མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ཕྱི་འབྲེལ་པུས་ཨ་རིའི་རྒྱལ་ཁབ་ཀྱི་བདེ་འཇགས་འཐབ་ཇུས་སྙན་ཞུའི་ནང་ཀྲུང་གོ་དང་འབྲེལ་
བའི་ནང་དོན་བཀོད་པར་ཨ་ལན་སློག་པ། 

གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 12ཚེས་21ཉིན། 13:54】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

         མི་དམངས་དྲ་བའི་འཕྲིན། ཨ་རི་སྲིད་གཞུང་གིས་ཁྱབ་བསྒྲགས་བྱས་པའི་རྒྱལ་ཁབ་ཀྱི་བདེ་འཇགས་འཐབ་ཇུས་སྙན་ཞུའི་ནང་ཀྲུང་གོ་དང་འབྲེལ་བའི་ནང་དོན་བཀོད་པར་ཚེས་19ཉིན་ཕྱི་འབྲེལ་པུའི་མགྲིན་ཚབ་པ་ཧྭ་ཁྲུན་ཡིང་གིས་ཨ་རི་ཕྱོགས་ལ་ཀྲུང་གོ་ཕྱོགས་ཀྱི་འཐབ་ཇུས་འདོད་བློར་རྐང་བཙུགས་ནས་འཁྱོག་བཤད་བྱེད་མཚམས་འཇོག་པ་དང་འཇམ་འཐབ་ཀྱི་བསམ་གཞིག་དང“གཅིག་རྒྱལ་གཅིག་ཕམ”གྱི་བསམ་བློ་སོགས་དུས་ཚོད་ཡོལ་བའི་ལྟ་བ་སྤོང་རྒྱུའི་ཐད་ཀྲུང་གོ་ཕྱོགས་ཀྱིས་སྐུལ་མ་གཏོང་རྒྱུ་ཡིན་ཞེས་གསུངས་པ་རེད།
          ཉིན་དེའི་གསར་འགོད་པའི་འཆར་ཅན་ཚོགས་འདུའི་ཐོག་གསར་འགོད་པ་ཞིག་གིས་སྨྱན་སྦྱོར་གྱིས་གནས་ཚུལ་བཀོད་པར་གཞིགས་ན། ཚེས་18ཉིན་ཨ་རི་སྲིད་གཞུང་གིས་རྒྱལ་ཁབ་ཀྱི་བདེ་འཇགས་འཐབ་ཇུས་སྙན་ཞུ་ཁྱབ་བསྒྲགས་བྱས་པ་དེས་ཀྲུང་གོའི་ནང་སྲིད་དང་ཕྱི་འབྲེལ་སྲིད་ཇུས་ལ་སྐྱོན་བརྗོད་ཁག་མང་པོ་བྱས་ཡོད། ཀྲུང་གོ་སོགས་ཨ་རིའི་ཁེ་ཕན་གྱི་འགྲན་རྩོད་པར་བརྩིས་ཡོད། ཀྲུང་གོ་ཕྱོགས་ཀྱིས་དེའི་ཐད་དཔྱད་གཏམ་གང་ཞིག་སྤེལ་རྩིས་ཡོད་དམ་ཞེས་དྲིས།
          ཧྭ་ཁྲུན་ཡིང་གིས་ཀྲུང་གོ་མི་དམངས་ཀྱིས་རང་སོ་སོས་གདམ་ག་བྱས་པའི་འཕེལ་རྒྱས་ཀྱི་ལམ་བུ་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ལ་ཡིད་ཆེས་ཀྱིས་ཁེངས་ཡོད། དེ་ནི་ཀྲུང་གོའི་རྒྱལ་ཁབ་ཀྱི་གནས་ཚུལ་དང་འཚམ་པ་དང་རྒྱལ་ཁབ་འབྱོར་ཕྱུག་དང་མི་དམངས་བདེ་སྐྱིད་ལྡན་པའི་གྲུབ་འབྲས་ཐོབ་པའི་ཐབས་ལམ་ཞིག་ཡིན་པ་ལོ་རྒྱུས་དང་དོན་དངོས་ལས་ར་སྤྲོད་བྱས་ཡོད། ཀྲུང་གོར་ཐོབ་པའི་འཕེལ་རྒྱས་ཀྱི་གྲུབ་འབྲས་ནི་སྐྱེ་བོ་ཀུན་གྱིས་ཁས་ལེན་བྱེད་པ་ཞིག་ཡིན་པས་མི་སུ་འདྲ་ཞིག་དང་རྒྱལ་ཁབ་གང་རུང་ཞིག་གིས་དོན་དངོས་ལ་འཁྱོག་བཤད་བྱེད་པ་ནི་ཆོ་མེད་ཀྱི་ལས་ཀ་ཞིག་རེད། མི་སུ་འདྲ་ཞིག་དང་རྒྱལ་ཁབ་གང་རུང་ཞིག་གིས་ཀྱང་ཀྲུང་གོའི་མི་དམངས་ཀྱིས་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་ལམ་བུའི་ཐོག་བློ་བརྟན་འགྱུར་མེད་ངང་སྐྱོད་པ་དང་གྲུབ་འབྲས་དེ་བས་ཆེ་བ་ཐོབ་རྒྱུར་འགོག་རྐྱེན་བཟོ་མི་ཐུབ་ཅེས་གསུངས་པ་རེད།
      ཧྭ་ཁྲུན་ཡིང་གིས་ཀྲུང་གོས་རྒྱུན་འཁྱོངས་ལྷོད་མེད་ཀྱིས་ཞི་བདེ་འཕེལ་རྒྱས་ཀྱི་ལམ་བུའི་ཐོག་བསྐྱོད་དེ་བློ་བརྟན་འགྱུར་མེད་ངང་གཉིས་ཁེ་གཉིས་ཕན་གྱི་ཕྱི་ཕྱོགས་སྒོ་དབྱེའི་འཐབ་ཇུས་ལག་བསྟར་བྱེད་པ་དང་ཀྲུང་གོས་གོ་ལ་ཧྲིལ་པོའི་རོགས་ཟླའི་འབྲེལ་བ་འཕེལ་རྒྱས་ཧུར་ཐག་བཏང་ནས་རྒྱལ་ཁབ་ཁག་གི་ཁེ་ཕན་འདུ་ས་རྒྱ་ཆེར་གཏོང་བ་དང་རྒྱལ་ཁབ་ཆེ་མོའི་མཐུན་སྦྱོར་དང་མཉམ་ལས་ལ་སྐུལ་མ་བཏང་སྟེ་མཛའ་མཐུན་དང་། ལྷག་བསམ། ཕན་སྦྱར། ཁོང་ཡངས་བཅས་ཀྱི་འདུ་ཤེས་དང་ཁྱིམ་མཚེས་རྒྱལ་ཁབ་ལ་ཕན་འདོགས་པ་དང་ཁྱིམ་མཚེས་རྒྱལ་ཁབ་དང་འཆམ་མཐུན་བྱེད་པའི་མཐའ་འཁོར་གྱི་ཕྱི་འབྲེལ་བྱེད་ཕྱོགས་གཞིར་བཟུང་མཐའ་འཁོར་རྒྱལ་ཁབ་དང་འབྲེལ་བ་གཏིང་ཟབ་ཏུ་བཏང་སྟེ་ཡང་དག་པའི་དྲང་བདེན་དང་ཁེ་ཕན་གྱི་ལྟ་བ་དང་མཛའ་མཐུན་དང་ལྷག་བསམ་གྱི་འདུ་ཤེས་ཟབ་མོར་བརྟེན་ནས་ཨེ་ཤེ་ཡ་དང་། ཨ་ཧྥེ་རི་ཁ། ལ་ཏིང་མེ་གླིང་བཅས་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་དང་མཐུན་སྒྲིལ་མཉམ་ལས་བྱ་རྒྱུ་ཡིན། ཀྲུང་གོས་མཉམ་གྲོས་མཉམ་སྐྲུན་མཉམ་སྤྱོད་ཀྱི་གོ་ལ་ཧྲིལ་པོ་བཅོས་སྐྱོང་གྱི་ལྟ་བ་མཐའ་འཁྱོངས་ཀྱིས་རྒྱལ་སྤྱིའི་འབྲེལ་བ་དམངས་གཙོ་ཅན་ལ་འགྱུར་རྒྱུ་དར་སྤེལ་བཏང་ནས་རྒྱལ་ཁབ་ཆེ་ཆུང་དང་། དྲག་ཞན། དབུལ་ཕྱུག་བཅས་ལ་མི་བལྟོས་པར་ཚང་མ་འདྲ་མཉམ་དུ་འཛིན་ཏེ་མཉམ་འབྲེལ་རྒྱལ་ཚོགས་ཀྱིས་དགེ་མཚན་ལྡན་པའི་ནུས་པ་འདོན་སྤེལ་བྱ་རྒྱུར་རྒྱབ་སྐྱོར་དང་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཀྱི་རྒྱལ་སྤྱིའི་གནད་དོན་ཁྲོད་ཀྱི་ཚབ་བྱེད་རང་བཞིན་དང་སྐད་ཆ་ཤོད་དབང་རྒྱ་ཆེར་གཏོང་རྒྱུར་རྒྱབ་སྐྱོར་བྱ་རྒྱུ་ཡིན་ཞེས་གསུངས་པ་རེད།
