མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ཞི་ཅིན་ཕིང་ནན་ཅིང་དམར་གསོད་ཆེ་མོའི་ཁྲོད་རྐྱེན་ལམ་དུ་ཤོར་མཁན་ལ་དྲན་གསོ་ཞུ་
བའི་རྒྱལ་ཁབ་ཀྱི་སྤྱི་མཆོད་བྱེད་སྒོར་ཕེབས་པ།

གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 12ཚེས་15ཉིན། 10:25】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

༄༅།།ཞི་ཅིན་ཕིང་ནན་ཅིང་དམར་གསོད་ཆེ་མོའི་ཁྲོད་རྐྱེན་ལམ་དུ་ཤོར་མཁན་ལ་དྲན་གསོ་ཞུ་
བའི་རྒྱལ་ཁབ་ཀྱི་སྤྱི་མཆོད་བྱེད་སྒོར་ཕེབས་པ།

         མི་དམངས་དྲ་བའི་འཕྲིན། ཟླ་12ཚེས་13ཉིན་གྱི་སྔ་དྲོ། ཀྲུང་གུང་ཀྲུང་དབྱང་དང་། རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་། རྒྱལ་སྲིད་སྤྱི་ཁྱབ་ཁང་། རྒྱལ་ཡོངས་སྲིད་གྲོས། ཀྲུང་དབྱང་དམག་ཨུད་བཅས་ཀྱིས་ནན་ཅིང་དམར་གསོད་ཆེ་མོའི་ཁྲོད་རྐྱེན་ལམ་དུ་ཤོར་མཁན་ལ་དྲན་གསོ་ཞུ་བའི་རྒྱལ་ཁབ་ཀྱི་སྤྱི་མཆོད་བྱེད་སྒོ་ནན་ཅིང་དུ་གཟབ་རྒྱས་ངང་འཚོགས་པ་རེད། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཞི་ཅིན་ཕིང་བྱེད་སྒོར་ཕེབས་པ་རེད། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཡུས་ཀྲེང་ཧྲེང་བྱེད་སྒོར་ཕེབས་པ་དང་འབྲེལ་གསུང་བཤད་ཀྱང་གནང་བ་རེད།
         སྤྱི་མཆོད་བྱེད་སྒོ་དེ་ཀྲུང་གོར་བཙན་འཛུལ་བྱེད་མཁན་རི་དམག་གིས་ནན་ཅིང་དམར་གསོད་ཆེ་མོའི་ཁྲོད་རྐྱེན་ལམ་དུ་བཏང་བའི་སྤུན་ཟླའི་དྲན་གསོ་ཁང་དུ་འཚོགས་པ་རེད། དྲན་གསོ་ཁང་གི་འདུ་འཛོམས་ཐང་ཆེན་དུ་གཟི་ཉམས་ལྡན་པ་དང་རྒྱལ་དར་ཕྱེད་ཀ་ཙམ་ཕབ་ཡོད།
         ཐང་ཆེན་ནུབ་ངོས་ཀྱི་ཐལ་མདོག་གི“གོད་ཆག་གྱང”ཆེན་པོའི་ལྡེབས་སུ“ནན་ཅིང་དམར་གསོད་ཆེ་མོའི་ཁྲོད་རྐྱེན་ལམ་དུ་ཤོར་མཁན་ལ་དྲན་གསོ་ཞུ་བའི་རྒྱལ་ཁབ་ཀྱི་སྤྱི་མཆོད་བྱེད་སྒོ”ཞེས་པའི་རྒྱ་ཡིག་གི་ཡིག་འབྲུ་དཀར་པོ་14འཁོད་ཡོད། ལས་རིགས་ཁག་གི་འཐུས་མི་ཁྲི་1ཙམ་གྱིས་བྲང་ཁར་མྱ་ངན་མེ་ཏོག་དཀར་པོ་བཏགས་ནས་ངག་བསྡམས་ཏེ་གུས་སྟབས་ཀྱིས་ལངས།
