མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།སྤྱོད་ཚུལ་བཞི་ཡོ་བསྲང་བྱ་རྒྱུ་མཚམས་འཇོག་མི་རུང་བ་དང་སྤྱོད་ཚུལ་འཛུགས་སྐྱོང་ནམ་ཡང་
ཚར་དུས་མེད་ཅེས་ནན་བཤད་གནང་བ།

གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 12ཚེས་13ཉིན། 16:18】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

         མི་དམངས་དྲ་བའི་འཕྲིན། ཉེ་ཆར། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཞི་ཅིན་ཕིང་གིས་མཛུབ་སྟོན་གལ་ཆེན་གནང་ནས“སྤྱོད་ཚུལ་བཞི”ཡོ་བསྲང་བྱ་རྒྱུ་མཚམས་འཇོག་མི་རུང་བ་དང་སྤྱོད་ཚུལ་འཛུགས་སྐྱོང་ནམ་ཡང་ཚར་དུས་མེད་ཅེས་ནན་བཤད་གནང་བ་རེད།
         ཞི་ཅིན་ཕིང་གིས་ཤིན་ཧྭ་གསར་འགྱུར་ཁང་གི“ཕྱི་ཚུལ་རིང་ལུགས་དང་དཔོན་ཉམས་རིང་ལུགས་ཀྱི་མཚོན་ཚུལ་གསར་པར་དོགས་ཟོན་བྱེད་དགོས”ཞེས་པའི་རྩོམ་ཡིག་ལ་མཛུབ་སྟོན་གནང་བ་ཞིག་རེད། ཁོང་གིས་རྩོམ་ཡིག་ལས་མཚོན་པའི་གནས་ཚུལ་དེ་མངོན་ཚུལ་གསར་པ་ཞིག་འདྲ་མོད། དོན་དངོས་སུ་གནད་དོན་རྙིང་པ་ཞིག་ཡིན། དེ་ལས“སྤྱོད་ཚུལ་བཞིའི”གནད་དོན་ལ་ཨུ་ཚུགས་རང་བཞིན་དང་བསྐྱར་ཐོན་རང་བཞིན་ལྡན་པ་བསྐྱར་དུ་མཚོན་ཡོད། “སྤྱོད་ཚུལ་བཞི”ཡོ་བསྲང་བྱ་རྒྱུ་མཚམས་འཇོག་མི་རུང་བ་དང་སྤྱོད་ཚུལ་འཛུགས་སྐྱོང་ནམ་ཡང་ཚར་དུས་མེད། ས་ཁུལ་ཁག་དང་སྡེ་ཚན་ཁག་གིས་མཚོན་ཚུལ་དང་ཧེ་བག་བཙལ་ནས་འགལ་ཟླ་གཙོ་བོར་དམ་འཛིན་བྱེད་པ་དང་ལྷག་པར་དུ་ཁ་ནས་ཤོད་མང་བ་དང་ལག་ལེན་བསྟར་ཉུང་བ་སོགས་མངོན་གསལ་དོད་པའི་གནད་དོན་ལ་དམིགས་ཏེ་བྱ་ཐབས་ནུས་ལྡན་བཏོན་ནས་དག་ཐེར་ཏན་ཏིག་བྱེད་དགོས། རིམ་ཁག་འགོ་ཁྲིད་ལས་བྱེད་པས་སྣེ་འཁྲིད་དེ་སྤྱོད་ཚུལ་ལེགས་སུ་གཏོང་བ་དང་དངོས་སུ་ལག་ལེན་བསྟར་བ་དང་གོང་རིམ་གྱིས་འོག་རིམ་ལ་སྣེ་འཁྲིད་ནས“སྣེ་འདྲེན་ཕན་འབྲས”ཐོན་པ་བྱེད་དགོས། སྤེལ་ཉེར་ཡོད་པའི“ཐོག་མའི་བསམ་འདུན་མ་བརྗེད་པར་འགན་འཁྲི་བློ་ལ་བརྟན་པོ་འཆང་བའི”བརྗོད་དོན་གཙོ་བོའི་སློབ་གསོའི་ཁྲོད་ཕྱི་ཚུལ་རིང་ལུགས་གཏན་འགོག་བྱས་ཏེ་སྤྱོད་ཚུལ་བཟང་པོའི་ཐོག་ནས་ཕན་འབྲས་ཡག་པོ་ཐོན་རྒྱུའི་འགན་ལེན་བྱེད་དགོས་ཞེས་བསྟན་གནང་བ་རེད།
