མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ཞི་ཅིན་ཕིང་གིས་པེ་ཅིང་དུ་འགན་སྒྲུབ་གསལ་ཞུ་གནང་བར་ཕེབས་པའི་ཚུའེ་ཧྲི་ཨན་ལ་མཇལ་
འཕྲད་གནང་བ།

གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 12ཚེས་18ཉིན། 16:16】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

          མི་དམངས་དྲ་བའི་འཕྲིན། ཟླ་12ཚེས་15ཉིན་གྱི་ཕྱི་དྲོ་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཀྲུང་ནན་ཧའེ་ཡིང་ཐའེ་རུ་པེ་ཅིང་དུ་འགན་སྒྲུབ་གསལ་ཞུ་གནང་བར་ཕེབས་པའི་ཨའོ་མོན་དམིགས་བསལ་སྲིད་འཛིན་ཁུལ་གྱི་སྲིད་འཛིན་དཔོན་ཚུའེ་ཧྲི་ཨན་ལ་མཇལ་འཕྲད་གནང་བ་དང་འབྲེལ་ཁོང་གིས་ཞུས་པའི་ཨའོ་མོན་གྱི་མིག་སྔའི་དུས་བབ་དང་དམིགས་བསལ་སྲིད་འཛིན་ཁུལ་སྲིད་གཞུང་གི་ལས་ཀའི་གནས་ཚུལ་སྙན་སེང་གསན་པ་རེད།
          ཞི་ཅིན་ཕིང་གིས་ལོ་གཅིག་རིང་སྲིད་འཛིན་དཔོན་ཚུའེ་ཧྲི་ཨན་གྱིས་ཨའོ་མོན་དམིགས་བསལ་སྲིད་འཛིན་ཁུལ་སྲིད་གཞུང་གི་སྣེ་ཁྲིད་ནས་ཁྲིམས་བཞིན་སྲིད་བསྐྱངས་ཏེ་དཔལ་འབྱོར་བརྟན་པོ་ཡོང་བ་དང་དམངས་འཚོར་ཕན་པའི་ལས་དོན་ལ་སྐུལ་འདེད་ཤུགས་ཆེན་གཏོང་བ་དང་། སྐབས་དྲུག་པའི་ཁྲིམས་འཛུགས་ལྷན་ཚོགས་ཀྱི་འདེམས་བསྐོ་བདེ་བླག་ངང་ལེགས་སྒྲུབ་བྱས་པ། ཐོལ་བྱུང་དོན་རྐྱེན་དང་འགྲན་སློང་སྣ་ཚོགས་ལ་ཁ་གཏད་གཟབ་ནན་གཅོག་པ། འཛུགས་སྐྲུན་བྱ་གཞག་ཁག་ལ་སྐུལ་འདེད་གཏོང་བ་བཅས་ལ་འཕེལ་རིམ་གསར་པ་བྱུང་ཡོད། ཀྲུང་དབྱང་གིས་སྲིད་འཛིན་དཔོན་ཚུའེ་ཧྲི་ཨན་དང་ཨའོ་མོན་དམིགས་བསལ་སྲིད་འཛིན་ཁུལ་སྲིད་གཞུང་གི་ལས་དོན་ལ་ཁས་ལེན་གང་ལེགས་བྱེད་ཀྱི་ཡོད་ཅེས་གསུངས་པ་རེད།