         ཆུ་ཚོད་9དང་སྐར་མ་58ལ་ཞི་ཅིན་ཕིང་སོགས་ཏང་དང་རྒྱལ་ཁབ་ཀྱི་འགོ་ཁྲིད་མི་སྣ་བྱེད་སྒོ་སྤེལ་སར་ཕེབས་ནས་ལས་རིགས་ཁག་གི་འཐུས་མིའི་རུ་སྟར་གྲུ་བཞིའི་མདུན་གྲལ་དུ་བཞེངས། ཀྲུང་གོ་མི་དམངས་བཅིངས་འགྲོལ་དམག་གི་དམག་དཔུང་རིགས་གསུམ་གྱི་གཟབ་སྦྲེང་རུ་ཁག་གི་གུས་དམག་18ཀྱིས་ཕྲག་པར་མེ་མདའ་ཁྱེར་ནས་སྤྱི་མཆོད་སྟེགས་བུའི་གཡས་གཡོན་གཉིས་སུ་བསྐྱོད་དེ་ཡུན་རིང་ལངས།
         ཆུ་ཚོད་བཅུ་པ་ཏག་ཏག་ལ་སྤྱི་མཆོད་བྱེད་སྒོ་འགོ་ཚུགས་ཤིང་། དམག་དཔུང་རོལ་ཆ་ཚོགས་པས《བློས་བླངས་དམག་གི་མདུན་སྐྱོད་གླུ་གཞས》དཀྲོལ་བ་དང་། ཚོགས་ར་ཡོངས་ནས་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱལ་གླུ་བླངས་པས་སྐད་གསང་མཐོན་པོའི་གླུ་སྒྲ་ནམ་མཁའི་མཐོངས་སུ་གྲགས། རྒྱལ་གླུ་བླངས་རྗེས་ཚོགས་ར་ཡོངས་ཀྱིས་ནན་ཅིང་དམར་གསོད་ཆེ་མོའི་ཁྲོད་རྐྱེན་ལམ་དུ་ཤོར་མཁན་ལ་ངག་བསྡམས་ནས་མྱ་ངན་ཞུས་པ་རེད། སྐབས་དེར་སྤྱི་མཆོད་འབུལ་ས་དང་ནན་ཅིང་གྲོང་ཁྱེར་ཡོངས་སུ་མཁའ་ཟོན་ཉེན་བརྡ་བཏང་བ་མ་ཟད། རླངས་འཁོར་དང་། མེ་འཁོར། གྲུ་གཟིངས་བཅས་ཀྱི་དུང་བརྡ་དུས་མཉམ་དུ་གྲགས་པ་དང་འགྲོ་མིས་རང་སར་ལངས་ཏེ་ངག་བསྡམས་ནས་མྱ་ངན་ཞུས་པ་རེད།
         ངག་བསྡམས་ནས་མྱ་ངན་ཞུས་རྗེས་དམག་དཔུང་རོལ་ཆ་ཚོགས་པས་《རྒྱལ་ཁབ་སྤྱི་མཆོད་ཀྱི་རོལ་དབྱངས་》དཀྲོལ་བ་དང་ཀྲུང་གོ་མི་དམངས་བཅིངས་འགྲོལ་དམག་གི་དམག་དཔུང་རིགས་གསུམ་གྱི་གཟབ་སྦྲེང་རུ་ཁག་གི་གུས་དམག་གིས་འདས་མཆོད་མེ་ཏོག་ཕྲེང་བ་8ཁྱེར་ནས་སྤྱི་མཆོད་སྟེགས་བུའི་ཐོག་དལ་བུར་བསྐྱོད་རྗེས་འདས་མཆོད་མེ་ཏོག་ཕྲེང་བ“གོད་ཆག་གྱང”གི་མདུན་དུ་ཕུལ། ནན་ཅིང་གྲོང་ཁྱེར་གྱི་གཞོན་ནུ་ལོ་ཆུང་གི་འཐུས་མི་80ཡིས་《ཞི་བའི་བསྒྲགས་གཏམ་》སྒྲོག་སྦྱངས་བྱས།
