མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ཞི་ཅིན་ཕིང་གིས་ཀམ་པི་ཡའི་ཙུང་ཐུང་པཱ་ལུའོ་དང་ལྷན་འཛོམས་གྲོས་མོལ་གནང་བ། 

གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 12ཚེས་23ཉིན། 12:47】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

༄༅།།ཞི་ཅིན་ཕིང་གིས་ཀམ་པི་ཡའི་ཙུང་ཐུང་པཱ་ལུའོ་དང་ལྷན་འཛོམས་གྲོས་མོལ་གནང་བ།

         མི་དམངས་དྲ་བའི་འཕྲིན། ཟླ་12ཚེས་21ཉིན་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་མི་དམངས་ཚོགས་ཁང་ཆེ་མོར་ཀྲུང་གོར་རྒྱལ་དོན་འཚམས་འདྲིར་ཕེབས་པའི་ཀམ་པི་ཡའི་ཙུང་ཐུང་པཱ་ལུའོ་དང་ལྷན་འཛོམས་གྲོས་མོལ་གནང་ཞིང་། རྒྱལ་ཁབ་གཉིས་པོའི་གཙོ་བདག་གིས་ཐུན་མོང་ཐོག་ཀྲུང་ཀམ་མཉམ་ལས་ཀྱི་འཆར་གཞི་གསར་པ་འཆར་འགོད་བྱས་ནས་ཕྱོགས་གཉིས་པོའི་འབྲེལ་བ་རྒྱུན་མཐུད་ངང་འཕེལ་རྒྱས་གཏིང་ཟབ་འགྲོ་རྒྱུར་སྐུལ་འདེད་གཏོང་རྒྱུའི་མོས་མཐུན་གཅིག་གྱུར་གནང་བ་རེད།
          ཞི་ཅིན་ཕིང་གིས་ན་ནིང་ཟླ་3པར་ཀྲུང་གོ་དང་ཀམ་པི་ཡ་དབར་འབྲེལ་བ་སླར་གསོ་བྱུང་ནས་རྒྱལ་ཁབ་གཉིས་པོའི་འབྲེལ་བའི་ལེའུ་གསར་པའི་འགོ་རྩོམ་ཡོད། དོན་དངོས་ལས་ར་སྤྲོད་བྱུང་བར། ཀམ་པི་ཡ་ཕྱོགས་ཀྱིས་ཀྲུང་གོ་དང་འབྲེལ་བ་སླར་གསོ་བྱ་རྒྱུའི་གཏན་འཁེལ་བྱས་པ་དེ་ནི་དུས་རབས་ཀྱི་འཕེལ་རྒྱས་རླབས་རྒྱུན་དང་མཐུན་པ་དང་རྒྱལ་ཁབ་གཉིས་པོ་དང་རྒྱལ་ཁབ་གཉིས་པོའི་མི་དམངས་ཀྱི་གཞི་རྩའི་ཁེ་ཕན་དང་མཐུན་པ་ཞིག་ཡིན་པས་ཡང་དག་པའི་གདམ་ག་ཞིག་ཡིན། ལོ་གཅིག་ལྷག་ཙམ་རིང་ཕྱོགས་གཉིས་པོས་ཁྱབ་ཁོངས་ཁག་གི་སྤེལ་རེས་དང་མཉམ་ལས་ལ་ཕྱོགས་ཡོངས་ནས་སྐུལ་འདེད་བཏང་བ་དང་མཉམ་ལས་གྲུབ་འབྲས་ལས་རྒྱལ་ཁབ་གཉིས་པོའི་མི་དམངས་ལ་དངོས་ཕན་ཐོབ་ཡོད་ཅེས་གསུངས་པ་རེད།
