མི་དམངས་དྲ་བ།

༄༅།།ཞི་ཅིན་ཕིང་གིས་ཅང་སུའུ་ཞུས་ཀྲོའུ་གྲོང་ཁྱེར་དུ་རྟོག་ཞིབ་གནང་སྐབས་ཏང་གི་ཚོགས་ཆེན་
བཅུ་དགུ་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་ནས་སྒྱུར་བཅོས་
འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས་པའི་ནན་བཤད་གནང་བ།

གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 12ཚེས་15ཉིན། 10:32】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

༄༅།།ཞི་ཅིན་ཕིང་གིས་ཅང་སུའུ་ཞུས་ཀྲོའུ་གྲོང་ཁྱེར་དུ་རྟོག་ཞིབ་གནང་སྐབས་ཏང་གི་ཚོགས་ཆེན་
བཅུ་དགུ་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་ནས་སྒྱུར་བཅོས་
འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས་པའི་ནན་བཤད་གནང་བ།

         མི་དམངས་དྲ་བའི་འཕྲིན། ཉེ་ཆར་ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཞི་ཅིན་ཕིང་གིས་ཅང་སུའུ་ཞུས་ཀྲོའུ་གྲོང་ཁྱེར་དུ་རྟོག་ཞིབ་གནང་སྐབས་ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱེད་རྒྱུ་ནི་མིག་སྔ་དང་སླད་ཕྱིན་དུས་སྐབས་ཤིག་རིང་གི་ཆབ་སྲིད་ཀྱི་ལས་འགན་ཨང་དང་པོ་དེ་རེད། ས་ཁུལ་ཁག་དང་སྡེ་ཚན་ཁག་གིས་ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་ལ་གོ་བ་གཏིང་ཟབ་ལེན་པ་དང་ཁོང་དུ་གནད་འཁེལ་ཆུད་པ་བྱས་ཏེ་དོན་དངོས་དང་ཟུང་འབྲེལ་གྱིས་ཏང་གི་ཚོགས་ཆེན་བཅུ་དགུ་པའི་ཐབས་ཇུས་བཀོད་སྒྲིག་ལག་བསྟར་ཏན་ཏིག་བྱེད་པ་དང་། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དུས་རབས་གསར་པའི་བླང་བྱ་གསར་པར་དམ་པོར་དམིགས་ནས་ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་ཁག་རྒྱུན་ཆད་མེད་པར་སྐས་རིམ་གསར་པར་སླེབས་རྒྱུར་སྐུལ་འདེད་གཏོང་དགོས་པའི་ནན་བཤད་གནང་བ་རེད།
         ཚེས་12ཉིན་ཞི་ཅིན་ཕིང་པེ་ཅིང་ནས་ཞུས་ཀྲོའུ་གྲོང་ཁྱེར་དུ་ཕེབས་འབྱོར་ཟིན་རྗེས་དང་ཐོག་ཞུས་ཀྲོའུ་བཟོ་སྐྲུན་འཕྲུལ་ཆས་ཚོགས་པའི་འཕྲུལ་ཆས་ལྗིད་རིགས་ཚད་ཡོད་ཀུང་སིར་རྟོག་ཞིབ་གནང་ཞིང་།
