མི་དམངས་དྲ་བ།

༄༅།།ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱིས་དམངས་གཙོའི་འཚོ་བའི་ཚོགས་འདུ་འཚོགས་པ།

གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 12ཚེས་28ཉིན། 13:23】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

          མི་དམངས་དྲ་བའི་འཕྲིན། ཚོགས་འདུའི་ཐོག་བསྟན་དོན། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་ནི་རང་རེའི་ཏང་གི་རིགས་པའི་གཞུང་ལུགས་གསར་གཏོད་ཀྱི་གྲུབ་འབྲས་གསར་ཤོས་ཤིག་ཡིན་ལ་དེང་རབས་ཀྲུང་གོའི་མར་ཁེ་སི་རིང་ལུགས་དང་དུས་རབས་21པའི་མར་ཁེ་སི་རིང་ལུགས་ཤིག་ཡིན། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་འདི་ཉིད་ཏང་གིས་ངེས་པར་དུ་ཡུན་རིང་མཐའ་འཁྱོངས་བྱེད་དགོས་པའི་མཛུབ་ཁྲིད་དགོངས་པར་བརྩིས་པ་དེ་ནི་ལོ་རྒྱུས་ཀྱི་འགོ་འཛུགས་ས་གསར་པའི་ཐོག་རླབས་ཆེན་གྱི་འཐབ་རྩོད་སྤེལ་བ་དང་། རླབས་ཆེན་གྱི་འདུ་འགོད་འཛུགས་སྐྱོང་བྱེད་པ། རླབས་ཆེན་གྱི་བྱ་གཞག་ལ་སྐུལ་འདེད་གཏོང་བ། རླབས་ཆེན་གྱི་ཕུགས་འདུན་མངོན་འགྱུར་བྱེད་པ་བཅས་ཀྱི་ངོས་ནས་བརྗོད་ཚེ་དངོས་ཡོད་ཀྱི་དོན་སྙིང་གལ་ཆེན་དང་ལོ་རྒྱུས་ཀྱི་དོན་སྙིང་གཏིང་ཟབ་ལྡན་ཡོད།
         ཞི་ཅིན་ཕིང་གིས་ནན་བཤད་གནང་དོན། ཏང་གི་ཚོགས་ཆེན་བཅུ་དགུ་པའི་ཐོག་ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་འཕེལ་རྒྱས་ཀྱི་ཁ་ཕྱོགས་གསལ་སྟོན་བྱས་ནས་ཀྲུང་གོའི་མི་འབོར་དུང་ཕྱུར་13ལྷག་ཙམ་ཐེག་པའི་གྲུ་གཟིངས་ཆེན་པོ་མདུན་སྐྱོད་བྱེད་ཆེད་ཆུ་ལམ་སྟོན་རྟགས་གསར་པ་ཞིག་བསླངས་ཡོད་ལ་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་འགྲུབ་ཕྱིར་རུབ་འཛོམས་དུང་བརྡ་ཡང་བསྒྲགས་ཡོད། ཐབས་ཇུས་དང་འཆར་གཞི་ཡག་པོ་ཡོད་པས་འགག་རྩ་ནི་དོན་འཁྱོལ་བྱེད་རྒྱུར་ཐུག་ཡོད།
         ཞི་ཅིན་ཕིང་གིས་ནན་བཤད་གནང་དོན། “སྤྱོད་ཚུལ་བཞིའི”གནད་དོན་ལ་མཁྲེགས་བཟུང་རང་བཞིན་དང་བསྐྱར་སྐོར་རང་བཞིན་ཆེན་པོ་ལྡན་ཡོད། “སྤྱོད་ཚུལ་བཞི”ཡོ་བསྲང་བྱེད་མཚམས་འཇོག་མི་རུང་བར་སྤྱོད་ཚུལ་འཛུགས་སྐྱོང་ལ་ནམ་ཡང་ཚར་དུས་མེད། ཕྱི་ཚུལ་རིང་ལུགས་དང་དཔོན་ཉམས་རིང་ལུགས་གཉིས་རང་རེའི་ཏང་གི་ངོ་བོའི་དམིགས་ཡུལ་དང་སྤྱོད་ཚུལ་བཟང་པོ་དང་གཏན་ནས་མཐུན་ཐབས་མེད་པར་རང་རེའི་ཏང་དང་མི་དམངས་ཀྱི་དགྲ་དགྲ་ནག་རེད། ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་བློ་མཐུན་ཚོས་ངེས་པར་དུ་སྣེ་འཁྲིད་ཀྱིས་ཡང་དག་པའི་སྲིད་དོན་བྱས་རྗེས་ཀྱི་ལྟ་བ་ཡང་དག་བཙུགས་ནས་ཐོག་མཐའ་བར་གསུམ་དུ་མི་དྲང་པོ་ཞིག་བྱེད་པ་དང་། སྐད་ཆ་དྲང་པོ་ཤོད་པ། ལས་ཀ་དྲང་པོ་བྱེད་པ་བཅས་བྱས་ཏེ་རང་རྟོགས་ངང་ཕྱི་ཚུལ་རིང་ལུགས་དང་དཔོན་ཉམས་རིང་ལུགས་ལ་ངོ་རྒོལ་བྱེད་དགོས།
        ཞི་ཅིན་ཕིང་གིས་མཛུབ་སྟོན་གནང་དོན། བརྟག་དཔྱད་ཞིབ་འཇུག་བྱ་རྒྱུ་ནི་རང་རེའི་ཏང་གི་ཕ་ནོར་ཞིག་དང་ལས་དོན་མཐའ་དག་ཡག་པོ་སྒྲུབ་པའི་གཞི་རྩའི་ནུས་རྩལ་ཞིག་རེད། ཏང་ཡོངས་སུ་བརྟག་དཔྱད་ཞིབ་འཇུག་བྱེད་པའི་རྣམ་པ་དར་བ་བྱས་ཏེ་ཏང་ཡོངས་སུ་དངོས་སྒྲུབ་ལ་བརྩི་མཐོང་དང་། སྟོང་གཏམ་སྤོངས་བ། གནད་སྨིན་ཤུགས་འདོན་བཅས་བྱས་ནས་སྒྱུར་འཕེལ་བརྟན་གསུམ་གྱི་ལས་འགན་ཁག་དོན་འཁྱོལ་དང་མི་སེར་ལ་ཕན་པ་ཐོབ་པའི་ལས་དོན་ཁག་ལག་ལེན་ཏན་ཏིག་བསྟར་ནས་ཏང་ཀྲུང་དབྱང་གི་མཛད་ཇུས་གལ་ཆེན་དང་ཐབས་ཇུས་བཀོད་སྒྲིག་གཞི་རིམ་དུ་རྩ་བ་བརྟན་ཚུགས་ཡོང་རྒྱུར་སྐུལ་མ་གཏོང་དགོས།
         ཞི་ཅིན་ཕིང་གིས་ནན་བཤད་གནང་དོན། ཐོག་མའི་བསམ་འདུན་མ་བརྗེད་པར་འགན་འཁྲི་བློ་ལ་བརྟན་པོ་འཆང་རྒྱུ་དེ་དང་ཐོག་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་བློ་མཐུན་ནས་འགོ་འཛུགས་དགོས། གོ་གནས་ཇི་ཙམ་མཐོ་བ་ཡོད་པ་དེ་ཙམ་གྱིས་མི་དམངས་ལ་ལྷག་བསམ་རྣམ་དག་དང་བློ་གཅིག་སེམས་གཅིག་གིས་མི་དམངས་ལ་ཞབས་འདེགས་ཞུ་དགོས། བཅའ་ཁྲིམས་དང་སྒྲིག་ཁྲིམས་ལ་གུས་སྐྲག་དང་རང་གཅུན་ཐུབ་པ་བྱས་ནས་སྤྱོད་གཙང་རང་གཅུན་ཐད་མིག་དཔེ་བསྟན་ཚེ་ཕྲག་ཐོག་གི་འགན་འཁྲི་ལྕི་པོ་དེ་གཞི་ནས་འཁུར་ཐུབ།
        ཞི་ཅིན་ཕིང་གིས་མཛུབ་སྟོན་གནང་དོན། རང་རེའི་ཏང་ནི་སེམས་ཁྲལ་ཁྲོད་དུ་དར་བ་དང་། སེམས་ཁྲལ་ཁྲོད་དུ་འཚར་ལོངས་བྱུང་བ། སེམས་ཁྲལ་ཁྲོད་དུ་སྟོབས་ཆེར་སོང་བའི་སྲིད་ཏང་ཞིག་རེད། ཀྲུང་གོ་གུང་ཁྲན་ཏང་མི་མི་རབས་དང་མི་རབས་ཀྱིས་སེམས་ཁྲལ་དང་ཕྲག་ཐོག་ཏུ་འགན་འཁྲི་ལྕི་པོ་ཁུར་ཚེ་གཞི་ནས་ཀྲུང་གོ་མི་དམངས་ལ་མཐུན་སྒྲིལ་སྣེ་ཁྲིད་ཀྱིས་རྒྱལ་ཁ་ནས་རྒྱལ་ཁ་གསར་པའི་ཕྱོགས་སུ་ཟམ་མི་ཆད་པར་བསྐྱོད་ཐུབ།