མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ཀྲུང་དབྱང་སྒྲིག་བཤེར་ཨུ་ལྷན་གྱིས་མཚོ་སྔོན་བ་ཡན་རྫོང་གི་དབུལ་སྐྱོར་ཁྱབ་ཁོངས་ཀྱི་རུལ་
སུངས་དང་སྤྱོད་ཚུལ་གྱི་གནད་དོན་ཡོངས་བསྒྲགས་བྱས་པ།

གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 12ཚེས་16ཉིན། 14:32】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

          མི་དམངས་དྲ་བའི་འཕྲིན། ཟླ་12ཚེས་14ཉིན། ད་ལོ་ནས་བཟུང་སྟེ། སྒྲིག་ཁྲིམས་ཞིབ་བཤེར་ལྟ་ཞིབ་སྡེ་ཁག་རིམ་པ་ཁག་གིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་དབུལ་སྒྲོལ་འབད་འཐབ་སྐོར་གྱི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ལག་བསྟར་དོན་འཁྱོལ་ནན་པོར་བྱས་པ་དང་། ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ལྷན་གྱི་དབུལ་སྐྱོར་ཁྱབ་ཁོངས་སུ་ལྟ་སྐུལ་དང་། སྒྲིག་ཁྲིམས་ལག་བསྟར། འགན་འཁྲི་རྩད་གཅོད་བཅས་ཀྱི་ལས་དོན་བརྙན་འཕྲིན་ཁ་པར་ཚོགས་འདུའི་བླང་བྱར་གཞིགས་ཏེ་དབུལ་སྐྱོར་ཁྱབ་ཁོངས་ཀྱི་རུལ་སུངས་དང་སྤྱོད་ཚུལ་གྱི་གནད་དོན་ཞིབ་བཤེར་ཐག་གཅོད་ནན་པོར་བྱས་པ་རེད། ཉེ་སྔོན། ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ལྷན་གྱིས་དཔེ་མཚོན་གྱི་གྱོད་དོན་ཡོངས་བསྒྲགས་བྱས་པ་རེད།
         མཚོ་སྔོན་ཞིང་ཆེན་མཚོ་ཤར་གྲོང་ཁྱེར་བ་ཡན་རྫོང་གི་རྫོང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་ཟུར་པ་དང་རྫོང་དཔོན་ལུའོ་ཝུན་ཞང་སོགས་ཀྱིས་གནས་སྤོའི་དབུལ་སྐྱོར་མང་ཚོགས་རིམ་མཐོའི་སྡེ་ཁུལ་དུ་བཀོད་སྒྲིག་བྱེད་རྒྱུ་རང་དགར་ཐག་གཅོད་བྱས་པ་དང་། སྡོད་ཁང་ཉོ་བའི་རོགས་དངུལ་ཁ་གསབ་ཀྱི་རྣམ་པའི་ནས་སྡོད་ཁང་ཐོན་སྐྱེད་ཀུང་སི་ཞིག་གི་སྡོད་ཁང་བྲིན་ཚོང་བྱེད་རོགས་བྱས་པའི་གནད་དོན་བྱུང་བ་རེད། 