         ཞི་ཅིན་ཕིང་གིས་གྲོལ་ནས་ཡུན་རིང་མ་སོང་བའི་ཀྲུང་གུང་ཚོགས་ཆེན་བཅུ་དགུ་པའི་ཐོག་ཏང་དང་རྒྱལ་ཁབ་ཀྱི་ལས་དོན་ཁག་ལ་ཕྱོགས་ཡོངས་ནས་བཀོད་སྒྲིག་བྱས་ཡོད། སྲིད་འཛིན་དཔོན་གྱིས་རང་འགུལ་ངང་ཨའོ་མོན་དམིགས་བསལ་སྲིད་འཛིན་ཁུལ་དོ་དམ་བཅོས་སྐྱོང་ཚོགས་པའི་སྣེ་ཁྲིད་དེ་ཀྲུང་གུང་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་སློབ་སྦྱོང་དང་གོ་བ་གཏིང་ཟབ་ལེན་པ་དང་། ཀྲུང་དབྱང་སྒྲོག་འགྲེལ་ཚོགས་པས་ཨའོ་མོན་དུ་སྒྲོག་འགྲེལ་བྱེད་སྒོ་སྤེལ་རྒྱུར་གཞོགས་འདེགས་བྱས་ཏེ་ཨའོ་མོན་དང་མེས་རྒྱལ་བདེ་སྡུག་མཉམ་མྱོང་དང་མཉམ་དུ་འཕེལ་རྒྱས་འགྲོ་བའི་ཨའོ་མོན་ལས་རིགས་ཁག་གི་མི་སྣའི་སྤྱི་ཚོགས་ཀྱི་ཐུན་མོང་ངོས་འཛིན་གཅིག་མཐུན་ཐུབ་པ་བྱས་པས་ཕན་འབྲས་བཟང་པོ་ཐོན་ཡོད་ཅེས་མཛུབ་སྟོན་གནང་བ་རེད།
          ཞི་ཅིན་ཕིང་གིས་ངས་ཀྲུང་གུང་ཚོགས་ཆེན་བཅུ་དགུ་པའི་སྙན་སྒྲོན་ནང“‘རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས’མཐའ་འཁྱོངས་དང་མེས་རྒྱལ་གོང་བུ་གཅིག་གྱུར་ལ་སྐུལ་འདེད་གཏོང་རྒྱུ”དེ་དུས་རབས་གསར་པར་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་གཞི་རྩའི་མཛད་ཇུས་ཆེ་མོ་མཐའ་འཁྱོངས་དང་གོང་འཕེལ་གཏོང་བའི་ནང་དོན་གལ་ཆེན་ཞིག་ལ་གཏན་འཁེལ་བྱས་ཡོད། དེ་ཐོག་ནས་ཏང་དང་རྒྱལ་ཁབ་ཀྱི་ལས་དོན་གྱི་ཁྱོན་ཡོངས་ཁྲོད་ཤང་ཀང་དང་ཨའོ་མོན་གྱི་ལས་དོན་ལ་གནས་བབ་གལ་ཆེན་ལྡན་པ་མཚོན་ཡོད་ལ་ཀྲུང་དབྱང་གིས་ཤང་ཀང་དང་ཨའོ་མོན་གྱི་ལས་དོན་ལ་ཚད་མཐོའི་མཐོང་ཆེན་བྱེད་ལུགས་ཀྱང་མཚོན་ཡོད། ཀྲུང་དབྱང་གིས་བློ་བརྟན་འགྱུར་མེད་ངང“རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས”ཀྱི་བྱེད་ཕྱོགས་ལག་བསྟར་བྱས་ནས་ཨའོ་མོན་དམིགས་བསལ་སྲིད་འཛིན་ཁུལ་སྲིད་གཞུང་དང་སྲིད་འཛིན་དཔོན་གྱིས་ཁྲིམས་བཞིན་སྲིད་སྐྱོང་བ་དང་བྱ་སྤྱོད་ཧུར་ཐག་སྤེལ་རྒྱུར་རྒྱབ་སྐྱོར་བྱས་ཏེ་ཨའོ་མོན་འདི་ཉིད་རྒྱལ་ཁབ་འཕེལ་རྒྱས་ཀྱི་ཁྱོན་ཡོངས་ནང་མཉམ་འདྲེས་ཐུབ་རྒྱུར་རྒྱབ་སྐྱོར་བྱེད་རྒྱུ་ཡིན་ཞེས་ནན་བཤད་གནང་བ་རེད།