      ཁོང་གིས་ཀྲུང་གོའི་ཐོག་མཐའ་བར་གསུམ་དུ་འཛམ་གླིང་ཞི་བདེ་སྐྲུན་མཁན་ཞིག་དང་། གོ་ལ་ཧྲིལ་པོ་འཕེལ་རྒྱས་འགྲོ་རྒྱུར་ལེགས་སྐྱེས་ཕུལ་མཁན་ཞིག རྒྱལ་སྤྱིའི་སྒྲིག་ལམ་སྲུང་མཁན་ཞིག་བཅས་ཡིན་པས་ཀྲུང་གོར་འཛམ་གླིང་ས་གནས་ཁག་གི་དཔལ་འབྱོར་དང་ཕྱི་འབྲེལ་བྱེད་སྒོའི་ནང་རྒྱལ་ཁབ་ཁག་གི་དགའ་བསུ་ཡོངས་ཁྱབ་ངང་ཐོབ་ཡོད། རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་དེའི་ཐད་མིག་མཐོང་ལག་ཟིན་ཐུབ་ཀྱི་ཡོད་པས་རྒྱལ་ཁབ་གང་རུང་ཞིག་དང་སྙན་ཞུ་ཟེར་བ་གང་རུང་ཞིག་གིས་དོན་དངོས་ལ་འཁྱོག་བཤད་དང་རྐང་བཙུགས་ནས་དམའ་འབེབས་བྱེད་པ་ཚང་མ་ནི་ངལ་བ་སྟོང་ཟད་ཅིག་རེད་ཅེས་གསུངས་པ་རེད།
     ཧྭ་ཁྲུན་ཡིང་གིས་རྒྱལ་ཁབ་ཆེ་མོ་གཉིས་ཡིན་པའི་ཀྲུང་གོ་དང་ཨ་རིའི་དབར་མི་མཐུན་པའི་ཆ་ཁག་གཅིག་ལྡན་པ་ནི་ཡ་མཚན་སྐྱེ་དགོས་པ་ཞིག་མིན། དེས་ན་ཕན་ཚུན་གྱི་ལྟེ་བའི་ཁེ་ཕན་དང་དོ་ཁུར་ཟབ་མོ་བྱེད་པར་བརྩི་འཇོག་བྱེད་པའི་རྨང་གཞིའི་ཐོག་དགེ་མཚན་ལྡན་པའི་བྱེད་ཐབས་ཐོག་ནས་ཐག་གཅོད་འོས་འཚམ་བྱེད་དགོས་ངེས་རེད། ཨ་རི་ཕྱོགས་ལ་ཀྲུང་གོ་ཕྱོགས་ཀྱི་འཐབ་ཇུས་འདོད་བློར་རྐང་བཙུགས་ནས་འཁྱོག་བཤད་བྱེད་མཚམས་འཇོག་པ་དང་འཇམ་འཐབ་ཀྱི་བསམ་ཕྱོགས་དང“གཅིག་རྒྱལ་གཅིག་ཕམ”གྱི་བསམ་བློ་སོགས་དུས་ཚོད་ཡོལ་བའི་ལྟ་བ་མ་སྤངས་ཚེ་གཞན་གནོད་རང་འཕུང་ཡོང་སྲིད་པ་ཀྲུང་གོ་ཕྱོགས་ཀྱིས་སྐུལ་མ་གཏོང་རྒྱུ་ཡིན་ཞེས་གསུངས་པ་རེད།
     ཧྭ་ཁྲུན་ཡིང་གིས“ཨ་རི་ཕྱོགས་ཀྱིས་དུས་རབས་ཀྱི་འཕེལ་ཕྱོགས་དང་དམངས་ཀྱི་བསམ་པ་ཕྱོགས་ས་དང་འཚམ་པ་བྱས་ཏེ་མིག་སྔའི་འཛམ་གླིང་དང་ཀྲུང་ཨའི་འབྲེལ་བར་དངོས་ཡོད་དང་ཚུལ་མཐུན་གྱི་སྒོ་ནས་ལྟ་སྟངས་འཛིན་པ་དང་འབྲེལ་ཡོད་ཁས་ལེན་དམ་སྲུང་གིས་ཀྲུང་གོ་ཕྱོགས་དང་ཁ་ཕྱོགས་གཅིག་གི་ཐོག་སྐྱོད་པ་དང་ཀྲུང་ཨའི་འབྲེལ་བ་སྐྱོན་བྲལ་ངང་འཕེལ་རྒྱས་བརྟན་པོ་འགྲོ་རྒྱུར་སྲུང་སྐྱོང་བྱ་རྒྱུ་ནི་རྒྱལ་ཁབ་གཉིས་པོའི་མི་དམངས་དང་འཛམ་གླིང་རྒྱལ་ཁབ་ཁག་གི་མི་དམངས་ཀྱི་ཁེ་ཕན་དང་མཐུན་པའི་གདམ་ག་ཡང་དག་ཅིག་རེད”ཅེས་གསུངས་པ་རེད།