མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ཞི་ཅིན་ཕིང་གིས་ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་གཏིང་
ཟབ་བྱས་ནས་དུས་རབས་གསར་པའི་དམག་སྦྱོང་དམག་གྲབས་ལས་དོན་ལ་ནུས་ཤུགས་
ཡོད་རྒུས་སྐུལ་འདེད་གཏོང་དགོས་པའི་ནན་བཤད་གནང་བ། 

གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 12ཚེས་16ཉིན། 14:44】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

༄༅།།ཞི་ཅིན་ཕིང་གིས་ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་གཏིང་
ཟབ་བྱས་ནས་དུས་རབས་གསར་པའི་དམག་སྦྱོང་དམག་གྲབས་ལས་དོན་ལ་ནུས་ཤུགས་
ཡོད་རྒུས་སྐུལ་འདེད་གཏོང་དགོས་པའི་ནན་བཤད་གནང་བ།

         མི་དམངས་དྲ་བའི་འཕྲིན། ཟླ་12ཚེས་13ཉིན་ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཞི་ཅིན་ཕིང་གིས་འབུམ་ཤོག་ཆེ་མོ་71པར་གཟིགས་ཞིབ་གནང་ཞིང་། ཁོང་གིས་དམག་ཡོངས་ཀྱིས་ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་ནན་ཏན་དང་། དུས་རབས་གསར་པའི་དམག་དཔུང་སྟོབས་ཆེར་གཏོང་བའི་ཏང་གི་དགོངས་པ་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་ནས་དུས་བབ་གསར་པའི་འོག་གི་དམག་དོན་འཐབ་ཇུས་ཀྱི་བྱེད་ཕྱོགས་ལག་བསྟར་བྱེད་པ་དང་། ཆབ་སྲིད་ལ་བརྟེན་ནས་དམག་དཔུང་འཛུགས་སྐྱོང་བྱེད་པ། སྒྱུར་བཅོས་ལ་བརྟེན་ནས་དམག་དཔུང་སྟོབས་ཆེར་གཏོང་བ། ཚན་རྩལ་ལ་བརྟེན་ནས་དམག་དཔུང་དར་རྒྱས་གཏོང་བ། ཁྲིམས་བཞིན་དམག་དཔུང་སྐྱོང་བ་མཐའ་འཁྱོངས་བྱེད་པ། དམག་གྲབས་དང་དམག་རྒྱག་ལ་དམིགས་པ། འབུམ་ཤོག་ཆེ་མོ་འཛུགས་སྐྱོང་དོ་དམ་དང་དམག་རྒྱག་བཀོལ་སྤྱོད་ཁྱད་ཆོས་ཀྱི་ཆོས་ཉིད་ཁོང་དུ་ཆུད་པ། ཕྱོགས་སྒྱུར་འཛུགས་སྐྱོང་ལ་སྐུལ་འདེད་ཏན་ཏིག་གཏོང་བ། རྒྱལ་ཁ་ལེན་པའི་ནུས་པ་ཕྱོགས་ཡོངས་ནས་ཆེ་རུ་གཏོང་བ་བཅས་བྱས་ཏེ་ཏང་དང་མི་དམངས་ཀྱིས་དཀྲིས་པའི་དུས་རབས་གསར་པའི་འགན་འཁྲི་དང་ལས་འགན་ལེགས་པར་སྒྲུབ་དགོས་པའི་ནན་བཤད་གནང་བ་རེད།