         ཁོང་གིས་གཞུང་ཁོངས་ཁེ་ལས་ནི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དངོས་པོའི་རྨང་གཞི་དང་ཆབ་སྲིད་ཀྱི་རྨང་གཞི་གལ་ཆེན་དང་། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དཔལ་འབྱོར་གྱི་གཙོ་རྐང་རེད། ཏང་གི་ཚོགས་ཆེན་བཅུ་དགུ་པའི་བཀོད་སྒྲིག་གཞིར་བཟུང་གཞུང་ཁོངས་ཁེ་ལས་སྒྱུར་བཅོས་གཏིང་ཟབ་ཏུ་གཏོང་བར་སྐུལ་འདེད་གཏོང་བ་དང་། གཉེར་སྐྱོང་དོ་དམ་གྱི་ཆུ་ཚད་མཐོ་རུ་བཏང་ནས་གཞུང་ཁོངས་ཁེ་ལས་འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ལག་བསྟར་དང་ཕྱོགས་ཡོངས་ནས་སྒྱུར་བཅོས་གཏིང་ཟབ་ཏུ་གཏོང་བའི་རྐང་འཛིན་སྟོབས་ཤུགས་སུ་འགྱུར་བ་དང་། རང་རེའི་ཏང་གི་སྲིད་འཛིན་རྒྱལ་དར་གྱི་ཀ་རྟེན་གལ་ཆེན་དང་རྟེན་སའི་སྟོབས་ཤུགས་སུ་འགྱུར་བར་བྱེད་དགོས་པའི་ནན་བཤད་གནང་བ་རེད།
         ཞུས་ཀྲོའུ་བཟོ་སྐྲུན་འཕྲུལ་ཆས་ཚོགས་པ་ནས་ཞལ་གྱེས་རྗེས་ཞི་ཅིན་ཕིང་ཕེབས་ཊོར་བཞུགས་ཏེ་ཞུས་ཀྲོའུ་གྲོང་ཁྱེར་ཅ་དབང་ཆུས་ཧྥན་ཨན་རྡོ་སོལ་གྱི་གཏེར་ཁ་རྡིབ་ཁུལ་བཅོས་སྒྲིག་ལས་གྲྭའི་ཧྲེན་ལུང་གྲུ་ཁར་རྟོག་ཞིབ་གནང་བར་ཕེབས་པ་རེད། དེ་སྔའི་ས་རྒོད་ཆགས་པའི་རྡོ་སོལ་གྱི་གཏེར་ཁ་རྡིབ་ཁུལ་དེ་སྣོད་བཅུད་སླར་གསོ་དང་ཡུལ་ལྗོངས་ཁུལ་བསྐྲུན་པ་བརྒྱུད་ད་ཆ་དྭངས་ཤིང་གཙང་བའི་མཚེའུ་དང་སྔོ་ལྗང་ལྗོན་ཤིང་གིས་བརྒྱན་པའི་འདམ་རའི་མཛེས་ལྗོངས་ཁུལ་ཞིག་ཏུ་གྱུར་ཡོད།
         དེ་རྗེས་ཞི་ཅིན་ཕིང་སླར་ཡང་ཉེ་འགྲམ་གྱི་ཧྥན་ཨན་མཚེའུའི་ཁྲོམ་གཞུང་གི་མ་ཀྲོང་གྲོང་ཚོར་རྟོག་ཞིབ་གནང་བར་ཕེབས་པ་རེད། གྲོང་ཚོའི་ལོ་རྒྱུས་ཁང་དུ་ཞི་ཅིན་ཕིང་གིས་པར་རིས་དང་། དཔྱད་གཞིའི་ཡིག་རིགས། དངོས་པོ་བཅས་ལ་གཟིགས་ནས་གྲོང་ཚོ་དེས་རྡོ་སོལ་སྔོག་འདོན་ཁོ་ནར་བརྟེན་ཏེ་འཚོ་ཐབས་བྱེད་པ་ནས་ཐོན་ལས་སྣ་ཚོགས་མཉམ་དུ་འཕེལ་རྒྱས་གཏོང་རྒྱུར་བསྒྱུར་བའི་ཉམས་མྱོང་ལ་ཁས་ལེན་གནང་ཞིང་། ཁོང་གིས་ཁྱད་ལྡན་ཐོན་ལས་དང་ཁྱད་ལྡན་དཔལ་འབྱོར་འཕེལ་རྒྱས་གཏོང་རྒྱུ་ནི་ཞིང་ལས་དང་གྲོང་གསེབ་དེང་རབས་ཅན་དུ་འགྱུར་རྒྱུར་སྐུལ་འདེད་མགྱོགས་མྱུར་གཏོང་བའི་བྱ་ཐབས་གལ་ཆེན་ཞིག་ཡིན་པས། ཡུལ་བབ་དང་བསྟུན་ནས་ཇུས་འགོད་དང་དོན་འཁྱོལ་བྱེད་རྒྱུར་དམ་འཛིན་ཡག་པོ་བྱེད་དགོས་ཞེས་གསུངས་པ་རེད། ཏང་ཡོན་བྱེད་སྒོ་ཁང་དུ་ཞི་ཅིན་ཕིང་ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་སློབ་སྦྱོང་བྱེད་བཞིན་པའི་ཏང་ཡོན་གྱི་ཁྲོད་དུ་ཕེབས་ནས་ཁོང་ཚོའི་སློབ་སྦྱོང་གི་མྱོང་ཚོར་གསན་པ་དང་། ཁོང་ཚོའི་སློབ་སྦྱོང་གི་ཟིན་བྲིས་ལ་གཟིགས་པ། ཁོང་ཚོར་མྱོང་ཚོར་ཟབ་ཤོས་གང་ཡིན་པ་དང་བསམ་འཆར་དང་གྲོས་འགོ་གང་ཡོད་མེད་བཀའ་འདྲི་གནང་བ་དང་འབྲེལ། ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་བྱེད་པའི་བརྒྱུད་རིམ་ནང་ཁོང་ཚོས་ནུས་པ་འདོན་སྤེལ་ཧུར་ཐག་བྱེད་རྒྱུའི་ཐུགས་རེ་གནང་ཞིང་། ཁོང་གིས་གྲོང་གསེབ་ཀྱི་གཞི་རིམ་ཏང་རྩ་འཛུགས་ནི་གྲོང་གསེབ་ཀྱི་རྩ་འཛུགས་ཁག་དང་ལས་དོན་ཁག་གི་འགོ་ཁྲིད་ཀྱི་སྲོག་ཤིང་ཡིན་པས་གྲོང་གསེབ་ཀྱི་གཞི་རིམ་ཏང་རྩ་འཛུགས་ཀྱི་འགན་ནུས་ལ་ཤུགས་སྣོན་བརྒྱབ་ནས་གྲོང་གསེབ་ཀྱི་གཞི་རིམ་ཏང་རྩ་འཛུགས་ཏང་གི་དགོངས་ཚུལ་དྲིལ་བསྒྲགས་དང་། ཏང་གི་གཏན་འབེབས་ལག་བསྟར། གཞི་རིམ་བཅོས་སྐྱོང་ལ་འགོ་ཁྲིད། མང་ཚོགས་ལ་མཐུན་སྒྲིལ་དང་སྐུལ་སློང་། སྒྱུར་བཅོས་འཕེལ་རྒྱས་ལ་སྐུལ་འདེད་བཅས་ཀྱི་སྲ་ཞིང་བརྟན་པའི་དམག་འཐབ་ཀྱི་མཁར་རྫོང་ཞིག་ཏུ་འཛུགས་སྐྱོང་བྱེད་དགོས་པའི་མཛུབ་སྟོན་གནང་བ་རེད།
         གྲོང་ཚོའི་ཁུག་མ་དྲི་ཞིམ་བཟོ་ཁང་དུ་ཞི་ཅིན་ཕིང་གིས་གྲོང་མིས་བཟོས་པའི་ཁུག་མ་དྲི་ཞིམ་སྣ་ཚོགས་ལ་གཟིགས་པ་རེད། ལོ་80ལ་སླེབས་པའི་གྲོང་མི་ཝང་ཤིའུ་དབྱིང་གིས་སྤྱི་ཁྱབ་ཧྲུའུ་ཅིར་ངས་བཟོས་པའི་ཀྲུང་ལུགས་སྨན་རྫས་བླུགས་པའི་ཁུག་མ་དྲི་ཞིམ་བྲིན་ཁ་ཧ་ཅང་རྒྱུག་པོ་འདུག་པས་ལོ་རེར་ཡོང་འབབ་ཁེ་གཙང་སྒོར་ཁྲི་20ལྷག་ཙམ་ཡོང་གི་འདུག་ཅེས་ཞུས་པ་རེད། ཞི་ཅིན་ཕིང་གིས་ཕྱག་ཏུ་ཁུག་མ་དྲི་ཞིམ་བསྣམས་ནས་རྒན་མོའི་བཟོ་རྩལ་ཡག་པོ་འདུག་ཅེས་བསྔགས་བརྗོད་གནང་བ་དང་འབྲེལ། རང་ཉིད་ཀྱིས་དངུལ་བཏོན་ནས་ཁུག་མ་དྲི་ཞིམ་གཅིག་གཟིགས་ཏེ“ངས་ཀྱང་ཁྱེད་རང་གི་ཡོང་འབབ་མང་དུ་འགྲོ་བར་རོགས་པ་བྱེད་རྒྱུ་ཡིན”ཞེས་བཞད་མོ་བཞད་བཞིན་གསུངས།