         ཤིན་ཧྭ་གསར་འགྱུར་ཁང་གི་རྩོམ་ཡིག་ལས་མཚོན་དོན། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་བཟོས་པ་དང་ལག་ལེན་བསྟར་བ་ནས་བཟུང་ཏང་ཡོངས་ཀྱི་གོང་འོག་ཚང་མར“སྤྱོད་ཚུལ་བཞི”ཡོ་བསྲང་བྱེད་པའི་ཐད་གྲུབ་འབྲས་གལ་ཆེན་ཐོབ་ཡོད་མོད། འོན་ཀྱང་ཕྱི་ཚུལ་རིང་ལུགས་དང་དཔོན་ཉམས་རིང་ལུགས་ཚད་ངེས་ཅན་ཞིག་གི་ཐོག་སྔར་བཞིན་གནས་ཡོད་པ་དཔེར་ན། འགོ་ཁྲིད་ལས་བྱེད་པ་ཁག་གཅིག་གིས་བརྟག་ཞིབ་བྱེད་སྐབས་ཕྱི་ཚུལ་ཙམ་བྱེད་པས་བརྟག་ཞིབ་བྱ་ཡུལ་དེ“ཕྱི་ཚུལ་སྟོན་ས”ཙམ་དུ་གྱུར་པ་དང་། ཚན་པ་ཁག་གཅིག་ཏུ“འཛུལ་སླ་བ་དང་རྣམ་འགྱུར་ཡག་པོ་ཡོད་མོད”འོན་ཀྱང“བྱ་བ་སྒྲུབ་ཁག་པོ”ཡོད་པ། ས་ཆ་ཁག་གཅིག་ཏུ་འགོ་ཁྲིད་ཀྱི“མཐོང་ཐུབ་པའི་ཁྱབ་ཁོངས”ནང་གི་རྣམ་གྲངས་འདུ་འགོད་ལག་ལེན་བསྟར་རྒྱུར་མཐོང་ཆེན་བྱེད་པ་དང“མང་ཚོགས་ཡིད་མི་ཚིམ་པ་མི་སྐྲག་པར་འགོ་ཁྲིད་ཀྱིས་དོ་སྣང་མི་ཡོང་བར་སྐྲག་གི་ཡོད་པ”ས་ཆ་ཁག་གཅིག་གིས་རིམ་པ་བཞིན་བསྐྱར་ཟློས་ངང་ཚོགས་འདུ་འཚོགས་པ་དང་ཚོགས་འདུར་བརྟེན་ནས་ཚོགས་འདུ་དོན་འཁྱོལ་བྱེད་པ། ས་ཁུལ་ཁག་གཅིག་གིས་དཔྱད་གཞིའི་ཡིག་རིགས་འབྲི་བ་དང་ཡིག་ཆ་བཟོ་སྐབས་བཤུ་རྐྱང་བྱེད་པ་དང་ལམ་ལུགས་དང་ཐབས་ཇུས་འདོན་སྐབས་ལད་མོ་དང་འདྲ་བཟོ་ཁོ་ན་བྱེད་པ། ལས་བྱེད་པ་ཁག་གཅིག་གིས་བྱ་བ་སྒྲུབ་སྐབས་ཉབ་བེ་ཉོབ་བེ་དང་གཡོ་ཟོལ་སླ་བཅོས་བྱེད་པ་དང་སྲིད་སྐྱོང་སྐབས་སྒྱིད་ལུག་དང་། ཐ་མལ། ལྷོད་གཡེང་བཅས་ཀྱི་རྣམ་འགྱུར་འཛིན་ནས་འགན་འཁྲི་ཚང་མ་གོང་རིམ་ལ་བཀྲི་བ། ས་ཆ་ཁག་གཅིག་གིས་དངོས་ཕན་ལ་སྣང་ཆེན་མི་བྱེད་པར་སེམས་ནུས་ཚང་མ“རྒྱུ་ཆ་མཛེས་བཟོའི”ཐོག་འཇོག་པ་དང“རྒྱུ་ཆ་ལས་སྲིད་སྐྱོང་གྲུབ་འབྲས”ཐོན་པ་བྱེད་པ། འགོ་ཁྲིད་ལས་བྱེད་པ་ཁག་གཅིག་གིས་འགན་འཁྲི་གཤམ་ལ་སྤྲོད་རྒྱུར་དགའ་པོ་བྱེད་པ་དང“འགན་འཁྲི་ལག་ལེན་བསྟར་རྒྱུ”དེ“འགན་འཁྲི་གཞན་དཀྲིར”གྱུར་བ། ལས་བྱེད་པ་ཁག་གཅིག་གིས་གནས་ཚུལ་ཤེས་ཀྱང་སྙན་སེང་མི་ཞུ་བ་དང་སྣང་མེད་ཟོལ་འཇོག་བྱས་ཏེ་སྣང་མེད་ཀྱི་བསམ་བློ་འཛིན་པ། ལས་བྱེད་པ་ཁག་གཅིག་གིས་ཁ་ནས་བཤད་ཀྱང་ལག་ལེན་མི་བསྟར་བ་དང་སྡིངས་ཆའི་སྒང་འོག་ལ་སྐད་ཆ་མི་འདྲ་བ་ཤོད་པ་བཅས་ལྟ་བུའོ།
         ཟླ་12ཚེས་9ཉིན་ཀྲུང་གུང་ཀྲུང་དབྱང་གཞུང་དོན་ཐིང་གིས་བརྡ་ཁྱབ་པར་འགྲེམས་བྱས་ནས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་དེ་རྣག་ཐོག་གཙག་འཁེལ་དང་ད་ལྟའི་སྐྱོན་དང་སླད་ཀྱི་གནད་ལ་འཁེལ་བ་དང་། ནང་དོན་ཕུན་སུམ་ཚོགས་པ་དང་བླང་བྱ་ཁ་གསལ་པོ་ཡོད། དེ་ལས་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་བློ་བརྟན་འགྱུར་མེད་ངང་ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བ་དང་རྒྱུན་བསྲིང་ལྷོད་མེད་ངང་སྤྱོད་བཟང་སྒྲིག་ནན་གྱི་མངོན་གསལ་དོད་པའི་རྣམ་འགྱུར་དང་བློ་བརྟན་འགྱུར་མེད་ཀྱི་ཆོད་སེམས་གང་ལེགས་མཚོན་ཞིང་། ཏང་ཡོངས་ཀྱིས་ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱེད་པ་དང་ཏང་གི་སྤྱོད་ཚུལ་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་རྒྱུར་གལ་ཆེའི་མཛུབ་ཁྲིད་ཀྱི་དོན་སྙིང་གལ་ཆེན་ལྡན་ཡོད་པ་རེད།
         བརྡ་ཁྱབ་ནང་ས་ཁུལ་ཁག་དང་སྡེ་ཚན་ཁག་གིས་མགྱོགས་མྱུར་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱེད་པ་དང་འབྲེལ་ལག་བསྟར་དོན་འཁྱོལ་ལ་དམ་འཛིན་ཏན་ཏིག་བྱེད་དགོས། ཏང་ཡོན་དང་ལས་བྱེད་པ་སྒྲིག་འཛུགས་ནན་ཏན་བྱས་ཏེ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་སློབ་སྦྱོང་དང་གྲོས་བསྡུར་བྱེད་པ་དང་། ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་དང་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱ་རྒྱུ་དང་ཟུང་འབྲེལ་བྱས་ཏེ་མཛུབ་སྟོན་གྱི་ནང་དོན་དང་དགོངས་པའི་ངོ་བོ་ཁོང་དུ་གཏིང་ཟབ་ཆུད་པར་བྱེད་པ། “འདུ་ཤེས་བཞི”བརྟན་པོ་འཛུགས་པ། ཆབ་སྲིད་ཀྱི་ཚུགས་གནས་དང་ཆབ་སྲིད་ཀྱི་རང་རྟོགས་ཟམ་མི་ཆད་པར་མཐོ་རུ་གཏོང་བ་བཅས་བྱས་ཏེ་ནམ་ཡང་ཚར་དུས་མེད་པའི་སྙིང་སྟོབས་ཐོག་ནས་སྤྱོད་ཚུལ་འཛུགས་སྐྱོང་ལ་དམ་འཛིན་ཡག་པོ་བྱེད་དགོས་པ་དང་། ས་ཁུལ་ཁག་དང་སྡེ་ཚན་ཁག་གིས་ལོ་མཇུག་ཏུ་དམངས་གཙོའི་འཚོ་བའི་ཚོགས་འདུ་དང་རྩ་འཛུགས་ཀྱི་འཚོ་བའི་ཚོགས་འདུ་འཚོགས་ཏེ་ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་ལག་བསྟར་དོན་འཁྱོལ་དང་སྤྱོད་ཚུལ་ལེགས་གཏོང་དང་སྤྱོད་ཚུལ་བསྒྱུར་ཚུལ་དེ་ཞིབ་བསྡུར་སྐྱོན་བཤེར་བྱེད་པའི་ནང་དོན་གལ་ཆེན་ཞིག་ཏུ་བྱེད་པ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་གྱི་བླང་བྱར་ནན་པོ་གཞིགས་ཏེ“སྤྱོད་ཚུལ་བཞིའི”མངོན་གསལ་དོད་པའི་གནད་དོན་དང་ལྷག་པར་དུ་ཕྱི་ཚུལ་རིང་ལུགས་དང་དཔོན་ཉམས་རིང་ལུགས་ཀྱི་མཚོན་ཚུལ་གསར་པ་ནན་ཏན་ངང་འཚོལ་བ། བྱ་ཐབས་ནུས་ལྡན་སྤྱོད་པ། དག་ཐེར་མཐའ་གཅིག་ཏུ་བཅས་བྱས་ནས་ཕན་འབྲས་དངོས་ཐོན་པ་བྱེད་དགོས་པ། རིམ་ཁག་འགོ་ཁྲིད་ལས་བྱེད་པ་ནས་འགོ་འཛུགས་རྒྱུ་མཐའ་འཁྱོངས་བྱེད་པ་དང་། གོང་རིམ་གྱིས་འོག་རིམ་ལ་སྣེ་ཁྲིད་དང་རིམ་པ་བཞིན་སྐུལ་ཁྲིད་བྱེད་པ། མུ་མཐུད་གནམ་ལོ་གསར་ཚེས་དང་དཔྱིད་གསར་དུས་ཆེན་སོགས་དུས་ཚོད་ཀྱི་མཚམས་ཚིགས་ལ་ནན་པོར་དམིགས་པ། བྱ་བ་ཆུང་ཙག་ནས་དམ་འཛིན་བྱེད་པ། སྤྱོད་ཚུལ་ངན་པ་བསྐྱར་དུ་ཐོན་རྒྱུར་སྔོན་འགོག་བཅས་མཐའ་གཅིག་ཏུ་བྱས་ནས་ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་སྙིང་སྟོབས་དོན་འཁྱོལ་བྱེད་པའི་གྲུབ་འབྲས་ཟམ་མི་ཆད་པར་བརྟན་དུ་དང་རྒྱ་ཆེར་གཏོང་དགོས་པའི་བླང་བྱ་བཏོན་པ་རེད།