         དགུན་སྟོད་ཀྱི་ཧོའེ་ཧའེ་ས་གཞི་ཆེ་མོའི་ཐོག་ས་ཞིང་གཤིན་པོ་མུ་མཐའ་མེད་པ་དང་གང་སར་སྐྱེ་སྟོབས་ཀྱི་དཔལ་རབ་ཏུ་འབར་བ་ཞིག་ཡོད་ཅིང་། ཕྱི་དྲོའི་ཆུ་ཚོད་4པར་ཞི་ཅིན་ཕིང་འབུམ་ཤོག་ཆེ་མོ་71པའི་ལུའེ་ཞིག་ཏུ་ཕེབས་ནས་དང་ཐོག་བློ་མཐུན་ཝང་ཅེ་སྐུ་འཚོ་བཞུགས་སྐབས་གནས་སའི་ལེན་གྱི་དཔོན་དམག་ལ་གཟིགས་པ་རེད། ཝང་ཅེ་ནི་དུས་རབས་གོང་མའི་ལོ་རབས་60པའི་ནང་ཐོན་པའི་རླབས་ཆེན་གྱི་གུང་ཁྲན་རིང་ལུགས་ཀྱི་འཐབ་འཛིང་པ་ཞིག་ཡིན་པ་དང་། ཁོང་གིས་ཉེ་འགྲམ་གྱི་ཡུལ་དམག་དང་མི་དམངས་དྲག་ཆས་པུའི་ལས་བྱེད་པ་12ཀྱི་ཚེ་སྲོག་སྲུང་སྐྱོབ་བྱེད་ཆེད་གཟི་བརྗིད་ལྡན་པའི་ངང་རང་སྲོག་བློས་བཏང་ནས་ཏང་ཡོངས་དང་། དམག་ཡོངས། སྤྱི་ཚོགས་ཡོངས་བཅས་ཀྱི་སློབ་སྦྱོང་བྱེད་འོས་པའི་མིག་དཔེ་ཞིག་ཏུ་གྱུར་ཡོད། ཞི་ཅིན་ཕིང་གིས་ཝང་ཅེ་སྐུ་འཚོ་བཞུགས་སྐབས་གནས་སའི་ལེན་ཏུའེ་ཡི་གཟི་བརྗིད་མཚན་སྙན་ཁང་དུ་གཟིགས་སྐོར་གནང་བ་རེད། པར་རིས་མང་པོ་ཞིག་གི་ཐོག་ཝང་ཅེའི་འཚར་ལོངས་བརྒྱུད་རིམ་བཀོད་ཡོད་པ་དང་། ཉིན་ཐོ་མང་པོ་ཞིག་ལས་དཔའ་བོའི་བླ་ན་མེད་པའི་སྙིང་སྟོབས་མངོན་པ། གོས་དར་མང་པོ་ཞིག་གི་ཐོག་ཏང་དང་མི་དམངས་ཀྱིས་དཔའ་བོར་བསྔགས་བརྗོད་དང་གཟེངས་བསྟོད་བྱེད་ལུགས་བཀོད་ཡོད། ཞི་ཅིན་ཕིང་གིས་ཞིབ་ཕྲ་གཟིགས་པ་དང་འབྲེལ་ཕེབས་མཚམས་བཞག་ནས་བཀའ་འདྲི་གནང་བ་རེད། ཝང་ཅེ་ཡི་གཟི་བརྗིད་མཚན་སྙན་དང་ཡར་རྒྱས་ལ་ལྟ་སྟངས་ཡང་དག་འཛིན་ལུགས་ངོ་སྤྲོད་འགྲེམས་པང་མདུན་དུ་ཞི་ཅིན་ཕིང་གིས་མྱོང་ཚོར་ཟབ་མོའི་ངང་ཝང་ཅེས“མཚན་སྙན་རག་ཐབས་མི་བྱེད་པ་དང་། ཐོབ་ཐང་རག་ཐབས་མི་བྱེད་པ། རྒྱུ་དངོས་རག་ཐབས་མི་བྱེད་པ”བཅས་ཀྱིརག་ཐབས“མི་བྱེད་པ་གསུམ”ནི་མེ་ལོང་ལྟ་བུ་ཞིག་ཡིན་པས་གུང་ཁྲན་ཏང་ཡོན་ཚང་མས་མེ་ལོང་དེར་