མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ཞི་ཅིན་ཕིང་གིས་ཧན་གོའི་ཙུང་ཐུང་ཝུན་ཙའེ་དབྱིན་དང་བཞུགས་མོལ་གནང་བ། 

གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 12ཚེས་16ཉིན། 14:42】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

            མི་དམངས་དྲ་བའི་འཕྲིན། ཟླ་12ཚེས་14ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་མི་དམངས་ཚོགས་ཁང་ཆེ་མོར་ཀྲུང་གོར་རྒྱལ་དོན་འཚམས་འདྲི་གནང་བར་ཕེབས་མཁན་ཧན་གོའི་ཙུང་ཐུང་ཝུན་ཙའེ་དབྱིན་དང་བཞུགས་མོལ་གནང་བ་རེད།
         ཞི་ཅིན་ཕིང་གིས་ཀྲུང་གོ་དང་ཧན་གོའི་དབར་འབྲེལ་བ་བཙུགས་ནས་ལོ་25འཁོར་བའི་མཚམས་སུ་ཝུན་ཙའེ་དབྱིན་ཀྲུང་གོར་རྒྱལ་དོན་འཚམས་འདྲི་གནང་བར་ཕེབས་པར་དགའ་བསུ་ཞུས་གནང་བ་རེད། ཞི་ཅིང་ཕིང་གིས་ཀྲུང་ཧན་རྒྱལ་ཁབ་གཉིས་ནི་མཛའ་གྲོགས་ཀྱི་ཁྱིམ་མཚེས་རྒྱལ་ཁབ་དང་འཐབ་ཇུས་མཉམ་ལས་རོགས་ཟླ་ཞིག་རེད། འབྲེལ་བ་བཙུགས་ནས་ལོ་25སོང་རིང་རྒྱལ་ཁབ་གཉིས་པོའི་ཁྱབ་ཁོངས་སོ་སོའི་སྤེལ་རེས་མཉམ་ལས་ཐད་འཕེལ་རྒྱས་མངོན་གསལ་དོད་པོ་བྱུང་ནས་ཕྱོགས་གཉིས་པོར་ཕན་པ་ཆེན་པོ་ཐོབ་ཡོད་པ་རེད། མི་རིང་བའི་གོང་། ཚང་མས་ཤེས་གསལ་ལྟར་གྱི་རྒྱུ་རྐྱེན་ལས་ཀྲུང་གོ་དང་ཧན་གོའི་འབྲེལ་བར་འགལ་རྐྱེན་ཅུང་ཟད་ཐོན་ཏེ་ཕྱོགས་གཉིས་པོས་ཇི་ལྟར་བྱས་ནས་ཕན་ཚུན་གྱི་ལྟེ་བའི་ཁེ་ཕན་ལ་བརྩི་འཇོག་བྱེད་པའི་རྨང་གཞིའི་ཐོག་རྒྱལ་ཁབ་གཉིས་པོའི་འབྲེལ་བའི་འབྱུང་འགྱུར་དེ་བས་ལེགས་པ་གཏོད་རྒྱུར་དཔྱད་གཞི་མཁོ་འདོན་དང་བློ་སྒོ་འབྱེད་ཐུབ་པ་བྱས་ཡོད། ཀྲུང་གོ་ཕྱོགས་ཀྱིས་ཀྲུང་ཧན་འབྲེལ་བར་མཐོང་ཆེན་བྱས་ཏེ་ཧན་གོ་དང་མཉམ་དུ་རྒྱལ་ཁབ་གཉིས་པོའི་འབྲེལ་བ་འཛུགས་པའི་ཐོག་མའི་བསམ་འདུན་བློ་ལ་བརྟན་པོར་ངེས་ནས་རྒྱལ་ཁབ་གཉིས་པོའི་མི་དམངས་ཀྱི་བདེ་སྐྱིད་ཡིད་ལ་བཅངས་པ་དང་། ཕན་ཚུན་གྱི་ལྟེ་བའི་ཁེ་ཕན་དང་དོན་ཆེན་ལ་བརྩི་འཇོག་བྱེད་པའི་གཞི་རྩའི་རྩ་དོན་མཐའ་འཁྱོངས། ཁྱིམ་མཚེས་རྒྱལ་ཁབ་ལ་བློ་དཀར་སེམས་དཀར་བྱེད་ཐབས་མཐའ་