         གྲོང་ཚོའི་ཕྱོགས་བསྡུས་ཞབས་ཞུ་ཁང་དུ་དོན་དག་སྒྲུབ་པར་ཡོང་མཁན་མང་ཚོགས་ཀྱིས་གྲངས་གཞིའི་ཆ་འཕྲིན་ཡོངས་བསྒྲགས་ལས་སྟེགས་སྤྱད་ནས་གྲོང་དོན་ཆ་འཕྲིན་ཤེས་རྟོགས་བྱེད་བཞིན་ཡོད་པ་རེད། ཞི་ཅིན་ཕིང་གིས་ཁོང་ཚོ་དང་སྤེལ་རེས་གནང་བ་དང་འབྲེལ་བརྙན་འཕྲིན་གྱི་བརྙན་ཤེལ་བརྒྱུད་ཆ་འཕྲིན་ཡོངས་བསྒྲགས་བྱེད་ཚུལ་ལ་གཟིགས་པ་དང་། གློག་ཀླད་བརྒྱུད་གྲོང་མིས་འབྲེལ་ཡོད་དོན་དག་འདྲི་རྩད་བྱེད་པའི་བརྒྱུད་རིམ་མཁྱེན་རྟོགས་གནང་བ་དང་འབྲེལ། ས་གནས་དེ་གའི་ལས་བྱེད་པས་ངེས་པར་དུ་གྲོང་དོན་ཡོངས་བསྒྲགས་དང་ཆ་འཕྲིན་ཞབས་ཞུའི་བྱ་བ་ལེགས་པར་བསྒྲུབས་ཏེ་གྲངས་གཞིར་བརྟེན་ནས་མང་ཚོགས་ཕར་འགྲོ་ཚུར་འོང་ཉུང་དུ་གཏོང་དགོས་པའི་བཀའ་མངགས་ནན་པོ་གནང་བ་རེད། གྲོང་ཚོའི་རིག་གནས་ཚོགས་ཁང་དུ་ཞི་ཅིན་ཕིང་གིས་གྲོང་མིའི་རོལ་དབྱངས་ཚོགས་པས་ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་དྲིལ་བསྒྲགས་ཀྱི་སྨྱུག་རོལ་མགྱོགས་གཏམ་ལེ་ཚན་ནང་སྦྱོང་བྱེད་བཞིན་ཡོད་པས་ཁོང་ཚོར་ཡག་པོ་བརྩམས་འདུག ཡག་པོ་འཁྲབ་སོང་ཞེས་བསྔགས་བརྗོད་གནང་བ་དང་འབྲེལ། གྲོང་མིའི་རིག་གནས་འཚོ་བ་ཕུན་སུམ་ཚོགས་སུ་གཏོང་ཆེད་ལེགས་སྐྱེས་མང་ཙམ་འབུལ་རྒྱུའི་ལྕག་སྐུལ་ཡང་གནང་བ་རེད། ཞི་ཅིན་ཕིང་གིས་གྲོང་གསེབ་ཀྱི་བསམ་པའི་དཔལ་ཡོན་གཏོད་རྒྱུ་ཧ་ཅང་གལ་ཆེན་པོ་རེད། དངོས་པོས་བསམ་པར་འགྱུར་ལྡོག་གཏོང་བ་དང་བསམ་པས་དངོས་པོར་འགྱུར་ལྡོག་གཏོང་བ་ནི་རྩོད་སྒྲུབ་རིག་པའི་ལྟ་བ་རེད། གྲོང་གསེབ་དར་རྒྱས་ཀྱི་འཐབ་ཇུས་ལག་ལེན་བསྟར་བར་དངོས་པོའི་དཔལ་ཡོན་དང་བསམ་པའི་དཔལ་ཡོན་གཉིས་ཀར་དམ་འཛིན་བྱེད་དགོས་པ་དང་། ལྷག་དོན་དུ་གྲོང་མིའི་བསམ་པའི་ཉམས་འགྱུར་གྱི་ཆུ་ཚད་མཐོ་རུ་གཏོང་རྒྱུར་དོ་སྣང་བྱེད་དགོས་ཞེས་མཛུབ་སྟོན་གནང་བ་རེད།

༄༅།།ཞི་ཅིན་ཕིང་གིས་ཅང་སུའུ་ཞུས་ཀྲོའུ་གྲོང་ཁྱེར་དུ་རྟོག་ཞིབ་གནང་སྐབས་ཏང་གི་ཚོགས་ཆེན་
བཅུ་དགུ་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་ནས་སྒྱུར་བཅོས་
འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས་པའི་ནན་བཤད་གནང་བ།