ཡག་པོ་བལྟ་དགོས་ཞེས་གསུངས་པ་རེད། ཞི་ཅིན་ཕིང་གིས་ཝང་ཅེས་གཅིག་ནས་དཀའ་སྡུག་ལ་མི་སྐྲག་པ་དང་། གཉིས་ནས་འཆི་རྒྱུར་མི་སྐྲག་པའི་བྱས་རྗེས་མཁྱེན་རྟོགས་ཞིབ་ཕྲ་གནང་བ་རེད། སེམས་འགུལ་ཆེན་པོ་ཐེབས་བཞིན་དུ་ཁོང་གིས་གཅིག་ནས་དཀའ་སྡུག་ལ་མི་སྐྲག་པ་དང་། གཉིས་ནས་འཆི་རྒྱུར་མི་སྐྲག་པའི་སྙིང་སྟོབས་ནི་བློ་བརྟན་གཞུང་དྲང་གི་རང་གཤིས་གསོན་ཉམས་དོད་པའི་མཚོན་ཚུལ་དངོས་ཤིག་ཡིན་པས་གསར་བརྗེའི་དམག་མིའི་བསྲུང་བྱའི་གདམས་ངག་ཅིག་ཏུ་འགྱུར་བ་བྱེད་དགོས་ཞེས་གསུངས་པ་རེད། ཞི་ཅིན་ཕིང་གིས་ཝང་ཅེའི་སྙིང་སྟོབས་ནི་སྔོན་ཆད་དང་། ད་ཆ། འབྱུང་འགྱུར་བཅས་སུ་ནམ་ཡང་ང་ཚོའི་རྩ་ཆེའི་བསམ་པའི་རྒྱུ་ནོར་ཞིག་ཡིན་པས་ཝང་ཅེའི་སྙིང་སྟོབས་སློབ་སྦྱོང་དང་ལག་བསྟར་བྱས་ཏེ་ཝང་ཅེའི་སྙིང་སྟོབས་ལ་དུས་རབས་ཀྱི་འོད་ཟེར་གསར་པ་འཕྲོ་བ་བྱེད་དགོས་པའི་ནན་བཤད་གནང་བ་རེད།
         ལེན་ཏུའེ་ཡི་གཟི་བརྗིད་མཚན་སྙན་ཁང་ནས་ཞལ་གྱེས་རྗེས་ཞི་ཅིན་ཕིང“ཝང་ཅེའི་པན”དུ་ཕེབས་པ་རེད། པན་དེ་ཡོངས་ཀྱི་འཐབ་འཛིང་པ་ཚོས་རུ་སྟར་བསྒྲིགས་ནས་ཕེབས་བསུ་ཞུས་པ་དང་། ཞི་ཅིན་ཕིང་གིས་བཞད་མོ་བཞད་བཞིན་ཁོང་ཚོ་རེ་རེ་བཞིན་དང་ཕྱག་བཏང་གནང་བ་རེད། ད་ལྟ་པན་ཀྲང་གི་འགན་འཁུར་བའི་ཝང་ཏ་མའོ་ཡིས་ཞི་ཅིན་ཕིང་ལ་འཐབ་འཛིང་པ་ཚོས་ཝང་ཅེའི་རྒྱུན་འཛིན་པ་བརྩོན་ལེན་བྱེད་པའི་གནས་ཚུལ་ངོ་སྤྲོད་ཞུས་པ་རེད། ལོ་50ལྷག་ཙམ་རིང་ལེན་ཏུའེ་ཡིས་ཉིན་ལྟར་མིང་བཤེར་སྐབས་ཝང་ཅེའི་མིང་ཨང་དང་པོ་འབོད་ཀྱི་ཡོད། ལེན་ཏུའེ་རུ་ཝང་ཅེའི་སྙིང་སྟོབས་རྒྱུན་འཛིན་ཧ་ཅང་ཡག་པོ་ཐུབ་པ་དང་། དཔའ་བོར་གོང་བཀུར་དང་སློབ་སྦྱོང་བྱེད་པའི་རྣམ་པ་བཟང་པོ་དེ་གཟིགས་སྐབས་ཞི་ཅིན་ཕིང་ཐུགས་བློ་བདེ་པོ་བྱུང་ཞིང་། ཁོང་གིས་འཐབ་འཛིང་པ་ཚོ་སྐད་བཏང་གནང་ནས་མཉམ་དུ་བཞུགས་ཏེ་ཚང་མའི་སློབ་སྦྱོང་དང་། སྦྱོང་བརྡར། འཚོ་བ་བཅས་ཀྱི་གནས་ཚུལ་བཀའ་འདྲི་ཞིབ་ཕྲ་གནང་བ་དང་འབྲེལ་ཚང་མས་ཡང་འབད་བསྐྱར་འབད་ཀྱིས་སྣེ་ཁྲིད་ནས་དུས་རབས་གསར་པའི་ཝང་ཅེ་ལྟ་བུའི་འཐབ་འཛིང་པ་ཡག་པོ་ཞིག་བྱེད་དགོས་པའི་སྐུལ་ལྕག་གནང་བ་རེད། 