         ཞི་ཅིན་ཕིང་གིས་ཀྲུང་གོ་ཕྱོགས་ཀྱིས་ཀམ་པི་ཡ་ཕྱོགས་དང་མཉམ་དུ་རྒྱལ་ཁབ་གཉིས་པོའི་འབྲེལ་བའི་འཕེལ་ཕྱོགས་བཟང་པོ་རྒྱུན་འཁྱོངས་བྱས་ཏེ་ཕྱོགས་གཉིས་པོའི་གཉིས་ཁེ་མཉམ་ལས་བརྟན་པོ་དང་ཡུན་རིང་ཡོང་བ་དང་རྒྱལ་ཁབ་གཉིས་པོའི་མི་དམངས་ལ་ཕན་བདེ་ཡུན་རིང་དང་ནུས་ལྡན་བསྐྲུན་འདོད་ཡོད། ཀྲུང་གོ་གཅིག་གི་རྩ་དོན་དང་རྒྱལ་ཁབ་གཉིས་པོའི་མཛའ་མཐུན་གྱི་ཁ་ཕྱོགས་ཆེན་པོ་སྟངས་འཛིན་ནན་པོ་བྱས་ཏེ་ཕན་ཚུན་གྱི་ལྟེ་བའི་ཁེ་ཕན་དང་འབྲེལ་བ་དང་དོ་ཁུར་ཆེན་པོ་བྱེད་པའི་གནད་དོན་ཐད་ཕན་ཚུན་བསམ་ཤེས་དང་རྒྱབ་སྐྱོར་བྱས་ནས་དུས་ནམ་ཡང་ལྷག་བསམ་ཟོལ་མེད་དང་མཛའ་མཐུན་དང་། ལྟ་སྟངས་འདྲ་མཉམ་འཛིན་པའི་གྲོགས་པོ་ཡག་པོ་དང་རོགས་ཟླ་ཡག་པོ་བྱེད་དགོས། རྒྱལ་ཁབ་གཉིས་པོའི་སྲིད་གཞུང་དང་། སྲིད་ཏང་། ཁྲིམས་འཛུགས་སྒྲིག་གཞི་བཅས་དབར་སྤེལ་རེས་ཟབ་ཏུ་བཏང་སྟེ་རྒྱལ་སྲིད་སྐྱོང་ལུགས་སྐོར་གྱི་ཉམས་མྱོང་སྤེལ་རེས་ལ་ཤུགས་སྣོན་རྒྱག་དགོས། ཀྲུང་གོ་ཕྱོགས་ཀྱིས་ཞིང་ལས་དང་། གློག་ཤུགས། རྨང་གཞིའི་སྒྲིག་བཀོད་སོགས་ཁྱབ་ཁོངས་ཐད་ཕྱོགས་གཉིས་པོའི་མཉམ་ལས་ལ་མཐོང་ཆེན་བྱེད་པ་དང་ཀམ་པི་ཡ་ཕྱོགས་ལ་རང་བརྟེན་ནུས་པ་ཆེ་རུ་བཏང་ནས་རྒྱུན་བསྲིང་འཕེལ་རྒྱས་ཐུབ་རྒྱུར་རོགས་རམ་བྱེད་འདོད་ཡོད། ཕྱོགས་གཉིས་པོས་རིག་གནས་དང་། སློབ་གསོ། གསར་འགྱུར་སྨྱན་སྦྱོར། གཞོན་ནུ། བུད་མེད། འཕྲོད་བསྟེན། ཡུལ་སྐོར་སོགས་རིགས་ཁག་གི་དམངས་ཁྲོད་སྤེལ་རེས་ལ་ཤུགས་སྣོན་བརྒྱབ་སྟེ་ཐུན་མོང་ཐོག་ཁུང་ཙི་སློབ་གླིང་ཡག་པོ་བཙུགས་ནས་རྒྱལ་ཁབ་གཉིས་པོའི་མཛའ་མཐུན