         དེ་རྗེས་ཡུས་ཀྲེང་ཧྲེང་གིས་གསུང་བཤད་གནང་ཞིང་། ཁོང་གིས་དེ་རིང་ང་ཚོས་འདི་གར་ནན་ཅིང་དམར་གསོད་ཆེ་མོའི་ཁྲོད་རྐྱེན་ལམ་དུ་ཤོར་མཁན་ལ་དྲན་གསོ་ཞུ་བའི་རྒྱལ་ཁབ་ཀྱི་སྤྱི་མཆོད་བྱེད་སྒོ་གཟབ་རྒྱས་སྤེལ་བ་དང་། དེའི་དམིགས་ཡུལ་ནི་ནན་ཅིང་དམར་གསོད་ཆེ་མོའི་ཁྲོད་རྐྱེན་ལམ་དུ་ཤོར་མཁན་ལ་སྙིང་དབུས་ནས་དྲན་གསོ་ཞུ་བ་དང་། རི་པིན་བཙན་འཛུལ་པས་དམར་གསོད་གཏོང་རིང་རྐྱེན་ལམ་དུ་ཤོར་བའི་སྤུན་ཟླར་སྙིང་དབུས་ནས་དྲན་གསོ་ཞུ་བ། ཀྲུང་གོ་མི་དམངས་ཀྱི་རི་འགོག་དམག་འཁྲུག་ལ་རྒྱལ་ཁ་ལེན་ཆེད་རང་སྲོག་བློས་གཏོང་མཁན་གསར་བརྗེའི་སྔོན་གཤེགས་དཔའ་བོ་དང་མི་རིགས་ཀྱི་དཔའ་བོར་སྙིང་དབུས་ནས་དྲན་གསོ་ཞུ་བ། ཀྲུང་གོ་མི་དམངས་དང་ལྷན་དུ་རི་པིན་བཙན་འཛུལ་བར་འགོག་རྒོལ་བྱེད་སྐབས་རང་སྲོག་བློས་གཏོང་མཁན་རྒྱལ་སྤྱིའི་འཐབ་འཛིང་པ་དང་རྒྱལ་སྤྱིའི་གྲོགས་པོར་སྙིང་དབུས་ནས་དྲན་གསོ་ཞུ་བ། ལོ་རྒྱུས་བློ་ལ་བརྟན་པོར་འཆང་བ་དང་། སྔོན་གཤེགས་དཔའ་བོར་སྙིང་དབུས་ནས་དྲན་གསོ་ཞུ་བ། ཞི་བདེར་གཅེས་སྤྲས་བྱེད་པ། འབྱུང་འགྱུར་གཏོད་པ་བཅས་ཀྱི་ཀྲུང་གོ་མི་དམངས་ཀྱི་ལངས་ཕྱོགས་བརྟན་པོ་གསལ་པོར་མངོན་པ། ཞི་བདེ་དང་འཕེལ་རྒྱས་ཀྱི་ལམ་བུའི་ཐོག་སྐྱོད་པའི་བླ་ན་མེད་པའི་བསམ་འདུན་རྔམ་བརྗིད་ལྡན་པའི་ངང་མཚོན་པ་བཅས་བྱ་ཆེད་རེད་ཅེས་གསུངས་པ་རེད།
         ཡུས་ཀྲེང་ཧྲེང་གིས་ལོ་རྒྱུས་ལ་ངོས་འཛིན་ཡང་དག་བྱས་ཚེ་གཞི་ནས་འབྱུང་འགྱུར་དེ་བས་ལེགས་པ་གཏོད་ཐུབ། དམག་འཁྲུག་ནི་མེ་ལོང་ལྟ་བུ་ཞིག་ཡིན་པས། མི་རྣམས་ཀྱིས་ཞི་བདེ་རྩ་ཆེན་ཡིན་པ་སྔར་བས་ངོས་འཛིན་གསལ་པོ་ཡོང་ཐུབ། རི་པིན་དམག་རྒྱལ་རིང་ལུགས་ཀྱིས་ཀྲུང་གོར་བཙན་འཛུལ་བྱེད་པའི་དམག་འཁྲུག་གིས་ཀྲུང་གོ་མི་དམངས་ལ་གོད་ཆག་ཆེན་པོ་བཟོས་པ་མ་ཟད། རི་པིན་མི་དམངས་ལའང་གནོད་འཚེ་ཚབས་ཆེན་བཟོས་ཡོད། ཀྲུང་རི་རྒྱལ་ཁབ་གཉིས་ཀྱིས་རྒྱལ་ཁབ་གཉིས་པོའི་མི་དམངས་ཀྱི་རྩ་བའི་ཁེ་ཕན་ནས་འགོ་བཙུགས་ཏེ་ལས་སླ་པོར་བྱུང་བ་ཞིག་མིན་པའི་ཞི་བདེར་སྔར་བས་གཅེས་སྤྲས་ཀྱིས་མིའི་རིགས་ཀྱི་ཞི་བདེའི་ཆེད་ཐུན་མོང་ཐོག་ལེགས་སྐྱེས་འབུལ་དགོས་ཞེས་གསུངས་པ་རེད།
         ཡུས་ཀྲེང་ཧྲེང་གིས་ཞི་བདེར་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་ཐུན་མོང་ཐོག་འབད་བརྩོན་བྱེད་དགོས་པ་དང་ཚང་མས་ལྷག་བསམ་ཟོལ་མེད་ངང་ལོ་རྒྱུས་ལ་ལྟ་སྟངས་ཡང་དག་འཛིན་དགོས། ཞི་བདེའི་འཛམ་གླིང་རྒྱལ་ཁབ་ཁག་གི་མི་དམངས་ཀྱིས་ཕྱར་བ་གྲུ་འདེགས་བྱས་ནས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་རྩ་འཛིན་གྱི་དམིགས་ཡུལ་དང་རྩ་དོན་ལྟེ་བར་བྱེད་པའི་རྒྱལ་སྤྱིའི་སྒྲིག་ལམ་དང་རྒྱལ་སྤྱིའི་མ་ལག་ཐུན་མོང་ཐོག་སྲུང་སྐྱོང་བྱས་ཏེ་མིའི་རིགས་ཀྱི་ཞི་བདེ་དང་འཕེལ་རྒྱས་ཀྱི་བླ་ན་མེད་པའི་བྱ་གཞག་ལ་ཐུན་མོང་ཐོག་སྐུལ་འདེད་གཏོང་དགོས་ཞེས་ནན་བཤད་གནང་བ་རེད།
         ཡུས་ཀྲེང་ཧྲེང་གིས་ད་ཆ་ཀྲུང་གོ་མི་དམངས་ལོ་རྒྱུས་ཐོག་གི་དུས་སྐབས་གང་རུང་ཞིག་ལས་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་མངོན་འགྱུར་ཡོང་བ་དང་དེ་བས་ཐག་ཉེ་བ་དང་། དེ་བས་ཡིད་ཆེས་བརྟན་པ། དེ་བས་འཇོན་ཐང་ཆེ་བ་བཅས་ཡོད། རྒྱང་སྐྱོད་ཀྱི་ལམ་བུ་གསར་པར་ཀྲུང་གོ་མི་དམངས་ཀྱིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱ་རྒྱུ་རང་རྟོགས་ངང་མཐའ་འཁྱོངས་བྱས་ནས་ཀྲུང་གོ་གུང་ཁྲན་ཏང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་རླབས་ཆེན་བྱ་གཞག་ལ་ཕྱོགས་ཡོངས་ནས་སྐུལ་འདེད་བཏང་སྟེ་དེ་བས་མཛེས་སྡུག་ལྡན་པའི་བདེ་སྐྱིད་འཚོ་བ་རྒྱུན་ཆད་མེད་པར་གཏོད་དགོས། ཀྲུང་གོ་མི་དམངས་ཀྱིས་འཛམ་གླིང་རྒྱལ་ཁབ་ཁག་གི་མི་དམངས་དང་མཉམ་དུ་མིའི་རིགས་ཀྱི་ལས་དབང་གཅིག་མཐུན་འདུས་གྲུབ་གཏོད་རྒྱུར་སྐུལ་འདེད་བཏང་སྟེ་འཛམ་གླིང་ཞི་བདེའི་འཛུགས་སྐྲུན་པ་དང་། གོ་ལ་ཧྲིལ་པོ་འཕེལ་རྒྱས་ཀྱི་ལེགས་སྐྱེས་འབུལ་མཁན། རྒྱལ་སྤྱིའི་སྒྲིག་ལམ་སྲུང་སྐྱོང་མཁན་བཅས་ཐོག་མཐའ་བར་གསུམ་དུ་བྱས་ནས་ཐུན་མོང་ཐོག་མིའི་རིགས་ཀྱི་མཛེས་སྡུག་ལྡན་པའི་འབྱུང་འགྱུར་གཏོད་འདོད་ཡོད་ཅེས་གསུངས་པ་རེད།