         ལེན་ཏུའེ་ནས་ཞལ་གྱེས་སྐབས་ཞི་ཅིན་ཕིང་གིས་ལེན་ཏུའེ་ཡོངས་ཀྱི་དཔོན་དམག་དང་མཉམ་དུ་དྲན་རྟེན་སྐུ་པར་བསྐྱོན་པ་དང་། བཀོད་འཐབ་པ་ཚོ་འཚང་ཁ་ཤིག་ཤིག་ངང་ཞི་ཅིན་ཕིང་གི་གམ་དུ་བསྡུས་ནས་བདེ་སྐྱིད་དང་དགའ་སྤྲོའི་རྣམ་པས་ཁེངས་ཡོད། ལེན་ཏུའེ་ཡོངས་ཀྱི་དཔོན་དམག་ཚོས་ལེན་ཏུའེ་ཡི་གླུ་གཞས“ཝང་ཅེའི་མེ་མདའ་ང་ཚོས་འཁུར”ཞེས་པ་མཉམ་དུ་བཏང་ནས་རྒྱ་ཆེའི་དཔོན་དམག་ཚོས་ཞི་ཀྲུའུ་ཞིའི་བཀའ་ལ་མཐའ་གཅིག་ཏུ་ཉན་པ་དང་རང་རྟོགས་ངང་དཔའ་བོའི་རྒྱུན་འཛིན་པ་བྱེད་པའི་འགྱུར་མེད་ཀྱི་ཆོད་སེམས་མངོན་པར་བྱས་པ་རེད།
          དེ་རྗེས་ཞི་ཅིན་ཕིང་འབུམ་ཤོག་ཆེ་མོའི་ལས་ཁུངས་སུ་ཕེབས་ནས་ལས་ཁུངས་ཀྱི་ལས་བྱེད་པ་ཡོངས་དང་ཁོངས་གཏོགས་དཔུང་སྡེའི་ཐོན་རིམ་པ་ཡན་གྱི་ལས་བྱེད་པར་བྱམས་བརྩེའི་ངང་མཇལ་འཕྲད་གནང་བ་རེད། ཞི་ཅིན་ཕིང་གིས་འབུམ་ཤོག་ཆེ་མོའི་ལས་དོན་གྱི་གནས་ཚུལ་སྙན་སེང་གསན་རྗེས་གསུང་བཤད་གལ་ཆེན་གནང་ཞིང་། ཁོང་གིས་ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱེད་པར་དམ་འཛིན་ཡག་པོ་བྱས་ནས་དུས་རབས་འཕེལ་རྒྱས་ཀྱི་རྗེས་སྙེག་པ་དང་། འགན་འཁྲི་དང་ལས་འགན་ལ་དམིགས་པ། དཔོན་དམག་གི་དོན་དངོས་ལ་དམིགས་པ། དམིགས་སའི་རང་བཞིན་དང་ཕན་ནུས་རང་བཞིན་ཆེ་རུ་གཏོང་བ། གསལ་པོ་ཤེས་པ་དང་། མཐར་ཕྱིན་པ་ཤེས་པ། དོན་འཁྱོལ་བྱེད་པ་བཅས་ཀྱི་ཐད་ཤུགས་བརྒྱབ་སྟེ་ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་དཔུང་སྡེར་དོན་འཁྱོལ་ཡག་པོ་བྱེད་པའི་འགན་ལེན་བྱེད་པ་དང་དམག་དཔུང་སྟོབས་ཆེར་གཏོང་བའི་བྱ་གཞག་ལ་སྐུལ་འདེད་གཏོང་བའི་སྟོབས་ཤུགས་ཆེན་པོར་འགྱུར་བར་བྱེད་དགོས་པའི་ནན་བཤད་གནང་བ་རེད།