་གྱི་དམངས་སེམས་རྨང་གཞི་བརྟན་པོ་འདིང་དགོས། ཀྲུང་གོ་ཕྱོགས་ཀྱིས་ཀམ་པི་ཡ་ཕྱོགས་དང་མཉམ་དུ་བདེ་འཇགས་ཁྱབ་ཁོངས་མཉམ་ལས་ལ་ཤུགས་སྣོན་རྒྱག་པ་དང་རྒྱལ་སྤྱི་དང་ས་གནས་ཀྱི་ལས་དོན་ཁྲོད་འབྲེལ་གཏུག་དང་མཐུན་སྦྱོར་བྱ་རྒྱུར་ཤུགས་སྣོན་བརྒྱབ་ནས་ཨ་ཧྥེ་རི་ཁ་ནུབ་མའི་ས་ཁུལ་གྱི་ཞི་བདེ་དང་བརྟན་ལྷིང་ལ་སྲུང་སྐྱོང་བྱ་ཆེད་ལེགས་སྐྱེས་འབུལ་འདོད་ཡོད་ཅེས་ནན་བཤད་གནང་བ་རེད།
         ཞི་ཅིན་ཕིང་གིས་ཀྲུང་གོ་དང་ཨ་ཧྥེ་རི་ཁ་ནི་གྲོགས་པོ་ཡག་པོ་དང་། རོགས་ཟླ་ཡག་པོ། གཅེན་གཅུང་ཡག་པོ་བཅས་ཡིན། ཀྲུང་གུང་ཚོགས་ཆེན་བཅུ་དགུ་པའི་ཐོག་ཀྲུང་གོས་རྒྱལ་ཁབ་ཁག་དང་མཉམ་དུ་རྒྱལ་སྤྱིའི་འབྲེལ་བ་གསར་པ་དང་མིའི་རིགས་ཀྱི་ལས་དབང་གཅིག་མཐུན་འདུས་གྲུབ་བསྐྲུན་རྒྱུར་གཞོལ་ཏེ་ཡང་དག་པའི་དྲང་བདེན་དང་ཁེ་ཕན་གྱི་ལྟ་བ་དང་བདེན་དངོས་བརྩེ་གསུམ་དང་ཟོལ་མེད་ཀྱི་འདུ་ཤེས་བཅངས་ནས་ཨ་ཧྥེ་རི་ཁ་ཚུད་པའི་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་དང་མཐུན་སྒྲིལ་མཉམ་ལས་བྱ་རྒྱུར་ཤུགས་སྣོན་རྒྱག་རྒྱུ་ཡིན་ལུགས་བཏོན་ཡོད། ཀྲུང་གོའི་ཕྱི་ཕྱོགས་མཉམ་ལས་ཐད་རྒྱལ་ཁབ་གཞན་དག་གི་ནང་སྲིད་ལ་ཐེ་ཇུས་བྱེད་པའི་ཆབ་སྲིད་ཀྱི་ཆ་རྐྱེན་གང་རུང་ཟུར་སྣོན་བྱེད་མི་སྲིད། ཀྲུང་གོ་དང་ཨ་ཧྥེ་རི་ཁའི་མཉམ་ལས་ཀྱི་དོན་སྙིང་ནི་ཀྲུང་གོའི་འཕེལ་རྒྱས་དང་ཨ་ཧྥེ་རི་ཁ་འཕེལ་རྒྱས་འགྲོ་རྒྱུར་རོགས་རམ་བྱ་རྒྱུ་དང་ཟུང་འབྲེལ་དམ་ཟབ་བྱས་ཏེ་མཉམ་ལས་གཉིས་ཁེ་དང་ཐུན་མོང་འཕེལ་རྒྱས་ཡོང་བ་བྱ་རྒྱུ་དེ་ཡིན། ཀྲུང་གོ་འཕེལ་རྒྱས་ཇི་འདྲ་བྱུང་བ་དང་རྒྱལ་སྤྱིའི་གནས་ཚུལ་ལ་འགྱུར་ལྡོག་ཇི་འདྲ་བྱུང་རུང་ཀྲུང་གོས་སྔ་ཕྱི་བར་གསུམ་དུ་ཨ་ཧྥེ་རི་ཁ་སོགས་རྒྱ་ཆེའི་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་དང་མཉམ་དུ་ལངས་ཏེ་དུས་ནམ་ཡང་ཨ་ཧྥེ་རི་ཁའི་ལྷག་བསམ་ཟོལ་མེད་ཀྱི་གྲོགས་པོ་དང་བློས་འགེལ་ཆོག་པའི་རོགས་ཟླ་བྱ་རྒྱུ་ཡིན་ཞེས་གསུངས་པ་རེད།
         པཱ་ལུའོ་ཡིས་ཀམ་པི་ཡས་རླབས་ཆེན་ཀྲུང་གོའི་ལྷག་བསམ་ཟོལ་མེད་ཀྱི་མཛའ་མཐུན་ལ་གཅེས་སྤྲས་བྱེད་ཀྱི་ཡོད། ཀྲུང་གོ་སྲིད་གཞུང་དང་མི་དམངས་ཀྱིས་དུས་རབས་གོང་མའི་ལོ་རབས་བདུན་ཅུ་པ་དང་ལྷག་པར་དུ་འབྲེལ་བ་སླར་གསོ་བྱས་ཚུན་ཀམ་པི་ཡར་སྒེར་སེམས་མེད་པར་རོགས་རམ་བྱས་པར་ཐུགས་རྗེ་ཆེ་ཞུ་རྒྱུ་དང་འབྲེལ་དུས་ནམ་ཡང་བརྗེད་མི་སྲིད། ཀྲུང་གོ་ཕྱོགས་ཀྱིས་ཞིང་ལས་དང་འཕྲོད་བསྟེན་སོགས་ཁྱབ་ཁོངས་ལ་རྒྱབ་སྐྱོར་ཤུགས་ཆེན་བྱས་པ་ལས་ཀམ་པི་ཡའི་རྒྱལ་ཁབ་འཕེལ་རྒྱས་དང་དམངས་འཚོའི་བྱ་གཞག་ལ་སྐུལ་མ་ཐེབས་པ་མ་ཟད། ངས་ཀྱང་དེ་སྔ་ཀྲུང་གོའི་སྨན་བཅོས་རུ་ཁག་གི་སྨན་བཅོས་དང་ལེན་བྱེད་མྱོང་ཡོད། ཀམ་པི་ཡ་མི་དམངས་ཀྱིས་ཀྲུང་གོར་བརྩི་འཇོག་བྱེད་ཀྱི་ཡོད། ཀམ་ཀྲུང་འབྲེལ་བ་སླར་གསོ་བྱུང་བ་དེ་ཀམ་པི་ཡའི་མི་དམངས་ཀྱི་འདོད་འདུན་དང་རྦད་དེ་མཐུན་པས་ཀམ་པི་ཡས་ཀྲུང་གོ་གཅིག་གི་སྲིད་ཇུས་མཐའ་གཅིག་ཏུ་ལག་ལེན་བསྟར་ཏེ་རྒྱལ་ཁབ་གཉིས་པོའི་དཔལ་འབྱོར་ཉོ་ཚོང་དང་། ཞིང་ལས། གློག་ཤུགས། རྨང་གཞིའི་སྒྲིག་བཀོད། སློབ་གསོ། ཡུལ་སྐོར་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་དོན་གཉེར་དང་སྤྱི་ཚོགས་ཀྱི་རིག་གནས་སྣང་ཚུལ་སྣ་ཚོགས་ཀྱི་སྤེལ་རེས་ལ་ཤུགས་སྣོན་རྒྱག་པ་དང་འབྲེལ་མུ་མཐུད་རྒྱལ་སྤྱིའི་ལས་དོན་ཁྲོད་འབྲེལ་གཏུག་དང་མཐུན་སྦྱོར་བྱེད་འདོད་ཡོད་ཅེས་གསུངས་པ་རེད།