མི་དམངས་དྲ་བ།

༄༅།།ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱིས་དམངས་གཙོའི་འཚོ་བའི་ཚོགས་འདུ་འཚོགས་པ།

གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 12ཚེས་28ཉིན། 13:53】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

༄༅།།ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱིས་དམངས་གཙོའི་འཚོ་བའི་ཚོགས་འདུ་འཚོགས་པ།

         མི་དམངས་དྲ་བའི་འཕྲིན། ཟླ་12ཚེས་25དང་26ཉིན་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱིས་དམངས་གཙོའི་འཚོ་བའི་ཚོགས་འདུ་འཚོགས་ནས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་སློབ་སྦྱོང་དང་ལག་བསྟར་ནན་ཏན་དང་། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་དབང་གྲགས་དང་གཅིག་སྡུད་གཅིག་གྱུར་གྱི་འགོ་ཁྲིད་ལ་བློ་བརྟན་འགྱུར་མེད་ངང་སྲུང་སྐྱོང་། ཏང་གི་ཚོགས་ཆེན་བཅུ་དགུ་པའི་ཐབས་ཇུས་བཀོད་སྒྲིག་ཁག་ཕྱོགས་ཡོངས་ནས་ལག་བསྟར་བྱ་རྒྱུ་བཅས་བརྗོད་དོན་གཙོ་བོར་བྱས་ནས་《ཏང་ཀྲུང་དབྱང་གི་གཅིག་སྡུད་གཅིག་གྱུར་གྱི་འགོ་ཁྲིད་ལ་ཤུགས་སྣོན་དང་སྲུང་སྐྱོང་བྱེད་རྒྱུའི་སྐོར་གྱི་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་གཏན་འབེབས་འགའ་ཞིག་》དང་《ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱིས་ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ལག་བསྟར་དོན་འཁྱོལ་བྱེད་རྒྱུའི་ལག་བསྟར་ཞིབ་སྲོལ་》ལ་གཙོ་གནད་ཐོག་ཞིབ་བསྡུར་བྱས་ཏེ་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ལས་དོན་དང་ཟུང་འབྲེལ་དང་། སྣེ་ཁྲིད་དེ་ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ལག་བསྟར་བྱེད་པའི་དོན་དངོས་དང་ཟུང་འབྲེལ། ཏང་གི་ཚོགས་ཆེན་བཅུ་དགུ་པའི་ཐབས་ཇུས་བཀོད་སྒྲིག་ལ་དམ་འཛིན་ནན་པོ་བྱེད་པའི་དོན་དངོས་དང་ཟུང་འབྲེལ་བཅས་བྱས་ཏེ་རང་སྐྱོན་རང་བཤེར་དང་། ཏང་གཤིས་ལ་དབྱེ་ཞིབ་བྱས་ནས་སྐྱོན་བརྗོད་དང་རང་སྐྱོན་རང་བརྗོད་གནང་བ་རེད།
        ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཚོགས་འདུ་གཙོ་སྐྱོང་གནང་བ་དང་འབྲེལ་གསུང་བཤད་གལ་ཆེན་ཡང་གནང་བ་རེད།
        ཚོགས་འདུ་མ་འཚོག་གོང་འབྲེལ་ཡོད་ཕྱོགས་ཀྱིས་གྲ་སྒྲིག་གང་ལེགས་བྱས་ཡོད་ཅིང་། ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་བློ་མཐུན་གྱིས་འབྲེལ་ཡོད་འགན་ཁུར་བློ་མཐུན་དང་སྤེལ་རེས་གླེང་མོལ་གནང་ནས་བརྗོད་དོན་གཙོ་བོར་དམིགས་ཏེ་གནད་དོན་བཙལ་འཚོལ་གནང་བ་དང་འབྲེལ་གཏམ་བཤད་ཡི་གེ་བྲིས་གནང་བ་རེད། ཚོགས་འདུའི་ཐོག་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་བློ་མཐུན་རེ་རེ་བཞིན་གྱིས་གཏམ་བཤད་གནང་ནས་བླང་བྱ་གཞིར་བཟུང་ཞིབ་བསྡུར་སྐྱོན་བཤེར་གནང་བ་རེད། ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་བློ་མཐུན་གྱི་གཏམ་བཤད་ཀྱི་ངོས་འཛིན་ཟབ་པ་དང་། མྱོང་ཚོར་ཏན་ཏིག བཤེར་འདོན་ནན་པོ། དགོངས་འཆར་ལྷག་བསམ་རྣམ་དག་བཅས་ཡོད་པས་བསམ་བློ་གཅིག་གྱུར་དང་། ཁ་ཕྱོགས་གསལ་སྟོན། སྟོབས་ཤུགས་གཅིག་སྒྲིལ་བཅས་ཀྱི་དམིགས་ཚད་དུ་སླེབས་ཡོད་ལ་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་གོང་བུ་འགྲིལ་ནུས་དང་། དམག་འཐབ་ནུས་པ། བློ་ཁ་ཕྱོགས་ཤུགས་བཅས་ཆེ་རུ་ཕྱིན་ཡོད་པ་རེད།
         ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་བློ་མཐུན་གྱི་གཏམ་བཤད་ནང་གཙོ་གནད་ཁག་བཞི་ཁོང་དུ་ཆུད་པ་དང་མངོན་པ་སྟེ། གཅིག་ནི་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་སྣེ་ཁྲིད་དེ་སློབ་སྦྱོང་དང་ལག་བསྟར་བྱས་ནས་གསལ་པོ་ཤེས་པ་དང་། མཐར་ཕྱིན་པ་ཤེས་པ། དོན་འཁྱོལ་ཏན་ཏིག་བྱེད་པ་བཅས་དངོས་འབྲེལ་ཐུབ་པ་བྱས་པ་དང་། གཉིས་ནི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཏང་ཀྲུང་དབྱང་གི་སྲོག་ཤིང་དང་ཏང་ཡོངས་ཀྱི་སྲོག་ཤིང་གི་གནས་བབ་སྣེ་ཁྲིད་དེ་སྲུང་སྐྱོང་བྱས་པ། གསུམ་ནི་ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་དང་ལག་བསྟར་ཞིབ་སྲོལ་ལ་སྣེ་ཁྲིད་དེ་བརྩི་སྲུང་དང་ལག་བསྟར་བྱས་པ། བཞི་ནི་ཏང་གི་ཚོགས་ཆེན་བཅུ་དགུ་པའི་ཐབས་ཇུས་བཀོད་སྒྲིག་གི་སྣེ་ཁྲིད་དེ་ལག་བསྟར་དོན་འཁྱོལ་བྱས་པའི་གནས་ཚུལ་དང་ཏན་ཏན་ཏིག་ཏིག་གི་བྱ་ཐབས་དངོས་འབྲེལ་འདོན་ཐུབ་པ་བཅས་བྱས་པ་རེད།
        ཚོགས་འདུའི་ཐོག་བསྟན་དོན། ཏང་གི་ཚོགས་ཆེན་བཅུ་དགུ་པའི་ཐོག་དུས་རབས་གསར་པར་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་མཐའ་འཁྱོངས་དང་གོང་འཕེལ་གཏོང་རྒྱུའི་སྐོར་གྱི་རིགས་པའི་གཞུང་ལུགས་གལ་ཆེན་དང་ལག་ལེན་གྱི་གནད་དོན་རབ་དང་རིམ་པའི་ཐད་སྲིད་དོན་མཛད་ཇུས་ཆེ་མོ་རབ་དང་རིམ་པ་རྒྱས་བཤད་བྱས་ནས་ཏང་དང་རྒྱལ་ཁབ་ཀྱི་ལས་དོན་ཁག་ལ་སྐུལ་འདེད་གཏོང་ཆེད་འཐབ་ཇུས་བཀོད་སྒྲིག་གཏན་འབེབས་བྱས་ཡོད་ཅིང་། དེ་ནི་རང་རེའི་ཏང་གིས་དུས་རབས་གསར་པར་རྒྱང་སྐྱོད་ཀྱི་ལམ་བུ་གསར་པ་འབྱེད་པ་དང་ལེའུ་གསར་པ་མུ་མཐུད་རྩོམ་པའི་ཆབ་སྲིད་ཀྱི་བསྒྲགས་གཏམ་དང་བྱ་སྤྱོད་ཀྱི་རྩ་འཛིན་ཞིག་ཡིན།
         ཚོགས་འདུའི་ཐོག་ནན་བཤད་བྱས་དོན། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་ཏང་ཡོངས་དང་རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ལ་མཐུན་སྒྲིལ་སྣེ་ཁྲིད་ཀྱིས་དཀའ་ངལ་གདོང་ལེན་དང་གསར་འབྱེད་ཡར་བརྩོན་བྱས་པས་ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་ཁག་ལ་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་ཐོབ་ཡོད་ལ་ལོ་རྒྱུས་རང་བཞིན་གྱི་འཕོ་འགྱུར་ཡང་བྱུང་ཡོད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་འཕེལ་རྒྱས་ལ་འགོ་ཁྲིད་དང་། ལོ་རྒྱུས་ཀྱི་ཁྱད་ཆོས་གསར་པ་མང་པོ་ལྡན་པའི་རླབས་ཆེན་གྱི་འཐབ་རྩོད་སྤེལ་རྒྱུར་འགོ་ཁྲིད་གནང་བའི་བརྒྱུད་རིམ་ནང་འགྱུར་མེད་ཀྱི་དད་མོས་དད་སེམས་དང་། ཧ་ཅང་གསལ་བའི་མི་དམངས་ཀྱི་ལངས་ཕྱོགས། ཁྱད་དུ་འཕགས་པའི་ཆབ་སྲིད་ཀྱི་བློ་གྲོས། ཞུམ་མེད་ཀྱི་བློ་སྟོབས་དང་ཀུན་སྤྱོད། ཤུགས་ཆེའི་ལོ་རྒྱུས་ཀྱི་འགན་འཁྲི་འཁུར་སེམས། ཧ་ཅང་མཁས་པའི་ཆབ་སྲིད་ཀྱི་སྒྱུ་རྩལ་བཅས་མངོན་ཡོད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་ཏང་ཀྲུང་དབྱང་གི་སྲོག་ཤིང་དང་ཏང་ཡོངས་ཀྱི་སྲོག་ཤིང་ཡིན་པའི་ངོས་ནས་ཏང་སེམས་ཕྱོགས་ཡུལ་དང་དམངས་སེམས་གཏད་ཡུལ་ཞིག་ཏུ་གྱུར་ཡོད།