འཁྱོངས། གཉིས་ཁེ་གཉིས་ཕན་གྱི་མཉམ་ལས་རྩ་དོན་སྟངས་འཛིན་ཐུབ་པ་བཅས་བྱས་ནས་ཀྲུང་ཧན་འཐབ་ཇུས་རོགས་ཟླའི་འབྲེལ་བ་ཐོག་མཐའ་བར་གསུམ་དུ་སྐྱོན་བྲལ་དང་བརྟན་པོའི་ངང་ཡང་དག་པའི་འཕེལ་རྒྱས་ཀྱི་འགྲོ་ལམ་ཐོག་སྐྱོད་ཐུབ་རྒྱུར་སྐུལ་འདེད་གཏོང་འདོད་ཡོད་ཅེས་གསུངས་པ་རེད། 
         རྒྱལ་ཁབ་གཉིས་པོའི་གཙོ་བདག་གིས་ད་དུང་ཁྲའོ་ཞན་ཕྱེད་གླིང་གི་དུས་བབ་ལ་དགོངས་འཆར་བརྗེ་རེས་གནང་བ་རེད། ཞི་ཅིན་ཕིང་གིས་ངེས་པར་དུ་ཕྱེད་གླིང་ལ་ཉིང་རྡུལ་མཚོན་ཆ་མེད་པ་བྱེད་པའི་དམིགས་ཚད་ལ་གཡོ་འགུལ་མི་གཏོང་རྒྱུ་མཐའ་འཁྱོངས་བྱས་ནས་ཕྱེད་གླིང་དུ་དམག་འཁྲུག་དང་ཟིང་ཆ་གཏན་ནས་ལངས་ཏུ་མི་བཅུག་པར་ཕྱེད་གླིང་གནད་དོན་ཐོག་མཐའ་བར་གསུམ་དུ་གྲོས་མོལ་བརྒྱུད་ཐག་གཅོད་བྱེད་དགོས། ཀྲུང་ཧན་རྒྱལ་ཁབ་གཉིས་པོར་ཕྱེད་གླིང་གི་ཞི་བདེ་བརྟན་ལྷིང་ལ་སྲུང་སྐྱོང་བྱེད་པའི་ཐད་ཐུན་མོང་གི་ཁེ་ཕན་གལ་ཆེན་ལྡན་ཡོད་པས་ང་ཚོས་མུ་མཐུད་ཧན་གོ་དང་བརྟན་ལྷིང་སྲུང་སྐྱོང་དང་དམག་འཁྲུག་སྔོན་འགོག་དང་བར་འདུམ་མཐུན་འཇུག་ཐད་འབྲེལ་གཏུག་དང་མཐུན་སྦྱོར་བྱ་རྒྱུར་མུ་མཐུད་ཤུགས་སྣོན་རྒྱག་འདོད་ཡོད། ཀྲུང་གོ་ཕྱོགས་ཀྱིས་ཀྱང་ཕྱེད་གླིང་ལྷོ་བྱང་ཕྱོགས་གཉིས་པོས་སྐད་ཆ་ཤོད་རེས་བྱས་པ་དང་འབྲེལ་གཏུག་བྱས་པ་བརྒྱུད་ཕན་ཚུན་གྱི་འབྲེལ་བ་ལེགས་སུ་འགྲོ་རྒྱུར་མུ་མཐུད་རྒྱབ་སྐྱོར་བྱས་ནས་འདུམ་འགྲིག་མཉམ་ལས་ལ་སྐུལ་འདེད་བཏང་བ་དེས་ཕྱེད་གླིང་གི་གནད་དོན་ཞི་ལྷོད་དང་ཐག་གཅོད་ཐུབ་རྒྱུར་ཕན་པ་ཡོད་ཅེས་ནན་བཤད་གནང་བ་རེད། ཝུན་ཙའེ་དབྱིན་གྱིས་ཧན་གོས་ཞི་བའི་ཐབས་ལམ་ཐོག་ནས་ཕྱེད་གླིང་གི་ཉིང་རྡུལ་གྱི་གནད་དོན་ཐག་གཅོད་བྱ་རྒྱུར་གཞོལ་ནས་ཀྲུང་གོ་ཕྱོགས་དང་མཉམ་དུ་རང་ས་ཁུལ་གྱི་ཞི་བདེ་བརྟན་ལྷིང་ལ་སྲུང་སྐྱོང་བྱེད་རྒྱུ་ཡིན་ཞེས་ནན་བཤད་གནང་བ་རེད།
         ཞི་ཅིན་ཕིང་གིས་ཀྲུང་གོ་ཕྱོགས་ཀྱིས“ས་ཏེའི”གནད་དོན་ཐད་ཀྱི་ལངས་ཕྱོགས་བསྐྱར་བསྒྲགས་གནང་ནས་ཧན་གོ་ཕྱོགས་ཀྱིས་མུ་མཐུད་གནད་དོན་དེ་ཐག་གཅོད་འོས་འཚམ་བྱ་རྒྱུའི་རེ་བ་ཡོད་ཅེས་གསུངས་པ་རེད།