         ཡུས་ཀྲེང་ཧྲེང་གིས་གསུང་བཤད་གནང་རྗེས་ནན་ཅིང་གྲོང་ཁྱེར་གྱི་ལས་རིགས་ཁག་གི་འཐུས་མི་དྲུག་གིས“ཞི་བདེའི་ཅོང”ཐེངས་གསུམ་རྡུང་པ་རེད། ཡིད་སྐྱོ་བའི་ཅོང་སྒྲ་ཡུན་རིང་གྲགས་པ་དང་བསྟུན་ནས་ཞི་བདེའི་ཕུག་རོན་3000མཁའ་དབྱིངས་སུ་འཕུར་ལྡིང་བྱས་པ་ལས་རྐྱེན་ལམ་དུ་ཤོར་མཁན་ཁྲི་30ལ་སྙིང་དབུས་ནས་དྲན་གསོ་ཞུས་པ་དང་ཕུགས་འདུན་འགྲུབ་པའི་ཀྲུང་ཧྭའི་བརྗིད་ཆེའི་བློ་སྟོབས་མཚོན་ཡོད།
         སྤྱི་མཆོད་བྱེད་སྒོ་མཇུག་འགྲིལ་རྗེས། ཞི་ཅིན་ཕིང་དྲན་གསོ་ཁང་གི་འགྲེམས་སྟོན་ཚོམས་ཆེན་དུ་ཕེབས་ནས་《ནན་ཅིང་དམར་གསོད་ཆེ་མོའི་ལོ་རྒྱུས་དངོས་ཀྱི་འགྲེམས་སྟོན་》ལ་གཟིགས་སྐོར་གནང་བ་རེད། གཟིགས་སྐོར་འགྲུབ་རྗེས་ཞི་ཅིན་ཕིང་གིས་མཚན་རྟགས་འགོད་དེབ་ཐོག་སྒམ་པོའི་ངང་མཚན་བཀོད་གནང་བ་རེད།
         དེ་རྗེས་ཞི་ཅིན་ཕིང་གིས་ནན་ཅིང་དམར་གསོད་ཆེ་མོའི་ནང་སྟེས་དབང་གིས་གསོན་པའི་འཐུས་མི་དང་ཀྲུང་གོ་མི་དམངས་ཀྱི་རི་འགོག་དམག་འཁྲུག་ལ་རྒྱལ་ཁ་ལེན་ཆེད་ལེགས་སྐྱེས་འབུལ་མཁན་རྒྱལ་སྤྱིའི་གྲོགས་པོའི་གཉེན་ཉེའི་འཐུས་མིར་ཐུགས་སྣང་གཤིན་པོའི་ངང་མཇལ་འཕྲད་གནང་བ་རེད།
        ཏིང་ཤོའེ་ཞང་དང་། ལིའུ་ཧེ། ལིའུ་ཡན་ཏུང་། ཞུས་ཆི་ལེའང་། ཅི་པིན་ཤོན་བཅས་གོང་གསལ་གྱི་བྱེད་སྒོར་ཞུགས་པ་རེད།
         ཧོང་ཁུན་མིང་གིས་སྤྱི་མཆོད་བྱེད་སྒོ་གཙོ་སྐྱོང་གནང་བ་རེད།
         ཀྲུང་གོ་མི་དམངས་ཀྱི་རི་འགོག་དམག་འཁྲུག་ནང་ཞུགས་མཁན་འཐབ་འཛིང་པ་རྒན་གྲས་དང་བློ་མཐུན་རྒན་གྲས་ཀྱི་འཐུས་མི་དང་། ཀྲུང་དབྱང་ཏང་སྲིད་དམག་དམངས་ཀྱི་འབྲེལ་ཡོད་སྡེ་ཚན་དང་ཤར་རྒྱུད་འཐབ་ཁུལ་དང་། ཅང་སུའུ་ཞིང་ཆེན། ནན་ཅིང་གྲོང་ཁྱེར་བཅས་ཀྱི་འགན་འཁུར་བློ་མཐུན། དམངས་གཙོ་ཏང་ཤོག་ཁག་གི་ཀྲུང་དབྱང་དང་རྒྱལ་ཡོངས་བཟོ་ཚོང་ལས་རིགས་མཉམ་འབྲེལ་ལྷན་ཚོགས་ཀྱི་འགན་འཁུར་བ། ཏང་ཤོག་གང་ལའང་མི་གཏོགས་པའི་མི་སྣའི་འཐུས་མི། སྤུན་ཟླ་ཤང་ཀང་བ་དང་། ཨའོ་མོན་བ། ཐའེ་དབན་བ་བཅས་ཀྱི་འཐུས་མི། ཀྲུང་གོ་མི་དམངས་ཀྱི་རི་འགོག་དམག་འཁྲུག་ལ་རྒྱལ་ཁ་ལེན་ཆེད་ལེགས་སྐྱེས་འབུལ་མཁན་རྒྱལ་སྤྱིའི་གྲོགས་པོའི་གཉེན་ཉེའི་འཐུས་མི། འཛམ་གླིང་དམག་ཆེན་གཉིས་པའི་ཀྲུང་གོའི་འཐབ་ཁུལ་དང་རི་པིན་ཧྥ་ཤི་སིའི་བཙན་འཛུལ་ཕོག་པའི་ཀྲུང་གོར་བཅའ་སྡོད་ཨེ་ཤེ་ཡའི་རྒྱལ་ཁབ་ཀྱི་གཞུང་ཚབ་ཆེ་མོ་བའི་འཐུས་མི། ཀྲུང་གོར་བཅའ་སྡོད་དབྱི་སི་རལ་སོགས་རྒྱལ་ཁབ་ཀྱི་གཞུང་ཚབ་ཆེ་མོ་བའི་འཐུས་མི། ནན་ཅིང་དམར་གསོད་ཆེ་མོའི་ནང་སྟེས་དབང་དུ་གསོན་མཁན་དང་དེ་བཞིན་རྐྱེན་ལམ་དུ་ཤོར་མཁན་གྱི་སྤུན་ཟླའི་གཉེན་ཉེའི་འཐུས་མི། ཅང་སུའུ་ཞིང་ཆེན་གྱི་ལས་རིགས་ཁག་གི་མང་ཚོགས་ཀྱི་འཐུས་མི་སོགས་སྤྱི་མཆོད་བྱེད་སྒོར་ཞུགས་པ་རེད།
         ལོ་80ཡི་གོང་གི་1937ལོའི་ཟླ་12ཚེས་13ཉིན་ཀྲུང་གོར་བཙན་འཛུལ་བྱེད་མཁན་རི་དམག་གིས་ནན་ཅིང་དུ་བཙན་འཛུལ་བྱས་ཏེ་རང་རྒྱལ་གྱི་སྤུན་ཟླར་ཉིན་40ལྷག་ཙམ་རིང་གདུག་རྩུབ་ཤིན་ཏུ་ཆེ་བའི་དམར་གསོད་ཆེ་མོ་བྱས་པའི་ནང་མི་ཁྲི་30ཡི་སྲོག་བཅད་དེ་མིའི་རིགས་ཀྱི་ཤེས་དཔལ་ལོ་རྒྱུས་ཐོག་ཆེས་མུན་ནག་གི་ལོ་རྒྱུས་ཀྱི་ཤོག་ལྷེ་གཅིག་བྲིས་ཡོད། 2014ལོའི་ཟླ་2ཚེས་27ཉིན་སྐབས་བཅུ་གཉིས་པའི་རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་ཚོགས་འདུ་ཐེངས་བདུན་པའི་ཐོག་ཁྲིམས་འཛུགས་ཀྱི་རྣམ་པའི་ཐོག་ནས་ཟླ་12ཚེས་13ཉིན་དེ་ནན་ཅིང་དམར་གསོད་ཆེ་མོའི་ཁྲོད་རྐྱེན་ལམ་དུ་ཤོར་མཁན་ལ་དྲན་གསོ་ཞུ་བའི་རྒྱལ་ཁབ་ཀྱི་སྤྱི་མཆོད་ཉིན་མོར་གཏན་འཁེལ་བྱས་པ་རེད།

༄༅།།ཞི་ཅིན་ཕིང་ནན་ཅིང་དམར་གསོད་ཆེ་མོའི་ཁྲོད་རྐྱེན་ལམ་དུ་ཤོར་མཁན་ལ་དྲན་གསོ་ཞུ་
བའི་རྒྱལ་ཁབ་ཀྱི་སྤྱི་མཆོད་བྱེད་སྒོར་ཕེབས་པ།