2012ལོ་ནས་2015ལོའི་བར། བ་ཡན་རྫོང་གིས་གནས་སྤོའི་དབུལ་སྐྱོར་ལས་དོན་ལག་བསྟར་བྱེད་སྐབས། ཞིབ་འཇུག་ར་སྤྲོད་མ་བྱས་པ་དང་། རྫོང་སྲིད་གཞུང་གི་རྒྱུན་ལས་ཚོགས་འདུ་དང་རྫོང་རྒྱུན་ལས་ཨུ་ལྷན་ལ་ཞིབ་འཇུག་གནང་བྱར་མ་ཕུལ་བ་དང་། འོས་སྐུལ་འོད་དཔོད་མ་ཐོབ་པ། གནས་སྤོའི་དུད་ཚང་གི་དབུལ་པོའི་དཔལ་འབྱོར་གཏོང་སྤྲོད་བྱེད་ནུས་ལ་མ་གཞིགས་པ་མ་ཟད། འཇུག་སྐྱོང་གི་འཚོ་བའི་འགན་སྲུང་སོགས་མ་བསྒྲུབ་པའི་གནས་ཚུལ་འོག སྒེར་ནས་རང་མཚམས་ཐག་གཅོད་བྱས་ཏེ་ཚོང་ཟོག་སྡོད་ཁང་500མཉམ་དུ་ཉོས་པ་དང་། སྡོད་ཁང་རེ་ལ་སྒོར་ཁྲི་26ནས་38བར་གྱི་རིན་གོང་བྱས་ཏེ་སྲིད་གཞུང་གིས་སྡོད་ཁང་ཉོ་མཁན་ལ་ཁ་གསབ་དངུལ་སྒོར་ཁྲི་5སྤྲད་པ་རེད། 2015ལོའི་ཟླ་3པར། རྫོང་དེ་གའི་སྐབས་ཐོག་རྫོང་ཨུའི་ཧྲུའུ་ཅི་གཞོན་པ་དང་རྫོང་དཔོན་མ་ཅིན་ཤིན་གྱིས་གོང་གསལ་བྱེད་ཐབས་སྤྱད་དེ་གནས་སྤོའི་དུད་ཚང་130མང་དུ་བཏང་བ་རེད། དེར་བརྟེན། བ་ཡན་རྫོང་གིས་དབུལ་སྐྱོར་གནས་སྤོ་དང་། ཉེན་ཡོད་ཁང་པ་ཞིག་གསོ་སོགས་ཀྱི་མ་དངུལ་སྒོར་ཁྲི་3150དེ་ཁྲིམས་འགལ་ངང་སྡོད་ཁང་ཐོན་སྐྱེད་ཀུང་སི་ཞིག་ལ་སྤྲད་པ་དང་། ཀུང་སི་དེས་སྡོད་ཁང་རེ་ནས་སྒོར་ཁྲི་5རེ་ཚོང་ཟོག་སྡོད་ཁང་གི་རིན་གོང་དུ་བཅག་ནས་བྲིན་ཚོང་བྱས་པ། རྫོང་སྲིད་གཞུང་གིས་དུད་ཚང་དབུལ་པོ་གནས་སྤོ་བྱེད་པ་དེ་སྡོད་ཁང་ཐོན་སྐྱེད་ཀུང་སིས་སྡོད་ཁང་བྲིན་ཚོང་བྱེད་པར་གྱུར་པ་རེད།
         འབྲེལ་ཡོད་སྡེ་ཁག་གི་ངོས་འཛིན་མཐའ་གཅིག་དུ་བྱས་པ་བརྒྱུད། གནས་སྤོའི་དུད་ཚང་630ནང་། དུད་ཚང་དབུལ་ཕོངས་མིན་པ་དུད་ཚང་232ཡོད་པ་དང་། ཁྲིམས་འགལ་ངང་སྲིད་གཞུང་གི་ཁ་གསབ་རོགས་དངུལ་ཁྲི་1160ལོངས་སྤྱོད་དང་གཡོ་ལེན་བྱས་པ་རེད། ལུའོ་ཝུན་ཞང་ལ་ཏང་