ཁྱབ་བསྒྲགས་གནང་བ་དང་ཕྱི་ལོའི་དཔལ་འབྱོར་ལས་དོན་ཡག་པོ་བསྒྲུབ་རྒྱུའི་སྐོར་གྱི་ཀྲུང་གུང་ཀྲུང་དབྱང་གི་བསམ་གཞིག་ངོ་སྤྲོད་གནང་བ་རེད།
          བཞུགས་མོལ་ཚོགས་འདུའི་ཐོག ཀྲུང་གོ་གོ་མིན་ཏང་གསར་བརྗེ་ཨུ་ཡོན་ལྷན་ཁང་ཀྲུང་དབྱང་གི་ཀྲུའུ་ཞི་དབན་ཨེ་ཤང་དང་། ཀྲུང་གོ་དམངས་གཙོ་མནའ་མཐུན་ཚོགས་པ་ཀྲུང་དབྱང་གི་ཀྲུའུ་ཞི་ཀྲང་པའོ་དབུན། ཀྲུང་གོ་དམངས་གཙོ་རྒྱལ་འཛུགས་ཀྲུང་དབྱང་གི་ཀྲུའུ་ཞི་ཁྲེན་ཁྲང་ཀྲི། ཀྲུང་གོ་དམངས་གཙོ་ཡར་སྐུལ་ཚོགས་པ་ཀྲུང་དབྱང་གི་ཀྲུའུ་ཞི་ཚའེ་ཏ་ཧྥེང་། ཀྲུང་གོ་ཞིང་བཟོ་དམངས་གཙོ་ཏང་ཀྲུང་དབྱང་གི་ཀྲུའུ་ཞི་ཁྲེན་ཀྲུའུ། ཀྲི་གུང་ཏང་ཀྲུང་དབྱང་གི་ཀྲུའུ་ཞི་དབན་ཀང་། དགུ་གསུམ་ཤེས་རིག་ཚོགས་པ་ཀྲུང་དབྱང་གི་ཀྲུའུ་ཞི་ཧན་ཆི་ཏེ། ཐའེ་དབན་དམངས་གཙོ་རང་སྐྱོང་མནའ་མཐུན་ཀྲུང་དབྱང་གི་ཀྲུའུ་ཞི་ལིན་དབུན་དབྱི། རྒྱལ་ཡོངས་བཟོ་ཚོང་ལས་རིགས་མཉམ་འབྲེལ་ལྷན་ཚོགས་ཀྱི་ཀྲུའུ་ཞི་ཀའོ་ཡུན་ལུང་། ཏང་ཤོག་གང་ལའང་མ་གཏོགས་པའི་མི་སྣའི་འཐུས་མི་ལིན་དབྱི་ཧྥུའུ་བཅས་ཀྱིས་སྔ་རྗེས་སུ་གཏམ་བཤད་གནང་བ་རེད། ཁོང་རྣམ་པས་ཀྲུང་གུང་ཚོགས་ཆེན་བཅུ་དགུ་པའི་ཐབས་ཇུས་བཀོད་སྒྲིག་ལ་བརྩི་བཀུར་ཞུས་ནས་ཀྲུང་གུང་ཀྲུང་དབྱང་གིས་མིག་སྔའི་རང་རྒྱལ་གྱི་དཔལ་འབྱོར་དུས་བབ་ལ་དབྱེ་ཞིབ་དང་ཕྱི་ལོའི་དཔལ་འབྱོར་ལས་དོན་ལ་བསམ་གཞིག་གནང་བར་མོས་མཐུན་གནང་བ་མ་ཟད། ས་ཁོངས་མཐུན་སྦྱོར་འཕེལ་རྒྱས་ཀྱི་འཐབ་ཇུས་ལག་ལེན་བསྟར་བ་དང་། གསར་གཏོད་རྣམ་པའི་རྒྱལ་ཁབ་གང་མགྱོགས་བསྐྲུན་པ། ཚན་རྩལ་རྣམ་པའི་ཁེ་ལས་འབྲིང་གྲས་དང་ཆུང་གྲས་འཕེལ་རྒྱས་གཏོང་རྒྱུར་སྐུལ་འདེད་གཏོང་བ། དངུལ་རྩའི་ལྟ་སྐུལ་དོ་དམ་གྱི་ཕན་འབྲས་ཆེ་རུ་གཏོང་བ། ཁྲལ་བསྡུའི་སྒྲིག་གཞི་སྒྱུར་བཅོས་བྱེད་མགྱོགས་སུ་གཏོང་བ། དམངས་ཁྲོད་ཀྱི་མ་འཇོག་གསོན་ཤུགས་འཕེལ་བ། བདེ་ཐང་ཀྲུང་གོའི་འཐབ་ཇུས་ལག་ལེན་བསྟར་བ། ལྗང་མདོག་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ། གནམ་སྔོ་སྲུང་སྐྱོབ་ཀྱི་དམག་འཐབ་ལ་མཐའ་གཅིག་ཏུ་རྒྱལ་ཁ་ལེན་པ། སྡོད་ཁང་དོ་དམ་ལ་མཐོང་ཆེན་བྱེད་པ། གྲོང་གསེབ་དར་རྒྱས་ཀྱི་འཐབ་ཇུས་དོན་འཁྱོལ་བྱེད་པ། དབུལ་སྒྲོལ་འགག་སྒྲོལ་བྱེད་རིང་དམངས་གཉེར་ཁེ་ལས་ཀྱི་ནུས་པ་ཧུར་ཐག་འདོན་པ། “རྒྱུད་གཅིག་ལམ་གཅིག”ལམ་རྒྱུད་རྒྱལ་ཁབ་ཀྱི་ཕྱོགས་སུ་བསྐྱོད་པའི་གོམ་སྟབས་མགྱོགས་སུ་གཏོང་བ། ཀྲུང་ལུགས་གསོ་རིག་དང་སྨན་རྫས་ཀྱི་རྒྱལ་སྤྱིའི་ཁྲོམ་རའི་འགྲན་རྩོད་ཆེ་རུ་གཏོང་བ། གོ་ལ་ཧྲིལ་པོའི་གནམ་གཤིས་དང་ཁོར་ཡུག་བཅོས་སྐྱོང་ཁྲོད་ཀྱི་རང་འགུལ་དབང་ཆ་སྟངས་འཛིན་ཡག་པོ་བྱེད་པ། ཐའེ་དབན་གྱི་དམངས་སེམས་ཐོབ་པའི་ལས་དོན་ཧུར་ཐག་སྒྲུབ་པ་སོགས་ཐད་བསམ་འཆར་དང་གྲོས་འགོ་ཡང་བཏོན་གནང་བ་རེད།
         ཚང་མའི་གཏམ་བཤད་ནན་ཏན་ངང་གསན་རྗེས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་གསུང་བཤད་གལ་ཆེན་གནང་ཞིང་། ཁོང་གིས་ལོ་གཅིག་རིང་རྒྱལ་ཁབ་ཕྱི་ནང་གི་དུས་བབ་རྙོག་འཛིང་ཆེ་ལ་འགྱུར་ལྡོག་གཏིང་ཟབ་བྱུང་བར་དམིགས་ནས་ཀྲུང་གུང་ཀྲུང་དབྱང་གིས་དུས་དཔག་བབ་བསྟུན་དང་ཚན་རིག་དང་མཐུན་པའི་ངང་ཁོང་དུ་ཆུད་པ་བྱས་ཏེ“ཕྱོགས་ལྔ་གཞི་གཅིག”གི་སྤྱིའི་བཀོད་ཇུས་ལ་སྤྱི་འདོམས་སྐུལ་འདེད་གཏོང་བ་དང་། “ཕྱོགས་ཡོངས་བཞིའི”འཐབ་ཇུས་བཀོད་ཇུས་ལ་མཐུན་སྦྱོར་སྐུལ་འདེད་གཏོང་བ། འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ཁྲིད་སྟོན་དུ་བྱ་རྒྱུ་མཐའ་འཁྱོངས་བྱེད་པ། བརྟན་ཐོག་ཡར་བརྩོན་གྱི་ལས་ཀའི་རྩ་བའི་དགོངས་གཞི་མཐའ་འཁྱོངས་བྱེད་པ། “ལོ་ལྔ་ཚན་བཅུ་གསུམ་པའི”འཆར་འགོད་ལག