མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱིས་ཚོགས་འདུ་འཚོགས་ནས་2018ལོའི་དཔལ་འབྱོར་
ལས་དོན་ལ་དབྱེ་ཞིབ་དང་བཀོད་སྒྲིག་བྱས་པ། 

གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 12ཚེས་11ཉིན། 10:11】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

           མི་དམངས་དྲ་བའི་འཕྲིན། ཟླ་12ཚེས་8ཉིན། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱིས་ཚོགས་འདུ་འཚོགས་ནས་2018ལོའི་དཔལ་འབྱོར་ལས་དོན་ལ་དབྱེ་ཞིབ་དང་བཀོད་སྒྲིག་བྱས་ཤིང་། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཚོགས་འདུ་གཙོ་སྐྱོང་གནང་བ་རེད།
          ཚོགས་འདུའི་ཐོག་ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། ཀྲུང་དབྱང་གིས་རྙོག་འཛིང་ཆེ་བའི་དུས་བབ་སྟངས་འཛིན་གནད་ལ་འཁེལ་བ་དང་། ཚན་རིག་དང་མཐུན་པའི་ཆོད་སྡོམ། ཐབས་ཇུས་ཡང་དག་འགོད་པ། དངོས་འཛིན་དངོས་སྒྲུབ་བཅས་བྱས་པས་རང་རྒྱལ་གྱི་དཔལ་འབྱོར་འཕེལ་རྒྱས་ལ་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་ཐོབ་པ་དང་ལོ་རྒྱུས་རང་བཞིན་གྱི་གསར་སྒྱུར་བྱུང་ཡོད། མཁོ་སྤྲོད་ཕྱོགས་ཀྱི་གྲུབ་ཆའི་རང་བཞིན་གྱི་སྒྱུར་བཅོས་ལ་སྐུལ་འདེད་ནུས་ལྡན་བཏང་ནས་དཔལ་འབྱོར་གྱི་གྲུབ་ཆར་གསར་སྒྱུར་ཆེན་པོ་བྱུང་ཡོད། ཕྱོགས་ཡོངས་ནས་སྒྱུར་བཅོས་གཏིང་ཟབ་ཏུ་བཏང་བ་དེས་དཔལ་འབྱོར་ལ་སྔར་བས་གསོན་ཤུགས་འཕེལ་བ་དང་སྙུགས་ཤེད་རྒྱས་ཏེ་རང་རྒྱལ་དཔལ་འབྱོར་གྱི་དངོས་ཤུགས་སྐས་རིམ་གསར་པ་ཞིག་ཏུ་སླེབས་ནས་འཛམ་གླིང་གི་དཔལ་འབྱོར་འཕར་བ་བྱེད་པའི་སྒུལ་ཤུགས་ཀྱི་འབྱུང་ཁུངས་དང་བརྟན་ལྷིང་ཡོང་གཞིར་གྱུར་ཞིང་། གོ་ལ་ཧྲིལ་པོའི་དཔལ་འབྱོར་འཕེལ་རྒྱས་ལ་ཤུགས་རྐྱེན་སྤྲོད་ཤུགས་དང་གོ་ལ་ཧྲིལ་པོ་བཅོས་སྐྱོང་གི་སྐད་ཆ་ཤོད་དབང་ཆེས་ཆེར་སོང་ཡོད། སྣོད་བཅུད་ཤེས་དཔལ་འཛུགས་སྐྱོང་བྱེད་པའི་ཆོད་སེམས་ཆེ་བ་དང་། བྱེད་ཤུགས་ཆེ་བ། ཕན་འབྲས་ཆེ་བ་བཅས་ནི་སྔར་བྱུང་མྱོང་མེད་པ་ཞིག་ཡིན་སྟབས་སྣོད་བཅུད་ཀྱི་གནས་སྟངས་ལ་མངོན་གསལ་དོད་པོས་འགྱུར་ལྡོག་བྱུང་ཡོད། གྲོང་མིའི་ཡོང་འབབ་འཕར་ཚད་སྤྱིའི་ཆ་ནས་དཔལ་འབྱོར་འཕར་ཚད་ལས་མགྱོགས་པ་དང་། གཞི་རྩའི་སྤྱི་པའི་ཞབས་ཞུ་དོ་སྙོམས་ཡོང་ཚད་རྒྱུན་མི་ཆད་པར་མཐོ་རུ་སོང་བས་མི་དམངས་ཀྱི་ཐོབ་ཚོར་དང་བདེ་སྐྱིད་ཚོར་སེམས་མངོན་གསལ་དོད་པོས་ཆེ་རུ་སོང་བ་བཅས་ཀྱི་ངོས་འཛིན་བྱས་པ་རེད།