གི་སྐྱིད་སྡུག་ནས་འབུད་པ་དང་། སྲིད་འཛིན་ལས་འགན་ཕྱིར་འཐེན་གྱི་ཆད་པ་བཅད་པ་དང་། མ་ཅིན་ཤིན་ལ་ཏང་ནང་གི་ལས་འགན་ཕྱིར་འཐེན་དང་སྲིད་འཛིན་ལས་འགན་ཕྱིར་འཐེན་གྱི་ཆད་པ་བཅད་པ། མཚོ་ཤར་གྲོང་ཁྱེར་མི་དམངས་འཐུས་ཚོགས་ཀྱི་ནོར་སྲིད་དཔལ་འབྱོར་དང་གྲོང་ཁྱེར་འཛུགས་སྐྲུན་ཨུ་ལྷན་གྱི་འགོ་འཛིན་གཞོན་པ། ཨུ་ཡོན། བ་ཡན་རྫོང་གི་རྫོང་དཔོན་གཞོན་པ་ཟུར་པ་མ་ཆན་ལི་ལ་ཏང་ནང་དུ་ཐ་ཚིག་ནན་པོར་སྒྲོག་རྒྱུའི་ཆད་པ་བཅད་པ། རྫོང་དབུལ་སྐྱོར་གསར་སྤེལ་ཅུད་ཀྱི་ཏང་ཙུའུ་ཡི་ཧྲུའུ་ཅི་དང་འགོ་འཛིན་མ་ཧའེ་ཧྥེང་ལ་ཏང་ནང་གི་ལས་འགན་ཕྱིར་འཐེན་དང་སྲིད་འཛིན་ལས་འགན་ཕྱིར་འཐེན་གྱི་ཆད་པ་བཅད་པ་བཅས་བྱས་པ་རེད། བ་ཡན་རྫོང་ཨུ་ཡིས་དབུལ་སྐྱོར་གནས་སྤོའི་ལས་དོན་ལ་འགོ་ཁྲིད་ཀྱི་འགན་ཁུར་ཞན་པ་དང་། མཚོ་ཤར་གྲོང་ཁྱེར་ཨུ་ལྷན་གྱིས་ལྟ་ཞིབ་འགན་ཁུར་བྱེད་ཤུགས་མི་འདང་བ། གནད་དོན་གྱི་ཁུངས་སྣེ་ལྟ་བཤེར་བྱེད་རིགས་རྣམ་པ་ཙམ་ཡིན་པ། ལྟ་བཤེར་བྱས་འབྲས་དོན་དངོས་དང་ཡོ་འགལ་ཆེན་པོ་ལྡན་པ། བ་ཡན་རྫོང་སྒྲིག་བཤེར་ཨུ་ལྷན་གྱི་ཞིབ་བཤེར་ལྟ་སྐུལ་རྣམ་པ་ཙམ་ཡིན་ཞིང་རྫོང་དེ་གས་དབུལ་སྐྱོར་གནས་སྤོའི་ལས་གཞི་ལག་ལེན་བསྟར་དུས་སྒྲིག་འགལ་ཁྲིམས་འགལ་གྱི་གནད་དོན་ཚབས་ཆེན་ཡོད་པ་མ་ཤེས་པ་བཅས་བྱུང་བ་རེད། མཚོ་ཤར་གྲོང་ཁྱེར་མི་དམངས་འཐུས་ཚོགས་ཀྱི་རྒྱུན་ཨུའི་ཏང་ཙུའུ་ཡི་ཧྲུའུ་ཅི་དང་། ཀྲུའ་རེན། གྲོང་ཁྱེར་ཨུ་ལྷན་གྱི་རྒྱུན་ཨུ་ཟུར་པ། གྲོང་ཁྱེར་སྒྲིག་བཤེར་ཨུ་ལྷན་གྱི་ཧྲུའུ་ཅི་ཀྲུའུ་ཧོང་། མཚོ་སྔོན་ཞིང་ཆེན་ཞིང་འབྲོག་ཐིང་རྩྭ་ཐང་ཁྲུའུ་ཡི་འགོ་འཛིན། བ་ཡན་རྫོང་གི་རྫོང་ཨུའི་རྒྱུན་ཨུ་ཟུར་པ། རྫོང་སྒྲིག་བཤེར་ཨུ་ལྷན་གྱི་ཧྲུའུ་ཅི་ཧན་ཡུས་དབྱིན་བཅས་ལ་ཏང་ནང་དུ་ཐ་ཚིག་སྒྲོག་རྒྱུའི་ཆད་པ་བཅས་བཅད་པ་རེད།