་ལེན་བསྟར་རྒྱུར་སྐུལ་འདེད་ཧུར་ཐག་གཏོང་བ། མཁོ་སྤྲོད་ཕྱོགས་ཀྱི་གྲུབ་ཆའི་རང་བཞིན་གྱི་སྒྱུར་བཅོས་ལ་སྐུལ་འདེད་གཏོང་བ། དབུལ་སྒྲོལ་འགག་སྒྲོལ་གྱི་དམག་འཐབ་ལ་མཐའ་གཅིག་ཏུ་རྒྱལ་ཁ་ལེན་པ། དཔལ་འབྱོར་འཕེལ་རྒྱས་ཀྱི་སྤྱི་ཡོངས་བརྟན་ཐོག་ཡར་འཕེལ་ཡོང་བ་བཅས་བྱས་པས་ཐོབ་པའི་གྲུབ་འབྲས་ལ་མི་རྣམས་ལྕག་སྐུལ་ཐེབས་པ་ཞིག་ཡོད་ཅེས་གསུངས་པ་རེད།
           ཞི་ཅིན་ཕིང་གིས་ལོ་གཅིག་རིང་དམངས་གཙོ་ཏང་ཤོག་ཁག་གི་ཀྲུང་དབྱང་དང་། རྒྱལ་ཡོངས་བཟོ་ཚོང་ལས་རིགས་མཉམ་འབྲེལ་ལྷན་ཚོགས། ཏང་ཤོག་གང་ལའང་མ་གཏོགས་པའི་མི་སྣ་བཅས་ཀྱིས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་དང་རྒྱལ་ཇུས་དམངས་འཚོ་དང་འབྲེལ་བའི་གནད་དོན་ཆེན་པོར་དམིགས་ནས“རྒྱུད་གཅིག་ལམ་གཅིག”བསྐྲུན་རྒྱུར་སྐུལ་འདེད་གཏིང་ཟབ་གཏོང་བ་དང་དངོས་ཚན་དཔལ་འབྱོར་དར་རྒྱས་དང་རིམ་འཕར་གཏོང་བ་སོགས་ཀྱི་གནད་དོན་གལ་ཆེན་ལ་རྟོག་ཞིབ་དང་བརྟག་ཞིབ་གཏིང་ཟབ་བྱས་ཏེ་བསམ་འཆར་དང་གྲོས་འགོ་80ལྷག་ཙམ་བཏོན་ནས་ཀྲུང་གུང་ཀྲུང་དབྱང་གིས་ཚན་རིག་དང་མཐུན་པའི་ཐབས་ཇུས་འདོན་པ་དང་ཕན་འབྲས་ལྡན་པའི་ཇུས་གཞི་འདོན་རྒྱུར་གཞི་འཛིན་ས་གལ་ཆེན་མཁོ་འདོན་བྱས་ཡོད། ཚང་མས་དབུལ་སྒྲོལ་འགག་སྒྲོལ་ལ་དམངས་གཙོའི་ལྟ་སྐུལ་བྱས་ནས་དབུལ་སྒྲོལ་འགག་སྒྲོལ་དམག་འཐབ་ཀྱི་རྒྱལ་ཁ་ལེན་ཆེད་ལེགས་སྐྱེས་ཧུར་ཐག་ཕུལ་ཡོད་ཅེས་གསུངས་པ་རེད། ཞི་ཅིན་ཕིང་གིས་ཀྲུང་གུང་ཀྲུང་དབྱང་གི་ཚབ་ཞུས་ནས་ཚང་མར་ལྷག་བསམ་ཟོལ་མེད་ངང་ཐུགས་རྗེ་ཆེ་ཞུས་པ་རེད།
            ཁོང་གིས་ད་དུང་བཟོ་ཚོང་ལས་རིགས་མཉམ་འབྲེལ་ལྷན་ཚོགས་ཀྱིས་རང་ངོས་འཛུགས་སྐྱོང་ལ་ཤུགས་སྣོན་བརྒྱབ་ནས་འཐུས་ཚབ་མི་སྣའི་སློབ་གསོ་གསོ་སྐྱོང་ལས་དོན་ཡག་པོ་བསྒྲུབ་རྒྱུའི་ཐུགས་རེ་གནང་བ་རེད།