          ཚོགས་འདུའི་ཐོག 2018ལོ་ནི་ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་ལག་བསྟར་བྱེད་པའི་འགོ་ཚུགས་ལོ་ཞིག་ཡིན་པ་དང་། སྒྱུར་བཅོས་སྒོ་དབྱེ་བྱས་ནས་ལོ་བཞི་བཅུ་འཁོར་བའི་ལོ་ཞིག ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་པའི་རྒྱལ་ཁ་ཕུ་ཐག་གཅོད་པ་དང“ལོ་ལྔ་ཚན་བཅུ་གསུམ་པའི”འཆར་གཞི་ལག་ལེན་བསྟར་བའི་སྔ་རྗེས་རྒྱུན་མཐུད་ཀྱི་འགག་རྩའི་ལོ་ཞིག་བཅས་ཡིན། སང་ལོའི་དཔལ་འབྱོར་ལས་དོན་ཡག་པོ་སྒྲུབ་པར་ཕྱོགས་ཡོངས་ནས་ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་ལག་ལེན་བསྟར་ནས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱེད་པ་དང་། ཏང་གིས་དཔལ་འབྱོར་ལས་དོན་ལ་འགོ་ཁྲིད་བྱ་རྒྱུར་ཤུགས་སྣོན་རྒྱག་པ། བརྟན་ཐོག་ཡར་འཕེལ་གྱི་ལས་དོན་གྱི་སྤྱིའི་དགོངས་གཞི་མཐའ་འཁྱོངས་བྱེད་པ། འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་མཐའ་འཁྱོངས་བྱེད་པ། རང་རྒྱལ་སྤྱི་ཚོགས་ཀྱི་འགལ་ཟླ་གཙོ་བོའི་འགྱུར་ལྡོག་ལ་དམིགས་པ། སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་བླང་བྱར་གཞིགས་ནས“ཕྱོགས་ལྔ་གཞི་གཅིག”གི་སྤྱིའི་བཀོད་སྒྲིག་ལ་སྤྱི་འདོམས་ངང་སྐུལ་གཏོང་དང“ཕྱོགས་ཡོངས་བཞིའི”འཐབ་ཇུས་ཇུས་བཀོད་ལ་མཐུན་སྦྱོར་ངང་སྐུལ་གཏོང་བྱེད་པ། མཁོ་སྤྲོད་ཕྱོགས་ཀྱི་གྲུབ་ཆའི་རང་བཞིན་གྱི་སྒྱུར་བཅོས་གཙོ་རྐང་དུ་བྱ་རྒྱུ་མཐའ་འཁྱོངས་བྱེད་པ། དཔལ་འབྱོར་བརྟན་པོའི་ངང་འཕར་བ་དང་། སྒྱུར་བཅོས་ལ་སྐུལ་འདེད། གྲུབ་ཆ་ལེགས་སྒྲིག དམངས་འཚོར་ཕན་འདོགས་པ། ཉེན་ཁ་སེལ་བ་བཅས་ཀྱི་ལས་དོན་ཁག་ལ་སྤྱི་འདོམས་ངང་སྐུལ་འདེད་གཏོང་བ། སྒྱུར་བཅོས་སྒོ་དབྱེར་སྐུལ་འདེད་ཤུགས་ཆེན་གཏོང་བ། སྤྱི་ཁོག་སྙོམས་སྒྲིག་གསར་གཏོད་དང་འཐུས་ཚང་དུ་གཏོང་བ། སྤུས་ཚད་དང་། ཕན་འབྲས། སྒུལ་ཤུགས་བཅས་གསར་སྒྱུར་ཡོང་བར་སྐུལ་འདེད་གཏོང་བ། ཉེན་ཁ་ཆེན་པོ་སྔོན་འགོག་དང་སེལ་བ་དང་། གནད་སྨིན་དབུལ་སྒྲོལ། སྦགས་བཙོག་འགོག་བཅོས་ཀྱི་འགག་སྒྲོལ་དམག་འཐབ་ཡག་པོ་རྒྱག་རྒྱུའི་ཐད་འཕེལ་རིམ་ཏན་ཏིག་ཡོང་བ་བྱེད་པ། སྔོན་དཔག་ཁྲིད་སྟོན་དང་བརྟན་པོ་ཡོང་བ་བྱེད་པ། དམངས་འཚོར་ཤུགས་སྣོན་དང་ལེགས་སུ་གཏོང་བ་བཅས་བྱས་ནས་དཔལ་འབྱོར་དང་སྤྱི་ཚོགས་རྒྱུན་བསྲིང་སྐྱོན་བྲལ་ངང་འཕེལ་རྒྱས་ཡོང་བར་སྐུལ་འདེད་གཏོང་དགོས་ཞེས་བསྟན་ཡོད།
          ཚོགས་འདུའི་ཐོག ལོ་མཇུག་ཏུ་སླེབས་པའི་མཚམས་སུ་ས་ཁུལ་ཁག་དང་སྡེ་ཚན་ཁག་གིས་དམངས་འཚོ་འགན་ལེན་དང་ལེགས་སུ་གཏོང་བ་དང་། ཐོན་སྐྱེད་བདེ་འཇགས་ལ་ཤུགས་སྣོན། སྤྱི་པའི་བདེ་འཇགས་སྲུང་སྐྱོང་། སྤྱི་ཚོགས་བརྟན་ལྷིང་རྒྱུན་བསྲིང་ཡོང་རྒྱུ་སོགས་དང་འབྲེལ་བའི་ལས་དོན་ཁག་ཏན་ཏིག་ངང་སྒྲུབ་དགོས་པའི་ནན་བཤད་ཀྱང་བྱས་པ་རེད།