མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ཀྲུང་གོ་དང་ཨུ་རུ་སུ་རྒྱལ་ཁབ་གཉིས་པོའི་གཙོ་བདག་གིས་ཕན་ཚུན་ལོ་གསར་གྱི་རྟེན་འབྲེལ་
གློག་འཕྲིན་སྤྲིངས་པ།

གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 01ཚེས་02ཉིན། 09:42】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

         མི་དམངས་དྲ་བའི་འཕྲིན། ཟླ་12ཚེས་31ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་དང་ཨུ་རུ་སུའི་ཙུང་ཐུང་ཕུའུ་ཅིང་རྣམ་གཉིས་ཀྱིས་ཕན་ཚུན་ལོ་གསར་གྱི་རྟེན་འབྲེལ་གློག་འཕྲིན་སྤྲིངས་པ་རེད།
         རྟེན་འབྲེལ་གློག་འཕྲིན་ནང་ཞི་ཅིན་ཕིང་གིས་ཀྲུང་གོ་སྲིད་གཞུང་དང་ཀྲུང་གོ་མི་དམངས་ཀྱི་ཚབ་ཞུས་ནས་ཙུང་ཐུང་ཕུའུ་ཅིང་དང་ཨུ་རུ་སུའི་མི་དམངས་ལ་ཟོལ་མེད་ཀྱི་བཀྲ་ཤིས་བདེ་ལེགས་དང་སྨོན་འདུན་བཟང་པོ་ཞུས་ཡོད་ཅིང་། ཞི་ཅིན་ཕིང་གིས་2017ལོར་ཕྱིར་དྲན་བྱེད་སྐབས་ཀྲུང་ཨུ་རྒྱལ་ཁབ་གཉིས་པོའི་ཕྱོགས་ཡོངས་ཀྱི་འཐབ་ཇུས་རོགས་ལས་རོགས་ཟླའི་འབྲེལ་བ་ཆུ་ཚད་གསར་པའི་ཐོག་འཕེལ་རྒྱས་གལ་ཆེན་གསར་པ་བྱུང་ཡོད། ཕྱོགས་གཉིས་པོས་ཕན་ཚུན་དབར་འབྲེལ་བ་ཡོད་པའི་ལྟེ་བའི་ཁེ་ཕན་གྱི་གནད་དོན་ཐད་ཕན་ཚུན་བློ་བརྟན་འགྱུར་མེད་ངང་རྒྱབ་སྐྱོར་བྱེད་པ་དང་། “རྒྱུད་གཅིག་ལམ་གཅིག”འཛུགས་སྐྲུན་དང་ཡོ་རོབ་དང་ཨེ་ཤེ་ཡའི་དཔལ་འབྱོར་མནའ་འབྲེལ་སྦྲེལ་མཐུད་མཉམ་ལས་ཐད་དུས་འགོའི་གྲུབ་འབྲས་གལ་ཆེན་ཐོབ་པ། རྒྱལ་ཁབ་གཉིས་པོའི་འཐབ་ཇུས་རང་བཞིན་གྱི་རྣམ་གྲངས་ཆེན་པོའི་མཉམ་ལས་བརྟན་ཐོག་ཡར་འཕེལ་བྱུང་བ། གསར་གཏོད་དང་། ཞིང་ལས། ས་གནས་བཅས་ཀྱི་མཉམ་ལས་ལ་རྒྱུན་ཆད་མེད་པར་སྒུལ་ནུས་གསར་པ་འཕེལ་བ། སྨྱན་སྦྱོར་གྱི་སྤེལ་རེས་ལོ་ལེགས་གྲུབ་ལྡན་པའི་ངང་མཇུག་འགྲིལ་བ། སྤྱི་ཚོགས་ཀྱི་རིག་གནས་སྣང་ཚུལ་སྣ་ཚོགས་ཀྱི་མཉམ་ལས་དབྱར་མཚོ་རྒྱས་པ་བཞིན་སྤེལ་བ། རྒྱལ་ཁབ་གཉིས་པོའི་མཛའ་མཐུན་གྱི་དམངས་འདོད་རྨང་གཞི་དེ་བས་བརྟན་དུ་ཕྱིན་པ། རྒྱལ་སྤྱི་དང་ས་ཁུལ་གྱི་བྱ་བའི་ནང་ཕྱོགས་གཉིས་པོས་ཟབ་ལ་ནུས་ལྡན་གྱི་མཐུན་སྦྱོར་གཞོགས་འདེགས་རྒྱུན་འཁྱོངས་བྱེད་པ་བཅས་བྱས་ཏེ་འཛམ་གླིང་ཞི་བདེ་དང་བརྟན་ལྷིང་སྲུང་སྐྱོང་བྱེད་ཆེད་ལེགས་སྐྱེས་གལ་ཆེན་ཕུལ་ཡོད་ཅེས་གསུངས་པ་རེད།
         ཞི་ཅིན་ཕིང་གིས་ལོ་གསར་པའི་ནང་ངས་མུ་མཐུད་ཁྱེད་དང་ལྷན་དུ་ལག་སྦྲེལ་འབད་བརྩོན་བྱས་ཏེ་ཀྲུང་ཨུ་རྒྱལ་ཁབ་གཉིས་པོའི་ཆབ་སྲིད་དང་འཐབ་ཇུས་ཐད་ཕན་ཚུན་ཡིད་ཆེས་བརྟན་དུ་གཏོང་བ་དང་། ཀྲུང་ཨུ་རྒྱལ་ཁབ་གཉིས་པོའི་ཕྱོགས་ཡོངས་ཀྱི་དོན་གཉེར་མཉམ་ལས་རྒྱ་ཆེར་གཏོང་བ། ཀྲུང་ཨུ་རྒྱལ་ཁབ་གཉིས་པོའི་རྒྱལ་སྤྱིའི་འཐབ་ཇུས་རོགས་ལས་ལ་སྐུལ་འདེད་གཏོང་བ་བཅས་བྱས་ནས་ཐུན་མོང་ཐོག་རྒྱལ་ཁབ་གཉིས་པོའི་འབྲེལ་བའི་འཕེལ་རྒྱས་ཐད་གྲུབ་འབྲས་གསར་པ་ཐོབ་རྒྱུར་སྣེ་ཁྲིད་བྱེད་འདོད་ཡོད་ཅེས་མཛུབ་སྟོན་གནང་བ་རེད།
         རྟེན་འབྲེལ་གློག་འཕྲིན་ནང་ཕུའུ་ཅིང་གིས་ཀྲུའུ་ཞི་ཞི་ཅིན་ཕིང་ལ་ལོ་གསར་གྱི་བཀྲ་ཤིས་བདེ་ལེགས་ཞུས་པ་དང་ཆབས་ཅིག་ཀྲུང་གོ་མི་དམངས་ཡོངས་བདེ་སྐྱིད་ཁམས་བདེ་ཡོང་བའི་སྨོན་འདུན་ཡང་ཞུས་ཡོད་ཅིང་། ཕུའུ་ཅིང་གིས་འདས་མ་ཐག་པའི་ལོ་གཅིག་ནང་ཨུ་ཀྲུང་རྒྱལ་ཁབ་གཉིས་པོའི་འབྲེལ་བའི་འཕེལ་རྒྱས་ཐད་གྲུབ་འབྲས་གསར་པ་ཐོབ་ཡོད། ཕྱོགས་གཉིས་པོའི་ཉོ་ཚོང་དངུལ་གྲངས་འཕར་མངོན་གསལ་དོད་དུ་ཕྱིན་པ་དང་། ཚན་རྩལ་དང་། རིག་གནས། སྤྱི་ཚོགས་ཀྱི་རིག་གནས་སྣང་ཚུལ་སྣ་ཚོགས་བཅས་ཀྱི་ཁྱབ་ཁོངས་སུ་སྤེལ་རེས་དབྱར་མཚོ་རྒྱས་པ་བཞིན་བྱས་ཡོད། དེའི་ཐད་ང་རང་བློ་ཡིད་ཚིམ་པོ་བྱུང་། ཨུ་ཀྲུང་རྒྱལ་ཁབ་གཉིས་པོས་རྒྱལ་སྤྱིའི་བྱ་བའི་ནང་ཕན་ནུས་ལྡན་པའི་རོགས་ལས་བྱས་ཏེ་རྒྱལ་སྤྱིའི་གླེང་མང་བའི་གནད་དོན་ཐག་གཅོད་བྱེད་ཕྱིར་ལེགས་སྐྱེས་གལ་ཆེན་ཕུལ་ཡོད་ཅེས་གསུངས་པ་རེད།